བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་བསྡུ་སྒྲིག་བྱས།
ཕྱི་ལོ ༢༠༡༣ ལོའི་ཟླ་ ༦ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་འགས་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཆབ་སྲིད་དགེ་རྒན་ཚེ་དཔའ་སྟོབས་ལྡན་ལགས་ཀྱིས། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གསར་བ་ལེ་ཧེ་ཉིན་གཙོ་བྱས། ལས་ཁུངས་སོ་སོའི་འགོ་ཁྲིད་མཉམ་རུབ་ཀྱིས་བོད་ཁུལ་འཕེལ་རྒྱས་དང་། བདེ་འཇགས་ལ་དམིགས་ཏེ་གཏན་འཁེལ་བྱས་པའི་སྲིད་ཇུས་གསར་བའི་ཡིག་ཆ་ཟེར་བ་ཞིག་ཚོད་ལྟའི་ཚུལ་གྱིས་འཆད་ཁྲིད་བྱས་ཡོད་པ་དང་།
ཡིག་ཆའི་ནང་དོན་གཙོ་བོ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་དར་སྤེལ་དང་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས། སྤྱི་ཚོགས་ལ་ཞབས་འདེགས། བོད་ཁུལ་བདེ་འཇགས་ལ་དམིགས་ཏེ་བཟོས་པར་བཤད་པ་དང་། དུས་ཚོད་གཅིག་རིང་འཆད་ཁྲིད་བྱས་པའི་རིང་། ནང་བསྟན་ཆོས་ལུགས་འཛམ་གླིང་དུ་དར་ཚུལ་དང་བོད་ཡུལ་དུ་དར་ཚུལ། བོད་ཡུལ་དུ་དར་ཚུལ་ལའང་བཙན་པོའི་རྒྱལ་རབས་སྐབས་དང་། སོག་པོའི་ཡོན་རྒྱལ་རབས་སྐབས། རྒྱ་ནག་མིང་རྒྱལ་རབས་སྐབས། མན་ཇིའི་རྒྱལ་རབས་ཀྱི་སྐབས་སོགས་དང་སྦྱར་ཏེ་རྒྱལ་རབས་དེ་དག་སྐབས་ཀྱི་ནང་བསྟན་དར་རྒུད་ནི་རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་འབྲེལ་ཡོད་པ་དང་། མ་འོངས་ནང་བསྟན་ཆོས་ལུགས་ཀྱི་དར་རྒུད་ཀྱང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་འབྲེལ་ཡོད་པ་དང་། ཆབ་སྲིད་ཀྱི་རྒྱབ་སྐྱོར་བྲལ་བའི་ཆོས་ལུགས་ཤིག་འཕེལ་རྒྱས་སུ་འགྲོ་ཁེགས་པོ་ཡིན་པས། བོད་ཀྱི་རྒྱ་ཆེའི་དད་ལྡན་མི་མང་དང་གྲྭ་བཙུན་དག་གིས་ཀྱང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་སྲུང་སྐྱོབ། བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཁེ་དབང་འོག་ནས་ནང་བསྟན་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པ་དང་། བདེ་འཇགས་མེད་པའི་དགོན་སྡེ་དག་ལ་གོང་རིམ་ལས་བྱེད་ཀྱིས་ནང་ཁུལ་བདེ་འཇགས་ལ་བཙན་བཀའ་མི་གཏོང་བར་བདེ་འཇགས་ཡོང་བར་ཞབས་ཞུ་སྒྲུབ་དགོས་པ་དང་། བདེ་འཇགས་སུ་གྱུར་རྗེས་ལས་བྱེད་མི་སྣ་དགོན་པའི་ནང་གཏན་སྡོད་མི་བྱེད་པར་ཕྱིར་འཐེན་བྱེད་དགོས་པ་དང་། དགོན་པར་བདེ་འཇགས་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་ཅེས་དང་།
ཕྱི་ལོ་ ༢༠༠༨ ནས་ད་ལོ་བར་གྱི་ལོ་ངོ་བཞིའི་རིང་ཏང་གི་ཆོས་ལུགས་སྲིད་ཇུས་བྱེད་ཕྱོགས་གཡོན་ལྷུང་བྱུང་སྟེ། བླ་མ་དང་དགེ་བའི་བཤེས་གཉེན། གྲྭ་བཙུན་དག་ལ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་ཆོས་གོས་གྱོན་པའི་སྤྱང་ཀི་ལ་སོགས་པའི་ཚད་ལས་བརྒལ་བའི་སྡིགས་དམོད་དང་། ཁ་མིང་མཚན་མིང་བཏགས་ཏེ་དགག་པ་གཏོང་དགོས་པའི་སྲིད་ཇུས་བྱུང་མྱོང་། དུས་ད་ནས་བཟུང་ཆོས་ལུགས་པ་ཡིན་ན་རྒྱལ་དབང་བཅུ་བཞི་པ་མཆོག་ལ་སྡིགས་དམོད་གཏོང་མི་དགོས་ལ། སྡིགས་དམོད་དང་དགག་པ་གཏོང་དགོས་པའི་བཀའ་དང་བཙན་ཡང་གོང་རིམ་ན་མེད། ཆོས་ལུགས་ཀྱི་ཐད་ནས་རྒྱལ་དབང་བཅུ་བཞི་པ་མཆོག་ལ་དད་པ་དང་གུས་བཀུར་བྱས་ཆོག་ལ། རྗེས་སུའང་འབྲང་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཐད་ནས་ཁོང་གི་རྗེས་སུ་འབྲང་མི་ཆོག