༼གཤམ་གྱི་འདྲི་བ་དེ་དག་བོད་ནང་གི་སློབ་མ་ཞིག་གིས་QQཐོག་ཕྱིའི་བོད་པ་རྣམས་ལ་འདྲི་རོགས་གྱིས་གསུངས་བྱུང་བས་གུས་པས་དེ་བོད་ཡིག་ལ་ཕབ་ནས་ཚང་མར་ཕུལ་ཡོད། དོ་འཁུར་ཅན་རྣམས་ཀྱིས་ལན་ཞིག་ཡོང་བར་མཁྱེན། ཁོང་གི་མིང་ལ་དབྱངས་འཛོམས་ཟེར།༽
༡༽གལ་ཏེ་རྒྱལ་དབང་བཅུ་བཞི་པ་འཚོ་བཞུགས་རིང་བོད་ཀྱི་རང་དབང་འཐབ་རྩོད་ལ་འབྲས་བུ་མ་བྱུང་ན། ཁོང་ཞིང་གཞན་ལ་ཕེབས་རྗེས་ང་ཚོའི་གནས་བབ་ཇི་ལྟར་འགྱུར་རམ། ང་ཚོ་ལ་རེ་བ་གཞན་གང་ཡོད།
༢༽ རྒྱལ་དབང་ཁོང་གི་ཡང་སྲིད་ཐད་རྒྱ་དང་རྙོག་ཟིང་ཡོང་རྒྱུ་ཉག་གཅིག་ལ་སོང་། ཁོང་གི་རྒྱུན་འཛིན་པ་སུ་འཇོག་ན་ལེགས་སམ། དེའི་རྒྱུ་མཚན་གསུངས་རོགས།
༣༽ རྒྱ་ནག་དམངས་གཙོའི་རྒྱལ་ཁབ་ལ་གྱུར་ནས་མི་དམངས་ལ་རང་དབང་སྤྲོད་པའི་དུས་ཤར་སྐབས། དེས་བོད་ཀྱི་གནད་དོན་ལ་འགྱུར་བ་གང་འབྱུང་ངམ། ཁྱེད་ནས་འདི་ལ་ཚོད་བགམ་ཞིབ་ཕྲ་གཅིག་ནང་ནས་ངེད་ཚོར་གསུངས་ན་ཨེ་འགྲིག
༤༽ གལ་ཏེ་ཐེངས་རྗེས་མའི་རྒྱ་བོད་འབྲེལ་མོལ་གྱི་ཐོག་རྒྱ་ཕྱོགས་ནས། བོད་ཆོལ་ཁ་གསུམ་ཁས་ལེན་མེད། བོད་རང་སྐྱོང་ལྗོངས་ཀྱི་ནང་ལ་གནས་བབ་ལེགས་སུ་གཏོང་རྒྱུར་སྐད་ཆ་ཤོད་ན་འགྲིག རྒྱལ་བ་རིན་པོ་ཆེ་དེར་ལོག་ཕེབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ན་འགྲིག་ཟེར་ན་ཁྱེད་ལ་བསམ་ཚུལ་གང་ཡོད།
༥༽ གལ་ཏེ་རྒྱ་ཡིས་བསྐོས་པའི་པན་ཆེན་དེ་རྒྱ་གར་ལ་བྲོས་ནས་གོང་ས་མཆོག་ལ་མགོ་བོ་བཏགས་ན། ཁོང་ལ་ལས་འགན་གང་སྤྲོད་དགོས་སམ།
༦༽ཁྱེད་ལ་བོད་ཀྱི་གནད་དོན་དང་འབྲེལ་ཡོད་ཀྱི་དྲི་བ་གང་ཡོད།
༡ ཕྱོགས་ཁ་ཤས་ཤིག་ནས་བལྟས་ཡོང་ན་རྒྱལ་དབང་རིན་པོ་ཆེ་འཚོ་བཞུགས་རིང་བོད་མིའི་རང་དབང་འཐབ་རྩོད་ལ་གྲུབ་འབྲས་ཤིག་ཕལ་ཆེར་འཐོབ་རྒྱུ་རེད་སྙམ། གལ་སྲིད་དེ་མ་ཐོབ་པ་ཡིན་ནའང་བོད་ལ་ཡོད་པའི་ཁྲིམས་མཐུན་གྱི་ཐོབ་ཐང་དེ་སྔར་བཞིན་ཁྲིམས་མཐུན་ཡིན་པས་ང་ཚོས་དེ་ཐོབ་པར་སྔར་བཞིན་འབད་བརྩོན་བྱེད་རྒྱུ་ཡིན་པ་རེད། དེ་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད་སྙམ།
༢ ཁོང་གི་ཡང་སྲིད་ཐད་རྩོད་རྙོག་ཏན་ཏན་ཡོང་གི་རེད། དེ་སེལ་བར་ཐབས་ཤེས་ཡག་ཤོས་ནི། སྔོན་མ་ཁོང་གིས་ཁོང་གི་ཡང་སྲིད་སྐོར་གསུངས་སྐབས་ཤིག་ལ། བོད་ལ་སྤྲུལ་སྐུ་གོང་མ་སྐུ་མ་གྲོངས་སྔོན་ནས་དེས་རྗེས་མ་དེ་ངོས་འཛིན་པའི་སྲོལ་ཞིག་ཡོད་རེད་ཟེར་ནས་ལན་ཁ་ཤས་ཤིག་ལ་གསུངས་པ་དྲན་གྱི་འདུག དེ་བས་ཐབས་ལམ་དེ་སྤྱད་ན་ཡག་ཤོས་མ་ཡིན་ནམ།
༣ རྒྱ་ནག་གི་དམངས་གཙོ་ནི་ཁོ་ཚོའི་རྩ་ཁྲིམས་འགྱུར་བ་བཏང་བ་ལ་བརྟེན་ནས་ཡོང་རྒྱུ་ཡིན་པས། ཁོ་ཚོར་དམངས་གཙོ་ངོས་ལེན་བྱེད་ཐུབ་པའི་གོ་རྟོགས་དང་བློ་སྤོབས་ཡོད་པའི་སྐབས་གྲངས་ཉུང་མི་རིགས་རྣམས་ལ་རང་སྐྱོང་དོན་དང་ལྡན་པ་ཞིག་སྤྲད་རྒྱུར་ཡང་མིན་ཟེར་ཅི་ལ་ཐུབ།
༤ དྲི་བ་ཁྱད་མཚར་པོ་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ནང་ལ་གནས་བབ་ལེགས་སུ་བཏང་ན། རང་སྐྱོང་ས་ཁུལ་གཞན་རྣམས་ཀྱི་ནང་ལའང་གནས་བབ་ལེགས་སུ་འགྲོ་གི་རེད། ཡིན་ན་ཡང་། གནས་བབ་ལེགས་པོ་གང་འདྲ་ཞིག དེ་ལ་ཁྲིམས་ཐོག་ནས་གཏན་འབེབས་དང་ཁྲིམས་ཐོག་ནས་འགན་སྲུང་དགོས་པ་རེད། ཐོབ་ཐང་གང་འདྲ་ཞིག་ཡོད་མེད་ཀྱི་ཆེ་ཆུང་མ་མཐོང་བར་ངས་དེར་ལན་རྒྱག་ཤེས་ཀྱི་མི་འདུག
༥ རྒྱ་ནག་གི་ལྩགས་ཀྱི་རྭ་བ་ནས་ཐར་མི་སྲིད། དོན་དངོས་སུ་ཁོང་བཙོན་མ་རེད།
༦ བོད་ཀྱི་གནད་དོན་འདི་ཐག་ཆོད་པར་ད་ལོ་ག་ཚོད་ཅིག་འགོར་གྱི་རེད། མགྱོགས་པོ། གང་འཚམས། ལོ་མང་པོ། རྒྱུ་མཚན་ཅི།
༡ བོད་ནང་གི་སློབ་མ་ཞིག་ལའང་འདི་འདྲ་སེམས་ཁུར་ཡོད་པ་ངོ་མཚར་ཆེ། འདི་ནི་དྲི་བ་ཆུང་ཆུང་མ་རེད་ལ་ལན་ཡང་ཐུང་ཐུང་ཞིག་ཁག་པོ་འདུག འོན་ཀྱང་༧རྒྱལ་བ་རིན་པོ་ཆེས་ཐུགས་རེ་གནང་ས་མཐར་ཐུག་དེ་དྲི་བ་འདི་འདྲི་མཁན་བུ་མོ་ཁྱེད་རང་ཚུད་པའི་བོད་ནང་གི་བོད་རིགས་མང་ཚོགས་རེད་འདུག ཁོང་གིས་བོད་ཀྱི་བདག་པོ་བོད་མི་རེད། མཐའ་མའི་ཐག་གཅོད་དེའང་བོད་མི་མང་གིས་གནང་དགོས་པ་ (ངའི་ཁྱིམ་ན་བོད་ཡིག་དཔེ་ཆ་གཅིག་ཀྱང་མེད་པས་ཚིག་ཇི་བཞིན་བཀོད་ཐུབ་མ་སོང་) མ་ཟད། རྒྱལ་དབང་བཅོ་ལྔ་བའི་ཡང་སྲིད་ཅིག་དགོས་དང་མ་དགོས་ཚུན་ཆད་བོད་མི་རིགས་ཀྱིས་ཐག་གཅོད་བྱེད་དགོས་སྐོར་ཞལ་གསལ་གནང་ཡོད་ཕྱིར། གཙོ་བོ་བོད་མི་སྤྱི་དང་ཡང་དགོས་བོད་ནང་གི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོའི་སྙིང་སྟོབས་དང་ཆིལ་སྒྲིལ། ཁྱེད་ཚོའི་ཤེས་ཡོན་དང་འཇོན་ཐང་ལ་ཐུག་འདུག་སྙམ། ད་ལོ་རྒྱལ་སྤྱི་ཁྲོད་དུ་བོད་དོན་ལ་ཚེ་སྲོག་སྦྱིན་མཁན་དང་། རྒྱ་ནག་གི་བླ་སྲོག་སྒུལ་མཁན་ཡང་གཙོ་བོ་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་ཕྲུག་མན་ཆད་ཀྱི་བོད་མི་ཚོ་རེད།
ཁྱེད་ཚོ་གཙོའི་བོད་མི་ནང་ཁུལ་དམ་གཙང་ཆིག་སྒྲིལ་ཅི་ཙམ་ཆེ་བ་དེ་ཚོད་ཀྱིས་ང་ཚོར་སྟོབས་ཤུགས་ཆེ་བ་དང་། སྟོབས་ཤུགས་ཅི་ཙམ་ཆེ་བ་དེ་ཚོད་ཀྱི་རེ་བའང་ཆེ་གི་རེད། མི་ལ་འཇོན་ཐང་དང་སྟོབས་ཤུགས་མེད་ན་ཁྲིམས་ཐོག་གི་ཐོབ་ཐང་ཡང་ཤོར་འགྲོ།
༢ རྒྱ་གཞུང་ཆོས་མེད་དམར་ཕྱོགས་ཡིན་པས་བོད་ཀྱི་བླ་མའི་ཡང་སྲིད་བཙལ་མི་ཤེས་ལ། གལ་སྲིད་བཙལ་བ་ཡིན་ན་ད་ལྟའི་རྒྱལ་མཚན་ནོར་བུ་ནང་བཞིན་ཕྱི་ལ་སྟོན་མི་ཤེས་ནང་ལ་ཕན་མ་ཐོག་པ་ཞིག་ཏུ་འགྱུར་རྒྱུ་ལས་གཞན་མེད། ངས་ཐད་ཀར་༧རྒྱལ་བ་རིན་པོའི་ཡང་སྲིད་སྐོར་གང་ཡང་བཤད་མི་སྤོབས་ཀྱང་། གོང་ས་མཆོག་གིས་ད་དུང་ཁོང་གིས་ཡང་སྲིད་སྐོར་སེམས་ཁྲེལ་བྱེད་པའི་དུས་ལ་སླེབས་མེད་གསུངས་འདུག་པས་བློ་བདེ་བོ་བྱེད་ཆོག་གི་འདུག སྤྱིར་མ་འོངས་ཡང་སྲིད་སྐོར་ལམ་སྟོན་བཀའ་སློབ་གསལ་བོ་གནང་ཡོད་པས་རྒྱ་ནག་ལ་གོ་སྐབས་ནམ་ཡང་རག་གི་མ་རེད། མ་གཞི་རྒྱ་ནག་གཞུང་གིས་བོད་ཀྱི་སྲིད་དོན་དྲང་བདེན་གྱི་ཐོག་ནས་ཐག་གཅོད་དགོས་པ་ལས་ཡང་སྲིད་རྫུན་མ་་ཞིག་བཙལ་བས་ཕན་མི་ཐོགས་པའི་ཁར། ད་དུང་ བོད་དང་རྒྱ་གཞུང་བར་གྱི་ཞེ་འཁོན་དང་འགལ་ཟླ་གཏིང་ཟབ་ཏུ་གཏོང་གི་ཡོད་པ་རེད།
