བསམ་གླིང་ཚེ་རིང་ལྷ་མོ།
དེང་དུས་འཛམ་གླིང་སྟེང་གི་ཡར་ཐོན་ཅན་དང་བསམ་བློ་བ། སྤྱི་ཕན་པ། གོ་རྟོགས་ཡོད་པ། མི་མང་གི་ཆེད་དུ་དང་། མི་མང་གི་གཞུང་ཞིག་ཡིན་ན། མང་གཙོའི་ལམ་དུ་བསྐྱོད་ཅིང་། མང་གཙོའི་ལམ་ནས་རྒྱབ་ཁབ་སྐྱོང་ཞིང་། མང་གཙོའི་ལམ་ནས་རྒྱལ་ཁབ་གཞན་ལ་འགྲན་སྡུར་དང་། སྤོབས་པ་ལྡན་པའི་ངང་ཡར་ཐོན་ཅན་གྱི་གྲས་སུ་བསྐྱོད་ཅིང་ཡོད། འོན་ཀྱང་རྒྱ་ནག་གུང་ཁྲན་གཞུང་ནི་ཁ་ཐུར་ནས་ཐུར་དུ་དུད་ཅིང་། མཁྲེགས་བཟུང་དང་གུ་དོག བཅོས་མ། གཉའ་གནོན། བཙན་ཤེད། བརྙས་བཅོས་རྡུང་རྡེག རུལ་སྲུངས་བཅས་ཀྱི་ལམ་དུ་བསྐྱོད་ཅིང་ལོ་རབས་དྲུག་བཅུ་པའི་སྨྱོ་མཆོངས་དེར་ད་དུང་ཡང་། དཔྱད་སྟོབས་ཀྱི་རྣམ་དཔྱོད་མེད་པར་ལོངས་མཆོངས་བྱེད་བཞིན་ཡོད། དེ་དག་ནི་འཛམ་གླིང་སྐྱེ་བོའི་ཁྲོད་དུ་ཆེད་མུན་ནག་དང་། སྡུག་རྩུབ། གཉའ་གནོན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད། མ་གཞི་བྱས་ན་རྒྱ་ནག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་པའི་རྒྱལ་ཁབ་གཅིག་ཡིན་ཞིང་། རྒྱལ་ཁབ་དེར་མི་རིགས་མང་ལ་རིགས་གཞུང་ཕུན་སུམ་ཚོགས་པོ་ཡོད་པ། ཁོང་ཚོའི་ལག་ཤེས་བཟོ་ལས་གང་ཅིར་འཛམ་གླིང་སྟེང་ངོམས་སུ་ཆོག་པ་ཡོད། ལྷག་པར་དུ་རྒྱ་མི་རིགས་འདི་ལས་ལ་བརྩོན་ཞིང་ཤེས་དཔལ་ལྡན་པའི་མི་རིགས་ཤིག་ཡིན།
འོན་ཀྱང་རྒྱ་ནག་དམར་པོའི་དབང་སྒྱུར་འོག་ཚུད་པའི་དུས་རབས་འདི་དག་ནང་། མའོ་ལ་སོགས་པའི་དམར་པོའི་ལྟ་གྲུབ་རེ་རེའི་འོག་ནས་ཁོང་ཚོའི་མི་མང་གི་རང་དབང་བསམ་བློའི་བདེ་སྐྱིད་ཀྱི་ཚད་གཞི་བོར་བརླག་ཐོག ཡོད་ཚད་གུང་ཁྲན་རིང་ལུགས་ལ་རེ་བ་བཅོལ་ཞིང་། མཐའ་ན་རིག་གསར་གྱི་སྡུག་སྦྱོང་དང་། ཡ་ང་བའི་འཚོ་བ་དེ་དག་ཀྱང་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པའི་ཐེམ་སྐས་ཡིན་ཁུལ་བྱས་མྱོང་ཡོད། མཐའ་མཇུག་ཏུ་ཐའི་ཝན་ལ་སོགས་པའི་རིགས་མཐུན་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་གྱི་གནས་སྟངས་ཡར་ཐོན་ཅན་དུ་འགྱུར་ཏེ། རྒྱ་ནག་དམར་ཤོག་དེ་རྗེས་ལུས་ཡིན་པ་གཞི་ནས་ངོས་འཛིན་བྱུང་ཐོག ལོ་རབས་༨༠ པར་དམར་ཤོག་ཚོགས་པས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱས་རྗེས་དང་། དམར་ཤོག་སྐྱར་དར་རམ། ཆབ་སྲིད་ཅུང་གུ་ཡངས་ཀྱི་དུས་རབས་དེ་དག་ནང་ཁོང་ཚོའི་མི་རིགས་འདིས། དཔལ་འབྱོར་གྱི་ཁེ་ཕན་འཚོལ་རྒྱུ་ཁོ་ན་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་བརྩི་འཇོག་ཞུ་རྒྱུ་ཙམ་ལས། རང་རང་སེམས་ཀྱི་ཞི་བདེའི་བདེ་སྐྱིད་དང་། ལས་རྒྱུ་འབྲས། མེས་པོའི་ལམ་ལུགས་སྲོལ་ལ་སོགས་པའི་ཡ་རབ་བཟང་སྤྱོད་སོགས་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད། དེ་ནི་ཁོ་ཚོར་དམར་ཤོག་གི་ལྟ་གྲུབ་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་རྗེས་འབྲས་དངོས་དེ་ཡིན།
ད་ཡོད་རྒྱ་ནག་གི་ཆབ་སྲིད་སྐྱོང་སྟངས་དངོས་དེ། དཔོན་རིགས་ཁག་གི་གཉེན་ཚན་ཚོས་ཁེ་ལས་གང་བྱུང་དུ་གཉེར་བ་དང་། ཁེ་ལས་གཉེར་བའི་ཁ་ཕྱོགས་ས་དེ་ཡང་བོད་དུ་ལྡིར་ཞིང་། རྒྱ་ནག་མི་མང་དཀྱུས་མ་ཚོར་ཁེ་ལས་དེ་དག་ལས་ཤ་སྟི་ག་བགོ་འགྲེམས་བྱེད་ཐུབ་ཐབས་དེ་ཡིན་པ་དང་། དེ་ཡང་བོད་སྐྱོར་གྱི་ཁ་གཡང་འོག་ཏུ་གནས་རི་དང་། ཆུ་བོ་རྩ་ཆེན་སོགས་སུ་གང་བྱུང་གི་འཛུགས་སྐྲུན་ལས་གཞི་སྤེལ་བ་དེས་བོད་མི་མང་གི་སེམས་པར་ཕོག་དུག་ཆེན་པོ་བཟོ་ཞིང་ཡོད། རྒྱ་ནག་ནང་ཁུལ་དུ་ཡང་མི་མང་དཀྱུས་མའི་འཚོ་ཐབས་ལ་གཞུང་དང་མི་སྒེར་ནས་དོ་ཕོག་བྱུང་ན་དེ་དག་གི་དཀའ་ངལ་ཞུ་ཐབས་དཀའ་བ། དཔོན་ངན་རིང་ལུགས་ཀྱི་དཔུང་ཁག་ཆེན་པོའི་འོག་ནས། མི་མང་རང་རང་གི་ལྟ་གྲུབ་དང་འཚོ་བའི་བདེ་སྐྱིད་ཀྱི་ཆེད་དམར་གཞུང་ལ་ངོ་རྒོལ་གང་ཞིག་བརྩམས་ཀྱང་། དེ་དག་དྲག་པོའི་དཔུང་གིས་འབུར་འཇོམས་བྱེད་པ་དེ་ཡིན།
མཐའ་ན་མང་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དུ་གསར་འགྱུར་བརྒྱུད་ལམ་ནི་མི་མང་གི་མགྲིན་ཚབ་པའི་ངོ་བོར་གནས་ཀྱང་། རྒྱ་ནག་དམར་ཤོག་ནང་། གསར་འགྱུར་བརྒྱུད་ལམ་ཡོངས་རྫོགས་དམར་པོའི་ལྟ་གྲུབ་འགྲེལ་བརྗོད་དང་། འཁྲབ་སྟོན་བྱེད་པའི་ལག་ཆ་གཙོ་བོར་འགྱུར་ཏེ། དྲང་བདེན་གྱི་རྒྱབ་སྐྱོར་ཐོབ་རྒྱུ་ཕར་བཞག དེ་ལས་ལྡོག་པར་རྒྱ་ནག་གུང་ཁྲན་ཡག་རབ་དང་། རྒྱལ་ཁབ་ལ་དགའ་ཚུལ་གྱི་སྐད་ཆ་ཁོ་ན་སྦྱོང་བརྡར་བྱས་ནས་ཤོད་དུ་འཇུག་རྒྱུ་དེ་གསར་འགྱུར་བརྒྱུད་ལམ་གྱི་མདུན་ལམ་ཉག་ཅིག་དེ་ཡིན། མཐའ་ན་གསར་འགྱུར་བཅའ་དྲིི་བ་དག་གིས་གསར་འགྱུར་བཅའ་དྲིའི་སྐབས་ཀྱི་ལན་ཚང་མ་ཁོ་པ་ཚོའི་འདོད་འདུན་བཞིན་སྨྲ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་དེ་ནི་ཁོང་ཚོའི་སྲོལ་རྒྱུན་དུ་གྱུར་ཡོད།