ཆོས་དང་ཆབ་སྲིད་གཉིས་སོ་སོར་དབྱེ་ནས་འགྲོ་དགོས་ཚུལ་བཅས་དང་། དགོན་པས་རང་གི་བདེ་འཇགས་རང་ཐག་རང་གཅོད་ཆོག་ཚུལ་དང་གོང་རིམ་ལས་བྱེད་ཀྱིང་དགོན་པར་ཞབས་ཞུ་སྒྲུབ་སྟངས་སོགས་ཀྱི་ཐད་ནས་ཀྱང་ལམ་སྟོན་རྒྱས་པར་གནང་སྟེ། ཡིག་ཆ་འདི་ད་ལོའི་སྤྱི་ཟླ་བརྒྱད་པ་དགུ་པ་ནས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་དང་དགོན་སྡེ། ཞིང་འབྲོག་ཀུན་ཏུ་འགྲེམས་སྤེལ་དང་ལག་བསྟར་བྱེད་རྒྱུ་ཡིན་པར་འཆད་ཁྲིད་གནང་ཡོད་པ་དང་།
ཕྱི་ཟླ་ ༦ ཚེས་ ༡༧ ནས་བཟུང་མཚོ་ལྷོ་ཁུལ་གྱི་མང་ར་རྫོང་དང་། འབའ་རྫོང་། བྲག་དཀར་རྫོང་། གསེར་ཐང་རྫོང་བཅས་སུ་རིམ་པར་ས་གནས་ཀྱི་བླ་གྲྭའི་ལས་སྣེ་རིགས་བསྡུས་ནས་འཆད་ཁྲིད་དེའི་དགོངས་དོན་དང་མཐུན་པའི་ཡིག་ཆ་དོན་ཚན་བདུན་ཅན་ཞིང་བཀྲམས་ཤིང་དེ་ལུགས་ཀྱི་འགྲེལ་བརྗོད་ཡང་གནང་ཡོད་པ་དང་། དོན་ཚན་བདུན་པོའི་ནང་དུ་དད་ལྡན་སེར་སྐྱ་མི་མང་གིས་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུ་པར་རང་དབང་གིས་བཤམས་ཆོག་པ་དང་། རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་ཡང་ཞུ་མི་དགོས་པ། དགོན་པའི་ལས་དོན་མི་སྣ་མ་བརྒྱུད་པར་དགོན་པའི་ནང་དམག་མི་འཛུལ་ཞུགས་མི་ཆོག་པ་སོགས་ཡིན་འདུག
གནས་ཚུལ་འདི་དག་འཕྲལ་མ་ཉིད་དུ་སྐད་འཕྲིན་དང་དྲ་བ་བརྒྱུད་ནས་བོད་ཕྱི་ནང་གང་སར་ཁྱབ་པ་དང་བོད་པ་ཚོས་ཀྱང་གཏམ་བཟང་ཞེས་ཕྱོགས་གང་སར་བརྒྱུད་སྤྲོད་དང་གླེང་མོལ་གྱི་འུར་ཞིག་ལངས་པ་རེད། སྐབས་འདིར་པེ་ཅིན་གནས་བཞུགས་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས། གནས་ཚུལ་འདིའི་འབྱུང་ཁུངས་ནི། རྡ་རམ་ས་ལར་བརྟེན་གཞི་བྱས་པའི་ནོར་ཝེ་རླུང་འཕྲིན་ཁང་གིས་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་ཅིག་གི་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་ཆོག་ཚུལ་སོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེ་ཡིན་ནའང་། གནས་ཚུལ་ཁུངས་འཕེར་ཡིན་མིན་གྱི་ཡིག་ཆ་དང་པར་སོགས་གང་ཡང་མེད་པར་འགྲེལ་བརྗོད་གནང་བ་དང་། དོན་དངོས་ཐོག་བོད་རང་སྐྱོང་ལྗོངས་དང་། སུ་ཁྲོན། མཚོ་སྔོན། ཀན་སུའུ། ཡུ་ནན་སོགས་བོད་ས་ཡོངས་ཀྱི་གནས་ཚུལ་གྱི་ངོ་བོར་བསྒྱུར། གནས་ཚུལ་འདི་ཚ་ཚ་འུར་འུར་གྱིས་རྒྱ་ཁྱབ་དུ་སྤེལ་རྒྱུ་ཡིན་ན། འབྲེལ་ཡོད་ཡིག་ཆ་ཁག་མིག་མདུན་དུ་བླངས་ཏེ་ཁྱབ་སྤེལ་གནང་དགོས། ཉེ་བའི་ཆར་བརྒྱུད་ལམ་ཁག་ནང་གི་བོད་ཡོངས་རྫོགས་ཟེར་བ་ནི་མཚོ་ལྷོ་ཁུལ་ཁོ་ནའི་ནང་གི་གནས་ཚུལ་ཙམ་ཡིན། དོན་དངོས་ཐོག་ས་ཁུལ་དེའི་ནང་གི་ངོ་མཚར་བའི་ཡིག་ཆ་དེ་མི་སུ་ཞིག་གིས་མཐོང་ཡོད་དམ། དེ་མིན་བོད་ཁུལ་གཞན་དག་གི་གནས་ཚུལ་ཀྱང་དེ་བཞིན་ཡིན། འོན་ཀྱང་བོད་རང་སྐྱོང་ལྗོངས་སུ་དེ་ལྟའི་གནས་ཚུལ་ཐད་ཆོག་མཆན་སྤྲོད་ཕོད་མཁན་དེ་ནི་གནས་ཚུལ་ཆེན་པོ་སློག་པའི་སྔ་ལྟས་རང་ཡིན། དེ་བས་དོན་དངོས་མིག་གིས་མ་མཐོང་གོང་ཧོལ་རྒྱུག་དང་དགའ་སྣང་ཆེན་པོས་འུད་སྒྲོག་གནང་མི་འོས། གལ་སྲིད་རྒྱ་གཞུང་གིས་བོད་པ་ཚོར༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་རང་དབང་སྤྲད་ཚར་བའི་དབང་དུ་བཏང་ན། རྒྱ་གཞུང་གི་མིག་སྔའི་ཐག་གཅོད་ཚང་མ་བསྒྱུར་བཅོས་བཏང་བ་རེད་ལ། ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་མ་ཡིན་པ་དང་། རྒྱལ་ཁབ་ཀྱི་དགྲ་བོ་མ་ཡིན་པར་འགྲེལ་བརྗོད་བྱས་ཚར་བ་རེད། འོན་ཀྱང་དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། སྤྱི་ལོ༡༩༩༥ ནས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣ་ག་ཚོད་ཅིག་༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་པར་དམ་དྲག་བྱས་པ་ལ་བརྟེན་ནས་པེ་ཅིང་དུ་གོ་གནས་སྤར་ཏེ་དབང་སྤྱོད་ཆེན་པོ་ཐོབ་མྱོང་བ་རེད། དེ་ཚོ་ཡོངས་རྫོགས་རྒྱ་གཞུང་གི་ནོར་འཁྲུལ་དུ་ངོས་འཛིན་དགོས་པ་ཡིན་ནམ། དེ་འདྲ་ཡོང་སྲིད་པ་ཞིག་རེད་དམ། གལ་སྲིད་དེ་འདྲའི་གནས་སྟངས་ཤིག་དོན་དངོས་ཐོག་བྱུང་བ་ཡིན་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལེགས་བཅོས་བྱས་པ་ཙམ་མ་ཡིན་པར། རྒྱ་གཞུང་གི་རྩ་བའི་ཆབ་སྲིད་སྒྲིག་གཞི་ལ་བསྒྱུར་བཅོས་བཏང་བ་རེད། བོད་ཁུལ་གྱི་མིག་དཔེ་གཙོ་བོ་འདོན་སའི་ས་ཁུལ་ཏེ་བོད་རང་སྐྱོང་ལྗོངས་སུ་སྔར་ལོའི་ལོ་མཇུག་ནས་“ཡོད་པ་དགུ”ཞེས་པའི་འཆར་གཞིའི་འོག དགོན་སྡེ་ཁག་དང་གྲོང་སྡེ་སོ་སོར་སྐར་ལྔའི་དར་དམར་བསྒྲེང་དགོས་པ་དང་། དམར་གཞུང་གི་དབུ་ཁྲིད་ཚོའི་འདྲ་པར་བཤམས་དགོས་པའི་བཙན་བཀའ་བཏང་ཡོད། གལ་སྲིད་དེ་བཞིན་མ་བསྒྲུབས་པ་ཡིན་ན་ཆབ་སྲིད་གནད་དོན་གྱི་ངོ་བོར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ལྷག་དོན་ཉེ་བའི་སྐབས་ནི་ཡུལ་དེ་ཁུལ་དུ་དར་དམར་དང་འདྲ་པར་དེ་དག་བཤམས་དངོས་སུ་ཡོད་མེད་ཆེད་རྟོག་ཞིབ་ནན་ཏན་བྱེད་ཀྱིན་པའི་སྒང་ཡིན། འོན་ཀྱང་དུས་ཡུན་སྐད་ཅིག་མའི་ནང་སྲིད་བྱུས་ལེགས་བཅོས་ཀྱིས་དམར་གཞུང་གི་འགོ་ཁྲིད་ཚོའི་འདྲ་པར་དང་༧གོང་ས་མཆོག་གི་སྐུ་པར་གཉིས་བརྗེ་བསྒྱུར་བྱས་པ་རེད་ཟེར། དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། ཁ་སང་ང་རང་གིས་འཇར་མན་རླུང་འཕྲིན་ཁང་ལ་འདི་ལྟར་བརྗོད་རྒྱུ་བྱུང་། ཉེ་སྔོན་གྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེན་པོ་འདུག གཞུང་གིས་འགྲོ་གྲོན་རྒྱ་སྒོར་ཁྲི་༢༥༠ བཏང་ནས་༧གོང་ས་མཆོག་གི་སྔོན་མའི་བཞུགས་ཡུལ་ཉམས་གསོ་བྱ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཡང་ཉེ་སྔོན་མཚོ་ལྷོ་ཁུལ་ནང་༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱེད་ཀྱིན་འདུག གནས་ཚུལ་འདི་དག་གིས་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པའི་ངོས་འཛིན་སླེབས་སྲིད་ལ། འདི་ནི་བཙན་བྱོལ་གཞུང་གིས་རྒྱ་གཞུང་དང་གྲོས་མོལ་གྱི་གོ་སྐབས་ཡོང་བའི་རེ་བ་སླེབས་ཆེད་འཆར་འགོད་བྱེད་ཀྱིན་པ་ཞིག་ཡིན། ཅེས་བརྗོད་མྱོང་།
བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཟེར་བའི་གཏན་དཔེ་འདི་ནི་ག་དུས་ཤིག་ནས་བོད་པ་ཚོའི་ངག་རྒྱུན་དུ་དར་མིན་ལ་གསལ་བོ་བརྗོད་རྒྱུ་མེད་ཅིང་། གཏམ་དཔེ་འདིའི་རྒྱབ་ལྗོངས་ཀྱང་གསལ་བོ་མི་ཤེས། འོན་ཀྱང་ངས་ཤེས་པ་ནི་གཏམ་དཔེ་འདི་བོད་པ་ཚོའི་སྐད་ཆའི་ཁྲོད་རྒྱུན་དུ་བརྗོད་ཀྱིན་ཡོད་པ་ཞིག་དང་། སུན་སྣང་མེད་པར་ཡང་བཤད་དང་བསྐྱར་བཤད་ཐེངས་མང་བྱེད་ཀྱིན་པའི་གཏམ་དཔེ་ཞིག་ཡིན་པ་དེ་ཡིན། ད་དུང་འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་གཏམ་དཔེ་འདི་བསྐྱར་ཟློས་ཐེངས་མང་བྱས་མྱོང་ཡོད་དེ། རྒྱུ་མཚན་ནི་གནས་ཚུལ་མང་པོ་ཞིག་གཏམ་དཔེ་འདིའི་བསྟན་དོན་དང་དོན་དངོས་སུ་གྱུར་བས་ཡིན། འོན་ཀྱང་ངའི་རེ་བར་མུ་མཐུད་གཏམ་དཔེ་འདི་དོན་དངོས་སུ་གྱུར་བའི་སྐྱོ་གར་དག་མཐོང་མི་དགོས་པ་དེ་ཡིན། གང་ལྟར་གནད་འགག་གི་དུས་སྐབས་སུ། ཁུ་སིམ་པོར་འདུག་པ་ལྟར་མ་ཡིན་པར། རྟོག་དཔྱོད། བཤིབ་བསྡུར་བྱེད་དགོས་པ་ལས། མགོ་འཐོམ་ཧོལ་རྒྱུག་བྱས་པ་ཡིན་ན་འབྲས་བུ་ཅི་ཞིག་འབྱུང་གིན་པ་ནི་འདས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིན་ཏུ་མང་། ཉེ་བའི་ལོ་འགའི་སྔོན་དུ་་རྒྱ་གཞུང་གིས་ཨོ་རྩེད་འགྲན་ཚོགས་གོ་སྒྲིག་ཞུ་སྐབས་རྒྱལ་སྤྱིའི་དོ་སྣང་འདྲེན་པར་ཆེད་དུ་གཉེར་བའི་བོད་རྒྱའི་གྲོས་མོལ་ཐེངས་རེ་རེའི་གྲུབ་འབྲས་ཀྱང་སྟོན་རླུང་གིས་བདས་པ་ལྟར་ལག་པ་སྟོང་བ་ལས་ཅི་ཡང་ལྷག་མེད་པའི་ཉམས་མྱོང་བརྗེད་སོང་བ་ཡིན་ནམ། ངའི་སྙིང་ཉེ་བའི་བོད་ཚོ། ཞེས་ཁོ་མོའི་དཔྱད་སྟོབས་ཀྱི་བསམ་ཚུལ་ཚ་ནན་ཞིག་བརྗོད་པ་རེད།
དེ་ལ་བརྟེན་ནས་ཡང་དྲ་ཐོག་གི་ཁ་ཕྱོགས་མེད་པའི་དྲ་དམངས་ཀྱིས་ངེས་པར་ཀློག་དགོས་པའི་སྐད་ཆ་ཞེས་འོད་ཟེར་གྱི་བསམ་ཚུལ་དེ་བརྒྱུད་འགོད་བྱེད་མགོ་ཚུགས་པ་རེད། རྒྱ་ནག་དབུས་གཞུང་གིས་རིག་གསར་གྱི་སྲིད་བྱུས་ལ་གཡོན་ལྷུང་སྲིད་ཇུས་ལ་ངོས་འཛིན་གྱིས་མིག་སྔའི་དབུས་གཞུང་གི་ཐག་གཅོད་མང་པོ་ཞིག་ལ་བསྒྱུར་བཅོས་ཆེན་པོ་བྱས་པ་དང་། ལོག་སྤྱོད་པར་ངོས་འཛིན་གྱིས་བཙོན་འོག་ལ་བཅུག་པའི་པཎ་ཆེན་རིན་པོ་ཆེ་མཆོག་དཀར་འདོན་བྱས་མྱོང་བ་རེད། དེ་ལྟ་ན་བསྒྱུར་བཅོས་འདི་འདྲ་གཏོང་མི་འོས་པ་ཅི་ཡང་མིན་པ་དང་། འདི་འདྲའི་འགྱུར་བ་ཞིག་མ་བཏང་ན་བོད་ཁུལ་གྱི་ཚེ་སྲོག་གསོན་པོའི་ཤ་ཁྲག་གི་འབར་མཚམས་མི་ཆད་པ་དང་རྒྱལ་སྤྱིའི་སྟེང་བཀྲམ་པའི་སྐྱག་རྫུན་ཆེན་པོ་དག་གི་རྐུབ་རལ་ཉེན། རྒྱ་དཔོན་ཚོས་འཛམ་གླིང་ལ་གདོང་པ་སྟོན་སྲོལ་མེད་པ་བཅས་ལ་དཔགས་ན་འགྱུར་བ་འདི་འདྲ་ནི་རྒྱ་གཞུང་རང་གི་ཁེ་ཕན་དང་བསྟུན་ནའང་གཏོང་དགོས་ངེས་སུ་ཅི་ལ་མེད།