དེང་སྐབས་སྲིད་དོན་མཉམ་ཞིབ་པ་མང་པོས་མུ་མཐུད་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་བྱེད་ཐལ་དྲག་ན་མ་འོང་བར་ཏན་ཏན་བོད་ནང་དྲག་སྤྱོད་པའི་ལས་འགུལ་ཡོང་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་ལ། གཙོ་བོ་༧རྒྱལ་བ་རིན་པོའི་འཚེ་མེད་ཞི་བའི་ལམ་སྟོན་གྱིས་མི་གསོད་ཁྲག་འབྱིན་གྱི་ཆགས་སྒོ་ཆེན་པོ་ཞིག་སྔོན་འགོག་བྱས་ཡོད་པ་ལས། བོད་མི་རིགས་ནི་ཚེ་སྲོག་ལ་འཕང་ཞིང་ཤི་རྒྱུར་སྐྲགས་ནས་རྒྱལ་ཁབ་ཀྱང་བརྗེད་འགྲོ་མཁན་གྱི་མི་རིགས་སླ་བོ་ཞིག་མ་ཡིན་པ་ད་ལོའི་བོད་ནང་གི་ཞི་བའི་གྱེན་ལངས་ཆེན་མོས་ཀྱང་ར་སྤྲད་ཡོད།
༣ གོང་བཤད་ལྟར་མཐར་ཐུག་ང་ཚོའི་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་འཇོན་ཐང་གིས་ཐག་གཅོད་དགོས་པ་ལས་རྒྱ་ནག་གི་དམངས་གཙོས་བོད་རང་བཙན་ལ་མི་ཕན།
༤ ང་ཚོ་ཤི་ནའང་བོད་ཆོལ་ག་གསུམ་བློས་གཏོང་མི་སྲིད་པ་འགྱུར་མེད་རྟག་བརྟན་རེད།
༥ འདི་ནི་ཕྲུ་གུའི་དྲི་བ་རང་རེད། རྩ་བའི་རྒྱལ་མཚན་ནོར་བུ་རྡ་རམ་ས་ལ་ཡོང་གི་མ་རེད། གལ་ཏེ་ཡོང་བའི་དབང་དུ་བཏང་ན་ཐོག་མར་༧རྒྱལ་བ་རིན་པོའི་ཆེས་མཇལ་ཁ་གནང་རྒྱུ་དང་། དེ་བཞིན་ཁོང་ལའང་བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོངས་རྫོགས་ཐོབ་རྒྱུ་ཡིན་པ་བརྗོད་མ་དགོས་པ་རེད། ཁོང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་ལེན་མེད་པ་ལས་བོད་མི་མ་ཡིན་པའི་རྩོད་གཞི་ཡོད་པ་མ་རེད། ལས་འགན་ཁོ་རང་གི་རང་འཇོན་ཐང་གིས་ཐག་གཅོད་གི་རེད།
ངས་ནི་གོང་གི་དྲ་བ་དེ་ཚོར་བསམ་གཞིག་བྱེད་པ་ཙམ་ལས་ལན་འདི་རེད་ཟེར་བ་ཞིག་རྒྱག་ཤེས་མ་སོང༌། ང་རང་ལ་་དྲི་བ་ཟེར་ན་འདྲ། སེམས་ཁྲལ་ཟེར་ན་ཡང་འདྲ། གཤམ་གསལ་འདི་གསུམ་འདུག
༡་ ཨི་ལེམ་པིག་གི་རྗེས་སུ་རྒྱ་ནག་ནང་དང་བོད་ནང་གི་གནས་སྟངས་བཟང་ངན་གང་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ། འདིའི་སྔ་རྗེས་སུ་ལས་འགུལ་ཀྱི་བཟོ་ལྟ་སྤེལ་མཁན་ཚོར་སྟངས་འཛིན་རྩད་གཅོད་ག་འདྲ་ཞིག་བྱེད་རྒྱུ་ཡིན་ནམ།