གཞན་ཡང་དམར་ཤོག་གིས་འགྲིག་མེད་པའི་རྣམ་པ་བསྟན་པའམ་ཡང་ན་མང་གཙོའི་ལམ་ལ་ཁ་ཕྱོགས་ཚེ། དམར་གཞུང་ནས་དམར་ཤོག་ལྟ་གྲུབ་ཀྱིས་སློབ་བཅུན་བྱེད་པ་མ་ཟད། གལ་ཆེ་ཤོས་དང་འཚབ་ཆེ་ཤོས་དེ་བོད་བཙན་བཟུང་བྱེད་སྐབས་ཀྱི་གནས་ཚུལ་རྣམས་རྒྱུད་སྟོན་བྱ་རྒྱུའི་ལང་ཤོར་དུ་གྱུར་ཡོད། དེ་ཡང་བོད་རྒྱལ་ཁབ་བཙན་བཟུང་བྱེད་པའི་སྐབས་དམག་སྡེ་བཅོ་བརྒྱད་པས། དཀའ་སྡུག་ག་ཚོད་མྱངས་པ་དང་།དམག་མི་ག་ཚོད་ཤི་བ། དཔེར་ན་འཁོར་ལམ་བཟོ་བའི་སྐབས་དང་བོད་དུ་སྐྱོད་པའི་སྐབས་གྲོད་པ་ལྟོགས་པ་སོགས་ཁོ་པ་ཚོས་བྱས་རབས་དང་བཏང་རབས་སོགས་ཀྱི་བརྙན་འཕྲིན་དཔར་ཤུས་རྣམས་ཡང་ཡང་བསྟན་ཏེ། ཁོ་པ་ཚོའི་མི་མང་གིས་གལ་སྲིད་མང་གཙོའི་ལམ་ཕྱོགས་འདམ་ག་བྱས་ཚེ། དྲག་པོའི་སྟོབས་ཤུགས་ཉམས་དམས་སུ་ཕྱིན་ཏེ། བོད་དང་ཤིན་ཅང་སོགས་རང་བཙན་རྒྱལ་ཁབ་ཏུ་ཐོན་སྲིད་པའི་ཉེན་བརྡ་གཏོང་གི་ཡོད།
གལ་སྲིད་བོད་དང་ཤིན་ཅང་སོགས་རང་བཙན་ཐོག་ཐོན་ན་ཁོ་པ་ཚོའི་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། ནུས་པའི་འབྱུང་ཁུངས་གཙོ་བོ་དག་ཤོར་ནས་རྒྱ་ནག་མི་མང་ལ་དཔལ་འབྱོར་དཀའ་ངལ་ཕྲད་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད། དམར་ཤོག་གི་ལྟ་སྤྱོད་སེམས་ཁམས་སུ་སིམ་པའི་རྒྱ་ནག་མི་མང་ནི་དཔལ་འབྱོར་ལས་བསམ་རྒྱུ་མེད་པས་རང་དབང་མང་གཙོའི་བདེ་སྐྱིད་ལས། བཙན་འཛུལ་དང་། དཔལ་འབྱོར་ཁེ་ཕན་ལེན་རྒྱུ་ནི་ཁོ་པ་ཚོའི་རེ་འདུན་ཉག་ཅིག་དང་། དེ་དག་ལས་འདས་པའི་མདུན་ལམ་ལ་བསམ་བློ་འཁོར་གྱི་མེད།
ཁོང་ཚོའི་སེམས་ནང་བོད་ཀྱི་དྭངས་ཤིང་གཙང་བའི་ཆུ་དང་། ནགས་ཚལ་སྟུག་པོ། གཏེར་ཁུངས་ཕུན་སུམ་ཚོགས་པའི་རི་བོ་དག་གི་རིན་ཐང་ཞལ་དུ་མེད་པ་དག ཡིད་ངོར་འཆར་བས་རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དེ་དྲང་བདེན་ཡིན་མིན་གྱི་རྣམ་དཔྱོད་བེད་སྤྱོད་བྱེད་ཁོམས་ཡོང་གི་མེད།