ཡིན་ནའང་། ཕྱི་ལོ་༢༠༡༣ལོའི་ཟླ་༥ཚེས་༣ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྔ་ལོའི་ཟླ་༩པའི་ནང་ཧོང་ཀོང་དུ་ཡོད་པའི་བོད་རིགས་དང་རྒྱ་རིགས་ལས་གྲུབ་པའི་ནང་བསྟན་ཆོས་རིག་མཐུན་ཚོགས་ཤིག་ནས་མགོན་པོ་གང་ཉིད་ཁུལ་དེར་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུས་ཡོད་པ་དང་། མཐུན་ཚོགས་དེའི་ཚོགས་གཙོ་སྐུ་ཞབས་ལེ་ཞུ་བས་གདན་ཞུའི་ཡིག་ཆ་ཁག་ཁུལ་དེའི་འབྲེལ་ཡོད་ལྷན་ཁང་དུ་ཕུལ་ཟིན་ཡོད་ནའང་ད་ལྟའི་ཆར་ལན་འདེབས་བྱུང་མེད་ཀྱང་། གདན་ཞུ་དེའི་ཐད་ཁོང་ལ་༸གོང་ས་མཆོག་ཁུལ་དེར་གཟིགས་སྐོར་བསྐྱང་ཐུབ་རྒྱུར་གདེང་ཚོད་ཡོད་ལུགས་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་གསར་ཤོག་ལ་འགྲེལ་བརྗོད་གནང་ཡོད་པར་བསྒྲགས་ཡོད། ཡིན་ནའང་གནད་དོན་དེའི་ཐད། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་མགོན་པོ་གང་ཉིད་ཆིབས་བསྒྱུར་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་དང་། སྒོས་སུ་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་གནས་པའི་ཧོང་ཀོང་དུ་ད་ལྟའི་ཆར་མགོན་པོ་གང་ཉིད་གཟིགས་སྐོར་དུ་ཕེབས་ཐུབ་རྒྱུར་ཕལ་ཆེར་མི་སྲིད་པ་ཞིག་ཡིན་ལུགས་ཀྱི་འགྲེལ་བརྗོད་གནང་ཡོད།
ཡིན་ནའང་། གདན་ཞུ་བས་གདེང་ཚོད་ཡོད་ཅེས་པའང་རྒྱུ་མེད་རྐྱེན་མེད་ཅིག་གཏན་ནས་མིན་པར། རྒྱ་ནག་གི་གནད་ཡོད་མི་སྣའི་ནང་དུའང་ལྟ་ཚུལ་དེ་ལྟར་འཛིན་མཁན་ཡོད་དེ། ཉེ་བའི་ཆར་རྒྱ་ནག་གུང་ཁྲན་ཏང་གི་ཀྲུང་དབྱང་ཏང་གི་སློབ་གྲ་ཆེན་པོའི་དགེ་རྒན་ཆེན་མོ་བ་དང༌། མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཁང་གི་འགན་འཛིན་ཅིན་ཝུད་ཀྱིས་ཉེ་དུས་ཤིག་ལ་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་གྱི་བཅའ་འདྲི་དང་ལེན་བྱེད་པའི་སྐབས་སུ་རྒྱ་བོད་གྲོས་མོལ་སླར་གསོ་བྱེད་དགོས་པ་ཡོངས་གྲགས་ཀྱིས་གྲོས་འགོི་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ལ་དཔལ་འབྱོར་གྱི་འཕེལ་རྒྱས་བཏང་བ་དེས་བོད་མི་ས་ཡ་དྲུག་གིས་ཏཱ་ལའི་བླ་མར་བཅངས་བའི་དད་སེམས་ལ་འགྱུར་བ་གཏོང་ཐུབ་མེད་པ་དང༌། ཐ་ན་རྒྱ་ནག་གཞུང་གིས་གསེར་འབུམ་དཀྲུགས་པའི་བྱ་ཐབས་ལ་བརྟེན་ནས་པན་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ཚད་བཀག་བཟོས་པ་དེ་རྒྱལ་ཁབ་ཕྱིར་ཐོན་པའི་དོན་དངོས་ཁས་ལེན་བྱས་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