༢་ ཨ་མེ་རི་ཁ་མངའ་སྡེ་གཅིག་སྒྲིལ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེར་དཔལ་འབྱོར་ཉམས་རྒུད་ཆེན་པོའི་མགོ་ཚུགས་པ་འདི་ལས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཆུང་གང་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ།
༣་ རྒྱ་ནག་རང་གི་མི་དམངས་ཕལ་མོ་ཆེའི་སེམས་སུ་གུང་ཁྲན་གཞུང་འདི་ལེགས་ཉེས་གང་ཞིག་ཏུ་རྩི་བཞིན་ཡོད་དམ།
སྟག་སྨྱོན་ལགས། ཁྱེད་ཀྱིས་བོད་ཡིག་གི་དཔེ་དེབ་གཅིག་ཀྱང་ནང་ལ་ཉར་མེད་གསུངས་འདུག ཁྱེད་བོད་ཡིག་གི་ཆུ་ཚད་འདི་ལྟར་ལེགས་པོ་ཡོད་མཁན་ཞིག་ཡིན་སྟབས་བོད་ཡིག་གི་དཔེ་དེབ་ཁ་ཤས་རེ་ཉར་ན་མི་ལེགས་སམ། ཡང་མིན་ན་སྔོན་གྱི་གྲུབ་ཐོབ་ཚོས། རང་གི་སེམས་ལ་ལྟ་བ་ལས། །ཡིག་ནག་དཔེ་ལ་ལྟ་མ་མྱོང༌། །གསུངས་པ་ལྟ་བུའི་དམིགས་བསལ་གྱིས་བོད་ཡིག་གི་དེབ་སྤངས་པ་ལ་རྒྱུ་མཚན་གཞན་རེ་ཡོད་ན་རྒྱུ་མཚན་གཞན་རེད། ང་ནི་བོད་ཡིག་གི་དེབ་ཉར་བ་ལ་དགའ་པོ་ཡོད། སྐབས་བབ་ཀྱི་གླེང་གཞི་དང་མ་འབྲེལ་ཡང་ཁྱེད་སྐུ་སྒེར་ལ་གླེང་མོལ་ཙམ་དུ་ཐལ། དྲྭ་གྲོགས་གཞན་ཚོར་དགོང་དག་ཞུ།
༡ དགོས་མཁོའི་དཔེ་དེབ་དང་གཟའ་ཉི་མ་བསྐྱལ་བྱེད་ཀྱི་བོད་དེབ་རེ་ཡོད་ན་དགའ་ཡང་ངའི་ཁོར་ཡུག་འདིར་རག་རྒྱུའི་རེ་བ་མི་འདུག སྐབས་རེ་ཟླ་བ་མང་པོར་བོད་སྐད་བཤད་སའང་མི་རག་པས་སྐྱོ་སྣང་ཆེན་པོ་འདུག དེའི་ཕྱིར་སྒོར་མོ་ཡོད་དུས་མཚན་མོའི་ཆང་ཁང་དང་གཞང་ཁང་ནང་ལ་སོང་ནས་བསྡད་ཡོད།
༢ དེང་སྐབས་བོད་པའི་སྤྱི་ཚོགས་ནང་རང་དབང་ཆེན་པོ་དང་རྩོམ་པ་པོ་ཡིན་ཟེར་མཁན་མང་བས་ཀློག་པ་པོ་ལ་ཐོབ་ཐང་མི་འདུག རྩོམ་ཡིག་ལ་གདེངས་འཇོག་གང་འདྲ་བྱེད་མིན་ཀློག་པ་པོའི་ལས་འགན་ཡིན་ཡང་། ང་སྤྲུལ་ང་མཁས་དང་ཁོང་གི་གྲོགས་ཉེ་ཚོས་ཀློག་པ་པོའི་ཐོབ་ཐང་སྒེར་བདག་བྱས་འདུག་པས་ཁག་པོ་འདུག