དེ་བཞིན་དུ་རྒྱ་ནག་གི་ཁེ་ལས་པ་ཚོས་བོད་ནང་གི་མཚོ་དང་གཙང་པོའི་ཉ་དང་མཐོ་སྒང་གི་གཡག་ཤ་ལ་སོགས་པའི་བོད་ཀྱི་ཐོན་ཁུངས་ཡོད་དོ་ཅོག་ལ་ཡིད་དབང་འཕྲོག་པ། གཞན་ཡང་རྫོགས་རྒྱུ་མེད་པའི་བོད་སྐྱོར་ཁ་གཡར་གྱི་འཛུགས་སྐྲུན་ཁེ་བཟང་དག་མིིག་མདུན་དུ་འཁོར་དེ་མང་གཙོར་འགྱུར་བའི་དབང་དུ་བཏང་ན་བོད་དེ་ལོག་ཏུ་ཐོན་ཏེ་གནམ་ནས་ཟགས་པའི་ཤ་བག་ལེབ་དེ་ཤོར་བར་དོགས་ནས་སེམས་འཚབ་སྐྱེ་ཡི་ཡོད། དེ་དག་ནི་མང་གཙོ་ཡར་ཐོན་གྱི་ཕྱོགས་སུ་མཆོངས་སྐྱོད་བྱེད་པར་གེགས་སུ་འགྱུར་བའི་དཔེ་མཚོན་འགའ་ཤས་ཡིན།
རྒྱ་ནག་དམར་ཤོག་གི་བྱེད་སྟངས་གཞན་ཞིག་ནི་རྒྱ་ནག་གི་ཤེས་ཡོན་ཅན་དང་དད་ལྡན་པ་ཚོས་༸གོང་ས་མཆོག་གྱི་ལངས་ཕྱོགས་དེ་ཡང་དག་ཡིན་པ་ར་སྤྲོད་དང་། བོད་འདི་རྒྱ་ནག་དང་ཡུན་རིང་ཁ་བྲལ་དུ་མི་འགྲོ་བའི་ཐབས་ལམ།བོད་དུ་རྒྱ་མིའི་མི་འབོར་གནས་སྤོ་དཀའ་བའི་གནད་དོན། སོགས་ལ་དཔྱད་རྩོམ་སྤེལ་བ་ཁག་ནས་མེ་འཁོར་ལྕགས་ལམ་བཟོས་ཏེ་རྒྱ་མི་ལས་སླ་པོའི་ངང་བོད་དུ་གནས་སྤོ་བྱེད་ཐུབ་པ་དང་། མི་འབོར་དེ་དག་ཀྱང་ཟས་རིགས་ཀྱི་ཆ་ནས་དཀའ་ངལ་མེད་པའི་ཆེད། བོད་དུ་ས་ཞིང་གང་མང་ནང་དུ་ཚལ་རིགས་འདེབས་ལས་བྱས་ཏེ་ཁོ་པ་ཚོའི་འཚོ་བ་སྟབས་བདེ་རུ་གཏོང་ཐབས་བྱས་ཡོད། འོན་ཀྱང་བོད་དེ་ཡུན་རིང་དང་སྟབས་བདེའི་ངང་ནས་རྒྱ་ནག་གི་ཆ་ཤས་སུ་འགྱུར་ཐབས་ཏེ། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་སྟེ། གཉིས་སྨན་དབུ་མའི་ལམ་དེར་རྒྱ་ནག་དམར་པོའི་གཞུང་ནས་ལྡེ་མིག་ལྟ་བུའི་འདུ་ཤེས་དུ་བརྩིས་ནས་མགྱོགས་མྱུར་བཙན་བྱོལ་བོད་གཞུང་དང་གྲོས་མོལ་བྱེད་དགོས་པའི་བསླབ་བྱ་དེ་དག་དང་ལེན་བྱེད་ཕོད་པའི་བློ་ཁོག་དེ་མེད་པ་རེད།
ཕྱིར་སྡོད་རྒྱ་མི་ཤེས་ཡོན་ཅན་དང་། རྒྱ་ནག་གི་ཤེས་ཡོན་ཅན་གང་མང་ཞིག་ནས་ཀྱང་སྲིད་ཇུས་དེ་ནོར་འཁྲུལ་ཞིག་ཡིན་པ་དྲན་སྐུལ་ཡང་ཡང་བྱས་ཤིང་། མགྱོགས་མྱུར་གུ་ཡངས་ཀྱི་ལམ་ཆེན་ཐོག་བསྐྱོད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཀྱང་། ད་ལྟ་གུ་ཡངས་ཀྱི་སྣེ་འཁྲིད་ལྡན་པའི་སྲིད་འཛིན་དག་རྒྱ་ནག་གི་ཆབ་སྲིད་སྡིང་ཆའི་ཐོག་སླེབས་རྒྱུ་ཡིན་པ་འདྲ་ལ། གཅིག་བྱས་ན་སྐྱེ་རྒྱུའང་ཡིན་སྲིད།