དེང་སྐབས་བོད་ནང་དུ་མེར་བསྲེགས་ཀྱི་གྲངས་ཀ་ངེས་མེད་དུ་འཕར་གྱིན་པ་འདི་ལ་གདོང་ལེན་འདི་འདྲ་རེ་མ་གནང་ན་རྒྱ་གཞུང་ལ་བཙན་དབང་དྲག་གསུམ་གྱི་བྱེད་ཐབས་ཅི་ཡང་མེད་པ་མངོན་གསལ་ལ་འགྱུར་གྱིན་པ་དང་། ཞིས་ཅིན་ཕིན་གྱིས་རང་ཉིད་ཀྱི་དུས་སྐབས་འདི་ཧོའི་དུས་སྐབས་ལྟར་གདུག་རྩུབ་ཀྱི་རྣམ་པས་བསྐྱལ་འདོད་མེད་པ་མ་ཟད། རང་གི་རྡོག་ཁྲེས་ལྕི་མོར་གྱུར་བའི་མཚོ་འགག་གནད་དོན་དང་། བོད་ཀྱི་གནད་དོན། ཞིན་ཅང་གི་གནད་དོན་བཅས་ཀྱི་ཐད་བསམ་གཞིག་ཟབ་མོ་བྱེད་ཀྱིན་ཡོད་ངེས་ལ། ཁོང་གིས་ཀྱང་ཅང་གི་དུས་སྐབས་ཀྱི་ཧོང་ཀོང་ཕྱིར་ལོག་ལྟར་ཁོས་ཀྱང་ཏཱ་ལའི་བླ་མ་ཕྱིར་ལོགས་ཀྱི་འཁྲབ་སྟོན་རྫིག་པོ་ཞིག་བྱེད་འདོད་ཀྱང་ཡོད་སྲིད་པ་རེད། ང་ཚོ་ཚང་མ་ཀྲུང་གོའི་མི། ང་ཚོས་ལག་རྡང་སྦྲེལ་ཞེས་པའི་གཞས་གདངས་དང་ལྷན་དུ་ཏཱ་ལའི་བླ་མ་ཕྱིར་ལོག་གི་འཁྲབ་སྟོན་འཛམ་གླིང་ལ་བསྒྲགས་འདོད་ཀྱི་རྨི་ལམ་གཏོང་གི་ཡོད་སྲིད་པ་རེད། དེ་ལྟ་ན་འདི་དག་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་ཟད། གོང་ས་མཆོག་ཧོང་ཀོང་ལ་གདན་ཞུ་གནང་རྒྱུའང་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཅི་ལ་མིན། ད་དུང་གོང་གསལ་གྱི་གནས་ཚུལ་དེ་བདེན་པའི་ཁུངས་སྐྱེལ་ལྟ་བུར་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ ཚེས་ ༢༦ ཉིན་བོད་ལྗོངས་དབུས་ཁུལ་གྱི་ཆོས་སྡེ་ཆེན་པོ་དགའ་ལྡན་དགོན་པར་ཚོགས་འདུ་བསྡུས་ནས་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་པར་བཤམས་ཆོག་པར་བསྒྲགས་པ་དང་དེ་བཞིན་དཀར་མཛེས་ཁུལ་ནས་ཀྱང་དེ་ལུགས་ཀྱི་ཁྱབ་བསྒྲགས་བྱས་འདུག
འདི་ལྟར་ང་ཚོའི་རེ་སྨོན་དོན་ཡོད་དུ་གྱུར་ན། གཞིས་བཞུགས་རྒྱ་ཆེ་མི་མང་གིས་ཀྱང་༸གོང་ས་མཆོག་གི་གསུང་གི་བདུད་རྩིར་ངོམ་མེད་དུ་རོལ་བའི་སྐལ་བཟང་གི་ཉིན་མོར་གོམ་ཆེན་གཅིག་སྤོས་པ་རེད་ལ། རྒྱ་ནག་གིས་ཀྱང་འཁུར་བཟོད་བྲལ་བའི་རྡོག་ཁྲེས་མོད་པོ་ཞིག་ཉུང་བར་གྱུར་བ་ལོས་ཡིན།
བོད་ཀྱི་དུས་བབ་ཟིན་བྲིས་སུ་རས་བ་ལགས་ཀྱིས་གནས་དོན་དེའི་ཐད་ལ་བསམ་ཚུལ་འདི་འདྲ་ཞིག་སྤེལ་འདུག
མཚོ་ལྷོའི་དོན་ཚན་ ༧ ཅན་གྱི་ཡིག་ཆ་ཟེར་བའི་ཐད་བསམ་ཚུལ་ཐོར་བུ།
༸གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པའི་སྲིད་ཇུས་དེ་དེང་རྒྱ་ནག་སྲིད་གཞུང་ལ་ཡོད་ཆོག་ལ།སྐུ་པར་བཤམས་ཆོག་པའི་སྲིད་ཇུས་བྱུང་ཚེ་དམ་དྲག་ཆེན་པོ་འབྱུང་སྲིད་པར་སྔོན་དཔག་ཀྱང་བྱས་ཆོག་ཀྱང་།གནས་ཚུལ་འདིའི་ཁུངས་གསལ་བོ་མེད་པ་དེས་ང་ཚོས་ད་དུང་བསམ་བློ་མ་བཏང་ཡང་འགྲིག་པའི་བརྡ་སྟོན་གྱི་ཡོད།
འོན་ཀྱང་། སྐུ་ཞབས་ཞིས་ལགས་ཀྱི་གཙོ་སྙིང་སྟོབས་ཤུགས་དེ་ཇི་ལྟར་ཚོད་འཛིན་བྱེད་ཀྱིན་པའི་ཐད་ཉེ་སྔོན་ཐོན་པའི་དབུས་ དཔོན་རིགས་ནང་ཁུལ་གྱི་གཏམ་གླེང་སྐབས་ཀྱི་ཞིས་ལགས་ཀྱི་སྡུག་གཏམ་དེས་ཁ་ཕྱོགས་བསྟན་ཡོད། དེའི་ནང་གི་དམིགས་གཏད་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་ནི་ཐབས་ལམ་ཇི་འདྲ་ཞིག་འཛིན་དགོས་རུང་ལག་བསྟར་བྱེད་རྒྱུ་དེ་རེད།