ཁོང་ཚོས་བྲིས་ཚད་དང་དྲན་ཚད་ཡག་པོ་འདུག་མ་ལབ་ན་དགེ་ཆོས་ཀྱི་གསུངས། མངོན་གྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། ། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། ། མདོར་ན་ཕྲག་དོན་ཅན་གྱི་སྐྱེ་བོ་དེའི། ། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། ། ཞེས་དང་འབུར་འཇོམ་བྱེད་ཀྱི་འདུག་ཟེར་ནས་ཤོག་ཞྭ་སྐོན་ཡོང་གི་འདུག དེང་སང་གི་གསར་རྩོམ་པ་ཚོར་མཁས་རྟགས་མེད་ཀྱང་དཔའ་རྟགས་ངོ་མ་འདུག
གལ་སྲིད་མཁས་དྲགས་པ་ལ་མ་དགའ་བ་ཡིན་ན་ངའི་ཕྲག་དོག་བྱེད་ས་དང་པོ་འབུ་འདྲ་བོ་ཁོ་ཚོ་མ་ཡིན་པར། གངས་ཅན་མཁས་པའི་གཙུགས་རྒྱན་ཙོང་ཁ་བ་ཟེར་བ་དེ་འདྲ་འདམ་ས་རེད།
མ་གཞི་ཀློག་པ་པོའི་གདེངས་འཇོག་མཐོ་དམན་གྱི་ཐོག་ནས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་རིན་ཐང་མཇལ་དགོས་པ་ལས། ཐོག་མར་བརྩམས་དེ་ནས་འདི་ཁས་ལོངས་ཞེས་བཙན་སྐུལ་གཏོང་མི་འོས་སྙམ། ཀློག་མཁན་ལ་དགའ་སྡུག་གི་ཚོར་བ་གང་འདྲ་ཞིག་སླེབས་པ་དེ་ནི་རྩོམ་པོ་དང་བརྩམས་ཆོས་ཀྱི་རིན་ཐང་ཡིན་པ་རེད། ང་དང་ངའི་གྲོགས་པོའི་རྩོམ་ཡིག་ཁས་མི་ལེན་པའི་ཀློག་པ་པོ་ནག་ཅན་དང་ལྐུགས་པ་རེད་ཟེར་བ་དགོད་བྲོ་བོ་རེད། རྩོམ་པ་འདི་ཚོས་སེམས་ནད་བཟོས་ཆེ་བས་སྡུག་གཏམ་མང་འགྲོ་གི་འདུག གང་ལྟར་དེ་འདྲའི་དབང་གིས་བོད་ཡིག་དང་ཧ་ཅང་ཐག་རིང་ཆགས་སོང་།
སྟག་སྨྱོན་ལགས། དགོང་དག ངས་གོང་གི་སྐད་ཆ་དེ་ཁྱེད་ལ་དྲང་པོར་སྨྲས་པ་ཡིན། ཁྱེད་ཀྱི་གདུང་ཚོར་དང་ཆ་འདྲ་བ་ཞིག་ང་ལ་ཡང་ཡོད། ཁྱོད་བོད་དང་བྲལ་ཡང་བོད་ཁྱེད་དང་འབྲལ་ཐུབ་ཀྱི་མ་རེད། དེ་ནི་ང་ཁ་བརྡ་དྲྭ་རྒྱ་ལ་འཛུལ་ཐེངས་མང་པོ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན། ང་ལ་རྩོམ་ཡིག་ཁྱབ་བསྒྲགས་བྱས་པ་བདེན་ཡང་གྲོགས་པོ་ཁྱབ་བསྒྲགས་བྱེད་པར་བསྙོན་འཛུགས་ན་ཁྱེད་བརྒྱ་ཆ་བརྒྱ་ཐམས་པ་ནོར་བ་རེད། གཅིག་བྱས་ན་ངས་ཚེ་འདིར་ཁྱེད་ཀྱིས་དེའི་དཔང་རྟགས་མཐོང་ཐུབ་སྲིད། ཁ་བརྡ་བྱེད་དུ་ཐེང་མང་ཙམ་ཕེབས་དང་ང་ཚོ་མ་མཐོང་རྒྱང་གི་གྲོགས་པོ་བྱེད་ཐུབ། གྲོགས་པོ་ལགས། ཁྱེད་ནམ་ཡང་ཁེར་རྐྱང་དུ་ལུས་མི་སྲིད།