ད་བྱས་ན་རྒྱ་ནག་དམར་པོས་གུ་ཡངས་ཕྱོགས་ལ་བསམ་བློ་གཏོང་མི་ཐུབ་པ་གང་ཡིན་ནམ།
རྒྱ་ནག་གི་དམར་ཤོག་ཚོགས་པ་དེ་ཡང་ཤོག་ཁག་ཆེ་ཆུང་དང་། དབང་ཆའི་འཐབ་རྩོད་ཀྱི་རྣོ་ངར་ཤིན་ཏུ་ཆེ་བའི་ནང་དུ་གནས་ཡོད་སྟབས། ཧུའུ་ཡའོ་པང་ལྟ་བུའི་གུ་ཡངས་ཅན་གྱི་ལྟ་བ་བསམ་བློར་འཁོར་མཁན་ཡོད་ནའང་། རང་གི་ལྟ་གྲུབ་ཐོག་གོམ་པ་སྤོ་ཐུབ་པའི་ནུས་པ་དེ་མེད། གལ་སྲིད་དེ་ལས་ལྡོག་ན་དམར་ཤོག་རིང་ལུགས་ཀྱིས་སྤྲད་པའི་གསེར་གྱི་ཕོར་པ་ཤོར་བ་དང་། ཐབས་སྡུག་ན་བཙོན་ཁང་ནང་རང་སྡུག་ཉོ་དགོས་ཁེལ་ཉེན་ཡོད།
དེས་ན་ཁོ་པ་ཚོས་སཱ་ཙྪ་པར་བཏབ་པ་ལྟར་སྒང་ནས་འོག་བར་གྱི་འབོད་ཚིག་གཅིག་པ་གཅིག་རྐྱང་དང་བསྟོད་དབྱངས་གཅིག་ལས་གཞན་པ་གང་ཡང་སྒྲོགས་ཕོད་ཀྱི་མེད། མདོར་བསྡུས་ན་བོད་མིའི་མངོན་འདོད་༸གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་གདན་འདྲེན་ཞུ་བའི་འབོད་སྒྲ་དེར་ཡང་། དང་ལེན་བྱེད་པའི་སྤོབས་པ་མེད་པར་དེ་ལས་ལྡོག་སྟེ། དགྲ་བོ་ངོ་མའི་མིང་ཚིག་བེད་སྤྱོད་དང་། མཚོན་ཆ་བེད་སྤྱོད། དྲག་དམག་བེད་སྤྱོད་ཀྱིས་བོད་རྒྱ་ཆེའི་མི་མང་རྣམས་དྲག་པོ་ཁོ་ནས་འབུར་འཇོམས་བྱེད་པ་ལས་གང་ཡང་མ་འཇོན་པ་དེ་རེད།
དེ་ནི་རྒྱ་ནག་རྒྱལ་རབས་ནང་མུན་ནག་གི་དུས་རབས་དང་། འུ་ཐུག་ཐབས་ཟད་ཀྱི་ཆབ་སྲིད་ལྟ་བ་ཡ་ང་བ་ཞིག་ལས་གང་ཡང་མིན་པ་རེད།
རྒྱ་ནག་དམར་ཤོག་རིང་ལུགས་པར་ངོ་ཚ་ཁྲེལ་གཞུང་རྩ་བ་ནས་མེད་པ་རེད་དམ།
རྒྱ་ནག་དམར་གཞུང་དེ་ཡང་འཛམ་གླིང་རྒྱལ་ཁབ་སྤྱི་ཡོངས་ལྟར་རང་ཉིད་ལ་ངོ་སོ་དང་མཚན་སྙན་ཡོད་པར་དགའ་བ་ཙམ་མ་ཟད། མཚན་སྙན་ཆེད་དུ་ཁོང་ཚོས་བོད་ནང་གི་སྤྲང་པོ་ཕྱི་རྒྱལ་བའི་མིག་མདུན་དུ་མི་མངོན་པ་བྱེད་པ་དང་གཅིག བོད་ཀྱི་ཆབ་སྲིད་བཙོན་པ་རྒྱལ་སྤྱིའི་མིག་གི་མདུན་དུ་མི་མངོན་པ་བྱེད་ཐབས་དང་གཉིས། བོད་མི་རིགས་ཀྱིས་རྒྱ་ནག་དམར་ཤོག་ལ་དགའ་པོ་ཡོད་པའི་རྣམ་པ་སྟོན་ཐབས་དང་གསུམ་ལ་སོགས་པ་དེ་དག་དང་དེ་དག་ལ་འབད་བརྩོན་རབ་དང་རིམ་པ་བྱས་ཡོད།
