གསར་འགོད་པ། ཨ་རིག་འགྱུར་མེད།
ཉེ་ཆར་རྡོར་གདན་ནས་མགོ་བཙུགས་པའི་བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅེས་པ། གནས་མཆོག་རྡོ་རྗེ་གདན་དང་ཝ་ར་ཎ་སི། རྩ་མཆོག་དྲུང་། ལིམྦི་ནི་སོགས་ནང་འི་གནས་ཆེན་ཁག་ལ་བཞི་ལ་བསྐྱོད་དེ། ཁ་སང་ཚེས་ ༣༠ ཉིན་ངྷ་ས་ནས་མཇུག་བསྡུས་ཡོད་འདུག
ཕྱི་ཟླ་ ༡ ཚེས་ ༩ ཉིན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་སྣེ་ཁྲིད་འོག འཇར་མན་ནས་ཡིན་པའི་སྐུ་ཞབས་ཇོ་ཧཱ་ལེམ་ཊོན་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་བཀྲ་ཤིས་རྣམ་རྒྱལ། གྲྭ་དཀོན་མཆོག་ནོར་བུ་བཅས་ཀྱིས་རྡོ་རྗེ་གདན་ནས་ ༼བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་༽ཅིག་འགོ་འཛུགས་ཀྱིས་རྒྱ་གར་དང་བལ་ཡུལ་བརྒྱུད་ཝ་ར་ཎ་སི་དང་རྩ་མཆོག་དྲུང་། ལིམྦི་ནེ་སོགས་ནང་པའི་གནས་ཆེན་ཁག་བཅས་ལ་གོམ་བགྲོད་ཀྱིས་ད་ལྟ་ངྷ་སར་འབྱོར་ཏེ། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ སྟེང་རྣམ་རྒྱལ་གྲྭ་ཚང་དང་། ཀིརྟི་བྱེས་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་གདན་ཞུས་ཐོག ཐེག་ཆེན་གཙུག་ལག་ཁང་དུ་བོད་ནང་ཞི་བདེ་དང་། བོད་བསྟན་སྲིད་ཆེད་རང་སྲོག་ཤོར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞུས་སོང་།
གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་གྲུབ་རྗེས་། སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཐོག གོམ་བགྲོད་མཇུག་སྡོམ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། ཐོག་མར་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གོམ་བགྲོད་བྱས་པའི་དགོས་པ་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། བོད་ཀྱི་རྩ་དོན་ལ་བོད་པ་མི་རེ་ངོ་རེས་རང་འགན་རང་འཁུར་བྱ་དགོས་པ་སོགས་ཀྱི་སྐོར་ནས་ཁོང་གིས། “བོད་ཀྱི་རྩ་དོན་ནི་བོད་པ་ཚང་མའི་རྩ་དོན་ཞིག་ཡིན་སྟབས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལ་སྒུག་ནས་མ་བསྡད་པར། སོ་སོའི་ནུས་པ་ལ་དཔག་པའི་འགན་འཁུར་དགོས།” ཞེས་བརྗོད་སོང་།
མཇུག་བསྡོམས་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་གི་སྲས་མོས་སྣེ་ཁྲིད་པའི་གོམ་བགྲོད་འདི་ནི་བོད་ནང་གི་ཛ་དྲག་གནས་བབ་ཀྱི་དུས་ནང་སྤེལ་པ་ནི་དུས་དང་འཚམ་ཞིང་། བོད་ནང་གི་བོད་མི་ཚོར་སེམས་ཤུགས་སྤེལ་རྒྱུར་ཕན་ངེས་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་ཀྱིས་ཁོང་ཚོར་ཐུགས་རྗེ་ཞེས་གསུངས་སོང་ལ། ཁོང་གིས་ “ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་རྒྱའི་བཙོན་འོག་ཏུ་ལོ་ ༢༠ ལྷག་རིང་ལྷག་མྱོང་ཡོད་པ་དང་། བཙན་བྱོལ་དུ་ཕེབས་རྗེས་སྤྱི་འཐུས་ནང་དུས་ཡིན་རིང་པོར་ཕྱག་ལས་གནང་མཁན་ཞིག་ཡིན་ལ། མདོར་ན་ཁོང་གི་མི་ཚེ་གང་བོར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལས་བསྐྱོན་གནང་ཡོད་པར་བོད་མི་ཚང་མས་ཤེས་དགོས” ཞེས་གསུངས་སོང་།
ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ སྟེང་ཁོང་རྣམ་པས་གཙོས་བཞུགས་སྒར་ཁུལ་གྱི་མི་མང་གིས་མེག་གྷན་རླངས་འཁོར་འབབ་ཚུགས་ནས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་དཔའ་བོའི་རྡོ་རིང་བར་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་ལ། དེ་ནི་རྒྱ་ནག་གི་བོད་བཙན་བཟུང་བྱས་པ་ནས་བོད་བསྟན་སྲིད་ཆེད་དུ་ཚེ་ཤོག་ཤོར་བ་རྣམས་དང་། རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས། ལྷག་པར་དུ་ཉེ་བའི་ཆར་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་ཡིན་འདུག
བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅེས་པའི་ལས་འགུལ་དེ་ཕྱི་ཚེས་ ༩ ཉིན་དུས་དབང་ཐེངས་ ༣༢ གནང་བཞིན་པའི་སྐབས། བཅོལ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ཡུལ་གནས་མཆོག་རྡོ་རྗེ་གདན་ནས་མགོ་བཙུགས་ཏེ། བདེན་བཞིའི་ཆོས་འཁོར་སྐོར་ཡུལ་ཝ་རཱ་ནཱ་སི། སྐུ་མྱ་ངན་ལས་འདས་ཡུལ་རྩ་མཆོག་དྲུང་། སངས་རྒྱས་སྐུ་འཁྲུངས་ཡུལ་ལུམ་བྷི་ནེ་བཅས་ནང་པའི་གནས་ཆེན་བཞིར་གོམ་བགྲོད་ཐོག བོད་ནང་ཞི་བདེ་དང་རང་དབང་ཞེས་པའི་སྨོན་འདུན་འོག བོད་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་པ་རྣམས་དང་། རྒྱའི་བཙོན་འོག་ཏུ་དཀའ་སྡུག་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས། ལྷག་པར་དུ་ཉེ་ལམ་ནས་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པར་བཀའ་དྲིན་རྗེས་དྲན་དང་། སྐུ་བཤེགས་རྣམ་པའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་སོགས་རྣམ་དཀར་དགེ་སྒྲུབ་ཀྱི་ལས་འགུལ་ཁག་ཅིག་སྤེལ་ཡོད་པ་རེད།
ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། གོམ་བགྲོད་ཀྱི་ལམ་བར་ནས་བོད་རིགས་འདུས་སྡོད་ཀྱི་ས་གནས་གང་དུ་སླེབས་སྐབས། ས་གནས་བོད་མི་དང་། གཞོན་ནུ། བུད་མེད་སོགས་ས་གནས་ཚོགས་པ་ཁག་གིས་སྣེ་ལེན་དང་། མཉམ་ཞུགས་ཐོག་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རིགས་རིམ་པར་སྤེལ་ཡོད་ཀྱང་། ལུམ་བྷི་ནེ་རུ་བལ་ཡུལ་ཉེན་རྟོག་པས་བཀག་སྡོམ་འོག་བསྔོ་སྨོན་མཆོད་འབུལ་རིགས་ལས། ལས་འགུལ་སྤེལ་བཅུག་མེད་པར་མ་ཟད། བོད་ཀྱི་རྒྱལ་དར་དང་གོམ་བགྲོད་པའི་འཕྲེད་དར་སོགས་བཀག་འགོག་ཕྱིར་བསྡུ་བྱེད་དུ་བཅུག་སོང་ཟེར།
གོམ་བགྲོད་པ་ཚོར་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་པའི་སྐོར་དྲིས་པར་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་གིས་ཁོང་ཚོ་གོམ་བགྲོད་པ་བཞི་ལ་དམིགས་བསམ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་ཡོད་ལ། ཁོང་གིས་ “བོད་ནང་དུ་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། ཐུན་མོང་གི་འབོད་ཚིག་གཅིག་ནི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་འདི་རེད། འོན་ཀྱང་། སྐུ་བཤེགས་དཔའ་བོ་དཔའ་མོ་ཁོང་ཚོའི་མི་ཚེའི་ནང་༧གོང་ས་མཆོག་ལ་མཇལ་ཐུབ་མེད་སྟབས་ཁོང་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་བྱེད་དགོས།” གསུངས་པ་ལྟར། རྡོ་རྗེ་གདན་ནས་སྟོན་པའི་སྐུ་བརྙན་ཞིག་བླུས་ཏེ། ༸གོང་ས་མཆོག་གི་དྲུང་ནས་བྱིན་འཇུག་དང་གོམ་བགྲོད་སྐབས་གནས་ཆེན་ཁག་ལ་གདན་འདྲེན་གྱིས་སྐུ་བཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་བྱས་ཡོད་ཟེར།