ཆོས་སྲིད་ཁ་ཁར་བྱེད་དགོས་པའི་སྲིད་ཇུས་ཀྱི་གཞི་རྩའི་སྟེང་། སྐུ་པར་སྒྲིག་བཤམས་བྱེད་རྒྱུ་བྱུང་ཡང་རེ་བ་ཅི་ཡང་མངོན་མི་ཐུབ་པ་དང་། བོད་ཀྱི་དད་མོས་མངོན་འདོད་ཀྱི་རེ་བར་འགྱུར་བ་སླེབས་པ་གང་ཡང་མཚོན་མི་ཐུབ། སྐུ་པར་བཤམས་པ་ནི་མཚམས་ལན་རེར་ཆོས་མ་ཡིན་པའི་རེ་འདོད་ཀྱི་མཚོན་རྟགས་སུ་གྱུར་ཡོད་པས། འགྱུར་བ་གང་བྱུང་གི་རེད།
འོད་ཟེར་ལགས་ཀྱིས་བཤད་པའི་གནད་དོན་ནི་གཞི་རྩའི་ཆ་ནས་ཀྲུང་གུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་བོད་རང་སྐྱོང་ལྗོངས་ནས་ཚུགས་དགོས་པར་བསྟན་ཡོད། འདི་ཕྱོགས་ཁ་ཤས་སམ་ཕྱི་ཕྱོགས་ལ་བསྟན་དགོས་ཀྱི་གནད་དོན་སྟེང་བདེན་པ་ཡིན། འོན་ཀྱང་། འདི་ནི་ཁོ་མོས་བོད་དོན་ལྟ་ཞིབ་ཀྱི་བསམ་ཚུལ་ཡིན་པ་དང་། རྒྱལ་སྤྱིས་བོད་དོན་གཟིགས་ཕྱོགས་ཀྱི་གལ་གནད་ཐད་ཀྱི་སྤྱི་འགྲོས་ཤིག་བརྗོད་པ་ལས། གནད་དོན་གྱི་གཙོ་བོ་དེ་ལས་ཕྱིར་བཤིག་བྱས་ཏེ་ཁྱབ་བསྒྲགས་ཀྱི་ཡག་ཉེས་གླེང་བ་དེ་ཙམ་མ་རེད་དམ།
གཙོ་བོ་དེ་མཚོ་ལྷོ་ས་ཁུལ་གྱི་ཡིག་ཆ་དེ་བདེན་པར་ངེས་ཚེ་དེས་གང་བསྟན་གྱི་རེད་ཟེར་ན། ས་གནས་ཀྱི་གཡོན་ཐལ་སྲིད་ཇུས་མང་དག་ཅིག་དབུས་གཞུང་གི་བཀའ་བཀོད་མ་ཡིན་པར་རང་སྐྱོང་ས་ཁུལ་གྱི་ཐག་གཅོད་ཡིན་པར་སྒྲུབ་རྒྱུ་དེ་རེད། གང་ཡིན་ཟེར་ན་སྐུ་པར་བཤམས་ཆོག་པའི་རང་དབང་འདི་རྩ་ཁྲིམས་དང་སྒྲིག་གཞིའི་འགྲེལ་བཤད་ལས་བྱུང་བ་དང་། འདིའི་སྔོན་དུ་ཀྲུང་གོའི་ཁྲིམས་སྒྲིགས་ལ་བསྐྱར་བཅོས་གང་ཡང་བྱུང་མེད་པས་འགྲེལ་བཤད་དེ་ཧ་ཅང་ཁྲིམས་མཐུན་ཡིན།
ཁ་བསྒྱུར་བྱས་ཆོག་ཆོག་གི་སྲིད་ཇུས་འདིས་ཁ་བྲལ་ལ་རྒོལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་སྐད་སྟོང་དེ་ནམ་ཡང་སྟོབས་ཤུགས་ཆེ་ལ་ཀྲུང་གུང་སྲ་བརྟན་གྱི་ཐབས་ལམ་དེ་མུ་མཐུད་པར་རོགས་རམ་ཡག་ཤོས་བྱེད་རྒྱུ་རེད། སོང་ཙང་། བོད་མི་མང་གི་རེ་འདོད་ལ་རྒྱ་ནག་གཞུང་གིས་ཡིད་ཆེས་མ་བྱས་པར་དུ་བོད་ཐོག་འཛིན་པའི་ཀྲུང་གུང་གི་སྲིད་ཇུས་ལ་འགྱུར་བ་སོང་ཡོད་པ་གང་ཡང་མི་འདུག
2013།6།24ལ།
http://www.tibettimes.net/blogs.php?id=138&post_id=23446
དོན་ཚན་བདུན་ཅན་གྱི་ཡིག་ཆ་ངོ་མ་དེ་མཐོང་མཁན་ཡོད་དམ། ཡིག་ཆ་དེ་སྟོན་རྒྱུ་ཡོད་པ་ཨོ་ཙམ་རེད། དེ་མིན་ན་ཏིང་ཤོའུ་ཕིང་གིས་རྒྱལ་ལོ་དོན་གྲུབ་ལ་ཅིག་ཅིག་མིག་མིག་ཁས་ལེན་བྱས་སོང་ཟེར་ནས་ལམ་དབུ་མ་བྱུང་བ་ལྟ་བུ་ཡང་ཕ་མེད་པའི་བུ་སྐྱེས་པའི་ཉེན་ཁ་ཡོད་པ་རེད། ཡིག་ཆ་དངོས་སུ་བསྟན་རྒྱུ་ཡོད་ན་ལོ་རྒྱུས་ཀྱི་སྟེང་ནས་གྱོད་རྒྱག་ས་འདྲ་ཞིག་ཡོད་པ་རེད།
ཕྱི་ལོ ༢༠༡༣ ལོའི་ཟླ་ ༦ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་འགས་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཆབ་སྲིད་དགེ་རྒན་ཚེ་དཔའ་སྟོབས་ལྡན་ལགས་ཀྱིས། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གསར་བ་ལེ་ཧེ་ཉིན་གཙོ་བྱས། ལས་ཁུངས་སོ་སོའི་འགོ་ཁྲིད་མཉམ་རུབ་ཀྱིས་བོད་ཁུལ་འཕེལ་རྒྱས་དང་། བདེ་འཇགས་ལ་དམིགས་ཏེ་གཏན་འཁེལ་བྱས་པའི་སྲིད་ཇུས་གསར་བའི་ཡིག་ཆ་ཟེར་བ་ཞིག་ཚོད་ལྟའི་ཚུལ་གྱིས་འཆད་ཁྲིད་བྱས་པ་མ་གཏོགས། ཁུངས་ལྡན་གྱི་ཡིག་ཆ་གཅིག་ཀྱང་མེད་པས། ནམ་མ་ལངས་ང་བྱ་སྐད་གྲག་པ་མ་ཡིན་ནམ།