འོན་ཀྱང་ཁོང་ཚོར་ཐོབ་པ་ནི་ཕྱི་རྒྱལ་ས་ཕྱོགས་གང་དུ་སོང་ཡང་ངོ་རྒོལ་སྐད་འབོད་འཚམས་ཆད་མྱོང་མེད་པ། བོད་ནང་གི་བོད་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོད་པའི་རྣམ་པ་འཁྲབ་སྟོན་བྱེད་པའི་མུར་བོད་མི་དེ་དག་དང་། དེ་དག་གིས་དྲག་པོའི་མཚོན་ཆའི་འོག་ཏུ་ཡར་ལངས་ངོ་རྒོལ་བྱས་པས་མ་ཚད། བསམ་ན་ཡང་བསམ་ཕོད་ཐབས་བྲལ་བའི་མེར་སྲེགས་ལས་འགུལ་གྱིས་ངོ་རྒོལ་འདི་ཙམ་བྱས་པ་ནི་རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བའི་དུས་རབས་ཤིག་ཏུ་བསྐྱལ་ཡོད།
བོད་མི་རིགས་འདི་ཉིད་ཀྱི་ལངས་ཕྱོགས་ནི་རྒྱ་ནག་དམར་པོའི་དཔལ་འབྱོར་བསླུ་སྦྲིད་ཀྱིས་ཁ་སྒྱུར་བྱེད་མི་ཐུབ་ལ། དྲག་པོའི་མཚོན་ཆ་དང་དཔུང་གིས་ཁ་ལོ་བཅུན་མི་ཐུབ་པ་ཞིག་ཡིན་པས། ད་ཆ་རྒྱ་ནག་དམར་པོའི་གཞུང་བྱ་དཀའ་བྱེད་གཏད་དུ་འགྱུར་ཡང་། ཁོ་པ་ཚོས་ལྐུགས་པས་ཚ་ཟས་པ་ལྟར་སྡོད་ཐབས་མེད་པར། འཛམ་གླིང་མི་མང་ལ་གཅོས་མའི་གདོང་པ་བསྟན་ཐུབ་ཆེད། གཡོ་སྒྱུའི་ཐབས་ལམ་གཅིག་རང་ལས་མེད་པ་ནི། དཔལ་འབྱོར་ཡར་རྒྱས་ཀྱི་དར་ཆ་མཁའ་ལ་ཕྱར་རྒྱུ་དེ་དང་། བོད་མིའི་སེམས་ནང་གི་མངོན་འདོད་དེ་དག་ནི་༸སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་ནས་ངན་སྐུལ་བྱས་པ་རེད་ཅེས་པའི་ཁ་གཡང་རྙིང་པ་དེ་སྒྲོག་རྒྱུ་ཙམ་ལས་ལྷག་མེད།
མ་གཞི་བྱས་ན་བཙན་བྱོལ་བོད་གཞུང་དང་། ༸གོང་ས་སྐྱབས་མགོན་མཆོག་གིས་དེ་ལྟར་བཀའ་གནང་གི་མེད་པ་ཁོ་པ་ཚོས་ཤེས་ཀྱི་ཡོད། འོན་ཀྱང་འཛམ་གླིང་མི་མང་མདུན་དུ་གཤད་གཡམ་འདི་འདྲ་ཞིག་མ་སྤེལ་རང་སྤེལ་རེད་ལ། ཉེ་བའི་ལོ་ཤས་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མིས་རང་ལུས་མེར་སྲེགས་ཀྱིས་དམར་གཞུང་ལ་ངོ་རྒོལ་བྱས་པ་འདི་ནི། རྒྱ་ནག་དམར་ཤོག་གིས་འགྲེལ་བཤད་བྱེད་ཐབས་བྲལ་བའི་ཆབ་སྲིད་ཀྱི་ཕམ་ཁ་ཆེན་པོ་ཞིག་རེད།
མདོར་བསྡུས་ན་བོད་བཙན་བཟུང་བྱས་པ་འདིས་རྒྱ་ནག་འདི་པ་འཛམ་གླིང་ནང་གི་ཆེས་སྡུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཁ་བྲལ་མི་ཐུབ་པར་འགྱུར་འདུག་ལ། འཛམ་གླིང་ནང་མགོ་བོ་བཀྱག་ཐབས་བྲལ་བའི་གནད་འགག་དེ་ཆགས་ཡོད། གཞན་ཡང་རྒྱ་ནག་མི་མང་ལ་རང་དབང་མང་གཙོའི་ལམ་བཟང་ལ་འགྲོ་བསྐྱོད་བྱེད་པའི་དགག་རྡོ་ཆེ་ཤོས་སུ་གྱུར་ཡོད། རྒྱུ་མཚན་ནི་གོང་དུ་བཀོད་པ་ལྟར་དང་། རྒྱ་ནག་མང་གཙོར་འགྱུར་རྗེས་ཨུ་རུ་སུ་ལྟར་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་རྣམས་ཁ་བྲལ་དུ་འགྲོ་བར་དོགས་པ་དེ་རེད།
