གནས་ཚུལ་མཁོ་སྤྲོད་པ། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༨ ཟླ་༣ ཚེས་༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཡས་མས་སུ་བོད་མདོ་སྨད་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་ཐོག་ཚེ་ཁོ། རང་ལོ་༤༤ ཡིན་པ་ཁོང་གིས་རང་ལུས་མེར་སྲེག་གནང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག ཚེ་ཁོ་ལགས་ནི་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་མ་སྡེ་བ་ཡིན་ཞིང་། ཕ་མིང་ལ་ཀ་དག་དང་མ་མིང་སྐྱིད་ལྷ་ཡིན་པ་ཕ་མ་གཉིས་ཀ་གྲོངས་ཚར་ཡོད་འདུག ཁོང་ཆུང་ཆུང་སྐབས་གནམ་མཚོ་དགོན་པར་གྲྭ་པ་བྱས་ཡོད་པ་དང་རྗེས་སུ་གྲྭ་ལོག་བྱས་ནས་ཁྱིམ་ཐབ་བཟུང་ཡོད་ཀྱང་བཟའ་ཟླའི་མིང་དང་ཕྲུ་གུ་ཅི་ཡོད་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།
དེ་མིན་ཕྱི་ལོ་༢༠༠༨ ལོར་ཁོང་གི་ཕ་གཅིག་གི་སྤུན་གནམ་མཚོ་དགོན་གྱི་གྲྭ་ས་སྙིང་ལགས་བཙོན་ཁང་གི་མནར་གཅོད་འོག་ནད་གཅོང་ཆགས་ནས་གསོན་པའི་རེ་བ་མེད་པར་གྱུར་རྗེས་གློད་གྲོལ་ཙམ་བྱུང་ཡང་། དྲག་བསྐྱེད་མ་བྱུང་བར་ཟླ་བ་ཁ་ཤས་རྗེས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཡང་ཕ་གཅིག་གི་སྤུན་སྐབས་དེའི་གནམ་མཚོ་དགོན་གྱི་དགེ་སྐུལ་ཡིན་པ་ཨུ་རྒྱན་རྒྱ་མཚོ་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༨ ཟླ་༣ ཚེས་༨ ལ།
བདེ་སྡུག་ཚོར་བས་བཅིངས་པའི་ཤ་ཁྲག་ལུས།།
སྲེག་ཟར་བྱིན་པའི་གཏམ་གྱིས་སྙིང་ཡང་འབིགས།།
དཀའ་བ་བརྒྱ་ཕྲག་སྤྱད་པའི་སྐྱེས་བུ་ཁྱོད།།
བདེ་ལྡན་གྲུ་འཛིན་ཞིང་དུ་སྐྱེ་བར་ཤོར།།
དེ་རིང་རྙེད་པའི་བོད་ལུས་འདི། །
རིན་ཆེན་རྡོ་རྗེ་ཕ་ལམ་ལྷག །
རང་བཙན་དབུས་ལམ་གང་གི་ཡང་། །
ཆེད་དུ་སྲེག་པར་བྱ་ཕྱིར་མིན། །
་
དལ་འབྱོར་དོན་ཡོད་བྱ་ཕྱིར་ཆོས་ལ་བརྩོན། །
རང་བཙན་དབུས་ལམ་སྒྲུབ་ཕྱིར་དེ་སྲུངས་བྱ། །
གཞིས་བྱེས་འཛོམས་དང་སྐད་ཡིག་དར་སྤེལ་དང་། །
མི་རིགས་རྒྱུན་གནས་ཕྱིར་དུ་ལུས་མ་བསྲེག །
མི་ལུས་རིན་ཆེན་དལ་འབྱོར་བསྟེན་བཟང་འདི་།
ལན་གཅིག་སྙེད་པ་དོན་ཆེན་ཤེས་རྒྱུར་ནས་།
རྒྱལ་ཁབ་མི་རིགས་རྩ་དོན་མེར་བསྲེགས་ཕུལ་།
སྐལ་པ་སྟོང་དུ་བྱང་ཆེན་ས་ལམ་ཐོབ་།