སྐབས་ཤིག་ལ་བོན་རྒྱ་འདི་གྲགས་མེད་འགུལ་མེད་དུ་གྱུར་སོང་བས་གནས་ཚུལ་འདྲ་བྱུང་ནས་ཤི་མེད་འགྲོ་བསམ་སོང་། དེ་རིང་གློ་བུར་དུ་འདི་ནས་ཐུག་པ་དགའ་བོ་བྱུང་།
ཏིན་ཞོ་ཕིང་གི་བུ་དང་བུ་མོ། ཚ་བོ་དང་ཚ་མོ་ཚོས་ཨ་སྒོར་དུས་ཕྱུར་༡༠༠༠་ཁུར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ནས་བྲོས་ཕྱིན་ཡོད་འདུག རང་བཙན་མ་ཡིན་པའི་གནད་དོན་ཚང་མ་གྲོས་བསྡུ་ཡོང་གི་མེད་པར་འདྲ། ཏིན་རིགས་རྒྱུད་གུན་ཁྲན་ཏང་གི་དགྲ་བོ་ལ་གྱུར་ཡོད་པར་འདྲ།་་་་ཧཧཧཧ
སྤོབས་པ་ལགས། རྒྱལ་ལོ་དོན་གྲུབ་དང་ཏིང་ཞོ་ཕེང་བར་ཡིག་ཆ་གང་ཡང་མེད་པ་འདྲ། སྐབས་དེར་སྒྲ་ལེན་བཅུག་ཡོད་པས་སྒྲ་ཐག་ངེས་པར་ཡོད། ཏིང་ཞོ་ཕེང་ཕྱི་རོལ་ཀྱི་མི་དང་འཕྲད་སྐབས་ཕྱོགས་གཉིས་ལ་སྒྲ་ལེན་འཇུག་པ་དེ་ཁོ་རང་གི་ཁྱད་ཆོས་ཞིག་རེད། ཁོའི་རྣམ་ཐར་ལ་ལྟོས་དང་ཤེས། རྒྱལ་ལོ་དོན་གྲུབ་ཀྱིས་ཀྱང་ཡི་གེ་ཡོད་མེད་ཁ་གསལ་མེད་པ་ལས་སྒྲ་ཐག་ཡོད་ཅེས་བཤད་སོང་།
རི་བོང་ཅལ་འདྲོགས་ཟེར་ན་འདི་འདྲ་ཞིག་ལས་འདས་མེད། རྒྱུ་མཚན་མང་ཡང་སྨྲ་མི་འདོད།
གང་ལྟར་ང་ལ་མཚོན་ན། ཇི་སྐད་དུ། “གཡོ་ཅན་སྙན་པར་སྨྲ་བ་ནི།། རང་དོན་ཡིན་གྱི་གུས་ཕྱིར་མིན།། སྲིན་བྱ་སྙན་ནས་དགོད་པ་ནི།། ལྟས་ངན་གཏོང་གི་དགའ་ནས་མིན།།”ཞེས་དང་།
“ངན་པས་ཐོག་མར་ཚིག་གིས་འབྲིད།། བག་ཕེབས་གྱུར་ན་ཕྱི་ནས་བསླུ།། ཉ་བས་ཟས་ཀྱིས་ཁ་བྲིད་ནས།། ཉ་རྣམས་གསོད་པར་བྱེད་ལ་ལྟོས།།” གསུངས་པ་ལྟར་ཡིན།
སྤིབས་པ་མཐའ་ཡས་ལགས་ནི་ཆབ་སྲིད་གོ་རྟོགས་ཅན་རེད་འདུག། ག་དུས་ཡིན་ནའང་འདྲ་ཆགས་གསུངས་མཁན་རེད། ཐུགས་རྷེ་ཆེ། གཞན་ཆབ་སྲིད་མགོ་མ་ཚོས་དོན་མེད་འདུ་རིགས་ལ་ཉབ་ཉོབ་མངཔོ་མ་བྲིས་བ་ལེགས། འདི་ཚོ་གནད་དོན་ཆེནཔོ་ཅན་ལ་དོན་མེད་འདྲ་ཡིང་ཉེན་ཆེ་བས་མཆན་སྟོ་པ་པོ་ལ་ཞུ་གིས་ཡོད། ཡུལ་གྱར་ལགས་ནས་ཡག་པོབྲིས་འདུག། ཐུགས་རྗེ་ཆེ།
་་་་་་་་་་ ཏིན་ཞོ་ཕིང་གི་བུ་དང་བུ་མོ། ཚ་བོ་དང་ཚ་མོ་ཚོས་ཨ་སྒོར་དུས་ཕྱུར་༡༠༠༠་ཁུར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ནས་བྲོས་ཕྱིན་ཡོད་འདུག ་་་་་་་་་ཟེར།
སྤོབས་པ མཐའ་ཡས་ཀྱིས་གསུངས་པ་དེ་རྒྱ་ཆ་རྒྱ་ནས་འབུམ་ཕྲག་བར་དུ་བདེན་ཁ་སྦྱིན།
སྤོབས་པ་མཐའ་ཡས་དམུས་ལོང་འདྲ།
ཤར་པ་རི་བོང་ཅལ་འདྲོགས་ཡིན།
དོན་ཚན་བཅུ་བདུན་ཡོད་དཱ་ཡོད།
རྒྱ་ལོ་དོན་འགྲུབ་དྲིས་ན་ཤེས།
སྨྱོ་མིག་ལགས་ དོན་ཚན་བཅུ་མེད་པར་སུས་ཀྱང་མ་ལབ་ ཧ་མ་གོ་ན་ཧ་ལོག། གཟབ་གཟབ་བྱེད་ན་ལེགས་ཧ་ཧ་ཧ་ཧ་ཧ་ཧོ་ཧོ་ཧི་ཧོ
བོད་པར་གཏམ་དཔེ་ཞིག་ཡོད།
༼སྤྲད་སྤྲད་ཚར་མ་བཟའ་ཡག་མེད།
བཤད་བཤད་ཚང་མ་ཉན་ཡག་མེད།༽
སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་ལྟར་ཁུངས་སྐྱེལ་ས་ཞིག་བཙལ་དགོས།