འབྱུང་འགྱུར་རྒྱ་ནག་དང་བོད་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་ཇི་ལྟར་འཚོལ་ཐུབ་བམ།
བོད་རྒྱལ་ཁབ་དང་རྒྱ་ནག་རྒྱལ་ཁབ་གཉིས་ནི་ལོ་ངོ་སྟོང་ཕྲག་ཡན་གྱི་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ཞིང་། རྒྱ་ནག་རང་ཉིད་ནས་ནམ་རྒྱུན་ཁ་ན་ན་གྲངས་བཞིན་པའི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱ་ནག་རྒྱལ་པོའི་སྲས་མོ་ཝུན་ཤིང་ཀོང་ཇོ་གཉིས་ཀྱིས་རྒྱ་བོད་མི་རིགས་གཉིས་དབར་མཛའ་མཐུན་སྐྲུན་ཡོད། ཅེས་པར་ཆ་བཞག་ན། ལོ་ངོ་སྟོང་ཕྲག་ཡན་གྱི་མཛའ་མཐུན་དཔུང་པ་མཉམ་གཤིབ་བྱེད་པའི་རྒྱལ་ཁབ་གཉིས་གཅིག་འོག་གཅིག་གིས་བསྡུས་དགོས་པ་གཙོ་བོ་མ་ཡིན་པར། ངེས་པར་དུ་མཛའ་མཐུན་མཉམ་གནས་ཀྱི་མཐུན་ལམ་འཛུགས་རྒྱུ་ནི་སྐབས་དེ་དུས་ཀྱི་ང་ཚོའི་མེས་པོ་ཚོའི་དགོངས་གཞི་དང་། ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་མང་གི་མངོན་འདོད་རེད་ཟེར་ཀྱང་ཆོག
གལ་སྲིང་ང་ཚོ་རྒྱལ་ཁབ་གཉིས་པོ་མཛའ་མཐུན་མཉམ་གནས་ཤིག་བྱུང་ན། ཆོས་ལུགས་ཀྱི་ཆ་ནས་དང་། ལོ་རྒྱུས་ཀྱི་ཆ།མི་ཆོས་རིང་ལུགས་ཀྱི་ཆ། ས་བབ་ཀྱི་ཆ་བཅས་གང་ཅིའི་ཆ་རྐྱེན་ཚང་བ་ཞིག་ཡིན། དེ་ལྟར་བྱུང་བར་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། དམར་ཤོག་ཚོགས་པས་བསམ་བློ་གུ་ཡངས་ཙམ་བྱེད་དགོས།གལ་ཏེ་ཕན་ཚུན་གཉིས་སྨན་གྱི་གྲོས་བསྡུར་བྱུང་ཚེ། ད་བར་རྒྱ་ནག་དམར་ཤོག་གིས་ནོར་འཁྲུལ་གྱི་ལམ་ནས་བོད་ནང་མི་གསོད་ཁྲག་སྦྱོར་དང་། རྡུང་འཕྲོག་བཅོམ་གསུམ་བྱས་པའི་ལོ་རྒྱུས་ཀྱི་ནག་ཉེས་དེ་དག་ལ་ང་ཚོ་བོད་མིའི་ངོས་ནས་ཀྱང་གུ་ཡངས་ཀྱི་ལྟ་བ་ཞིག་འཛིན་དགོས་ངེས་ཡིན།
གལ་སྲིད་འབྱུང་འགྱུར་རྒྱ་ནག་མང་གཙོའི་ལམ་དུ་འགྱུར་ཐུབ་ན། ང་ཚོ་བོད་མི་རིགས་འདི་ངེས་པར་ལོག་ཏུ་འདོན་པའི་དགོས་པ་རྒྱུ་མཚན་མེད་ལ། ང་ཚོའི་ངོས་ནས་ཀྱང་ཆིག་སྒྲིལ་སྟོབས་ཆེན་རྒྱལ་ཁབ་གཅིག་འཛུགས་པར་རྒྱབ་འགལ་བྱེད་མི་སྲིད་པ་ཡིན།
