ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཟླ་སྔོན་མའི་ཚེས་༢༠ ཡས་མས་ཤིག་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ། རང་ལོ་ ༤༥ ཙམ་ཡིན་པ་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་ཅིང་དོན་དག་ཅིའི་ཕྱིར་འཛིན་བཟུང་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ། དགེ་
བསྐོས་དཀོན་མེ་ལགས་ནི་སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་བའི་གླང་ཚང་ཡིན་ཞིང་། ཆུང་ཆུང་སྐབས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་པ་ཞིག་ཡིན།
དེ་མིན་ཉིན་ཤས་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན། ལོ་༡༠ ལྷག་ལ་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཀྱང་ཁོང་གི་གཟུགས་པོའི་གནས་སྟངས་སོགས་གསལ་པོ་ཤེས་རྟོགས་མ་བྱུང་། ཁོང་ནི་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ལ་བསྙད་བཏགས་ནས་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་འཛིན་བཟུང་བྱས་ཏེ་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་བཅུ་གསུམ་གྱི་བཙོན་འཇུག་ཐག་གཅོད་བྱས་ཏེ་ཉེ་ཆར་ལོ་༡༠ ལྷག་འདས་རྗེས་དུས་ཡུན་མ་ཚང་གོང་གློད་གྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༤ ལ།