ཁོང་ཚོས་གོམ་བགྲོད་སྐབས་འགྲེམ་སྤེལ་བྱས་པའི་ཡིག་ཆའི་ནང་། བུ་མོ་རྣམ་རྒྱལ་སྒྲོལ་དཀར་གྱིས་ང་རང་བཙན་བྱོལ་རང་དབང་ལུང་པར་འཚར་ལོངས་བྱུང་ཞིང། བླ་ན་མེད་པའི་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་གཟི་བྱིན་འོག་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་བཙན་བྱོལ་གྱི་མི་རབས་གསུམ་པ་ཞིག་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་ཅན་གྱི་སྔོན་བྱོན་སྐྱེས་ཆེན་རྣམ་པ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམ་པ་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས། ལྷག་པར་དུ་ཡབ་དམ་པ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་རྒྱའི་བཙོན་ཁང་ནང་མི་ལོ་ཉི་ཤུ་ལྷག་རིང་དཀའ་སྡུག་གི་འཚོ་བ་མྱངས་པའི་བརྒྱུད་རིམ་དག་ལ་བསམ་སྟེ། བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་འབྲང་མི་རབས་གསར་པ་ཚོ་ད་ལྟའི་བར་གསོན་ཡོད་ལ་དུས་ནམ་ཡང་གསོན་ངེས་ཡིན་ཞེས་རྒྱ་ནག་ལ་བརྡ་ལན་དང་རང་ཉིད་ཀྱིས་དམ་བཅའ་བཟུང་ཡོད་པར་གསལ་འདུག
སྐུ་ཞབས་ཇོ་ཧཱ་མེལ་ཊོན་ལགས་ཀྱིས་ “ང་ཚོས་བོད་དོན་རྒྱབ་སྐྱོར་བྱེད་ཀྱིན་པ་ནི་བོད་ནང་གི་བོད་མི་ཚོའི་ཆེད་དུ་ཡིན་ལ། བོད་ནང་གི་བོད་མི་ཚོའི་ཆེད་ང་རང་གིས་དུས་ནམ་ཡང་འཐབ་རྩོད་བྱ་ངེས་ཡིན། ”ཞེས་བརྗོད་སོང་།
བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅེས་པའི་གོམ་བགྲོད་པ་བཞི་ནི། ལོ་ ༢༠ ལྷག་རྒྱའི་བཙོན་འོག་ཏུ་ལྷག་མྱོག་པའི་ཆབ་སྲིད་བཙོན་ཟུར་དང་། ༧གོང་ས་མཆོག་གིས་ཐད་བསྐོེས་སྤྱི་ཟུར། བོད་རྒྱལ་བཙན་པོའི་གདུང་རབས་ལྷ་རྒྱ་རི་ཁྲི་ཐོག་ ༡༧ པ་རྣམ་རྒྱལ་རྒྱ་མཚོ་མཆོག་གི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་དང་། འཇར་མན་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་། གཞས་པ་དང་གཞས་ཚིག་རྩོམ་པ་པོ་སྐུ་ཞབས་ཇོ་ཧཱ་མེལ་ཊོན་ (Joe Hamilton)། ལ་དྭགས་ནས་ཡིན་པའི་གྲྭ་དཀོན་མཆོག་ནོར་བུ། ལ་དྭགས་ནས་ཡིན་ཞིང་ད་ལྟ་ཅོན་ཊ་ར་བོད་ཁྱིམ་སློབ་ཕྲུག་ཡིན་པའི་བཀྲ་ཤིས་རྣམ་རྒྱལ་བཅས་ཡིན་འདུག
ན་ཆུང་མཐོ་སློབ་བུ་མོ་འདི་དང་ལས་རོགས་ཚང་མའི་སེམས་ནང་གི་རེ་དམིགས་ཁྱད་པར་ཅན་དང་། དཔའ་བོ་དཔའ་མོ་རྣམས་པར་བཅིངས་བའི་ལྷག་བསམ་ལ་བསྟོད་བསྔགས་དང་ཡི་རངས་མི་ཞུ་ག་མེད་རེད།
ལང་ཚོ་དང་སེམས་ཤུགས་གི་མེ་ལྕེ་ལྷམ་ལྷམ་འབར་བའི་གཞོན་ནུ་མ་རྣམ་རྒྱལ་སྒྲོལ་གར་ལགས།
ཁྱེད་ཀྱི་གོམ་བགྲོད་རེ་རེའི་རྐང་རྗེས་རེ་རེ་ན་ལྟ་ན་སྡུག་པའི་མེ་ཏོག་དང་ཡིད་དུ་འོང་བའི་འབྲས་བུ་རེ་རེ་བཞད་ཡོད།
ན་ཆུང་བུ་མོ་འདི་དང་གྷོ་པལ་པོལ་བོད་ཁྱིམ་ནས་ཡིན་པའི་སློབ་ཕྲུག་གསུམ་གྱིས་རང་རིགས་ཆེད་དུ་དཀའ་སྡུག་ལ་ཁྱད་དུ་བསད་ནས་འདི་ལྟར་རླབས་ཆེན་གྱི་་ལས་འགུལ་སྤེལ་བ་མཐོང་བ་དུས། དགའ་སྐྱོ་ཟུང་འབྲེལ་གྱི་མིག་ཆུ་རང་དབང་མེད་པར་ཤོར། དེ་ཡང་ཕྱོགས་གཅིག་ནས་བསམ་ན་རང་རིགས་རྣམས་ནི་ཁྱིམ་གཞིས་མེད་པའི་དྭ་ཕྲུག་དང་གཅིག་མཚུངས་ཡིན་ལ། ཕྱོགས་གཞནས་ནས་བྱེས་འབྱོར་བོད་མི་མང་པོ་ཞིག་རང་ཉིད་ལ་གནས་སྐབས་རིང་ཟས་གོས་ལ་དཀལ་ངལ་ཅི་ཡང་མེད་པས་ད་དུང་ཡང་གཉིད་དུ་ཉལ་ནས་བསྡད་པས་ཡིན།