དེ་ནི་ང་ཚོ་བོད་མི་རིགས་འདི་ཉིད་ཀྱིས་ཉམས་སུ་ལེན་པའི་ནང་པའི་ཆོས་ཀྱི་ལྟ་གྲུབ་དེ་ཡོད་པས་ཡིན་ལ། ༸སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་རླབས་ཆེན་དགོངས་གཞི་ཞི་མཐུན་མཉམ་གནས་ཡིན་པ། གཞན་ཡང་ཁོང་གི་བྱམས་བརྩེའི་ལྟ་གྲུབ་དེ་བོད་མིའི་སེམས་ནང་སིམ་ཡོད་པས་ཀྱང་ཡིན།
བདེན་ནོ་བདེན་ནོ།། དོན་པོ་དོན་པོ།། གླེང་འདུག་གླེང་འདུག། ཡི་རང་ཡི་རང་།།
བོད་ཀྱི་གནད་དོན་ཐག་གཅོད་འོས་འཚམས་མ་བྱུང་བའི་སྔ་རོལ་དུ།
རྒྱ་ནག་མང་གཙོར་འགྱུར་ན་བོད་རང་བཙན་གྱི་རེ་བ་དེ་བས་ཆུང་དུ་འགྲོ་ངེས་ཡིན་། གང་ཡིན་ཞེ་ན་རྒྱལ་ཁབ་ཀྱི་བདག་དབང་ལ་སེམས་ཁུར་དང་ཞེན་ཁོག་ཇེ་ཆེར་འགྲོ་བ་ཆོས་ཉིད་ཡིན་པས་ནོར་བུ་རིན་པོ་ཆེ་ཞིག་ལ་ཐོག་མར་གཉིས་གྱིས་རྩོད་བཞིན་
པའི་སྐབས་ཐོབ་ཤོར་གྱི་ཐག་མ་ཆོད་པའི་མཚམས་སུ། ད་གཟོད་བདག་པོ་མང་དུ་ཕྱིན་པ་དང་གཉིས་སུ་མ་མཆིས་སོ།
ད་ཆ་མང་ཚོགས་ཀྱིས་བོད་ལ་དེ་ཙམ་བློས་མ་ཐོང་བའི་ཞེན་ཆགས་མེད།
དཔེར་ན་རྒྱ་གར་བས་བོད་པ་བཙན་བྱོལ་བར་འཛིན་པའི་བསམ་བློ་དང་མཚུངས་སོ།
ཁེ་ཕན་ཚང་མ་དབུས་གཞུང་གི་མི་ཉུང་ཤས་ལ་རག་པ་ཙམ་ཡིན་པས་སྡེ་བ་གཞུང་གི་ཇུས་ཏོག་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད། དེ་ལས་ཉལ་ཁྲིའི་འོག་གི་པུ་རིལ་འཁྱེར་ཤོག་ ཅེས་པ་ལྟར་བོད་ལ་དོ་སྣང་དེ་ཙམ་མེད།
གང་ཡིིན་ཟེར་ན་ཉུང་ཤས་ལ་མ་གཏོགས་མང་ཚོགས་བྱིངས་ལ་ཁེ་ཕན་ནམ་ཟ་རྒྱུ་རག་
གི་མེད་པས་མིང་ཙམ་དང་། རྒྱ་ཁྱོ་གྱི་ཆ་ནས་ཞེན་ཆགས་ཅུང་ཟད་ཡོད་ལས་མེད།
དེ་མིན་ཁྱེད་ཀྱི་དགོངས་ཚུལ་ནི་དོན་དངོས་དང་ཕལ་ཆེར་མཐུན་པ་ཞིག་ཡིན་པས་རྗེས་སུ་ཡི་རངསདང་བསྔགས་བརྗོད་གང་མང་ཞུ་བཞིན་ཡོད། མཛེས་མ་འདབས་ཤོགས་གཉིས་ལྡན་གྱི་མོ་ཁྱོ་ག་ལགས། ཁྱེད་ཀྱིས་སྔ་རྗེས་སུ་དྲྭ་རྒྱའི་ཐོག་དབྱེ་ཞིབ་སོགས་ཟབ་ཅིང་རྒྱས་པ་གང་ལེགས་གནང་བར་ཐུགས་རྗེ་ཆེ།
༡བསམ་པས་དཔྱད་ནས་འཇམ་མཉེན་ཕྱག་སྒུལ་ཏེ།།
༢༽གླིང་བཞིའི་ཁྱོན་དུ་བོད་དོན་བསྒྲགས་མཁས་མ།།
༣༽ཚེ་ཡི་འདུ་བྱེད་མ་སྟོངས་དེ་སྲིད་དུ།།
༤༽རིང་ནས་སྙིང་དུ་བརྣག་པའི་རང་བཙན་དོན།།
༥༽ལྷ་ཡི་བདུད་རྩིའི་དཔལ་ལ་རོལ་བའི་སླད།།
༦༽མོ་སྟོན་ཕག་མགོ་མ་མཛད་བདག་དབང་རྩོད།།
ཐོག་མར་གུས་མོས་གྲོགས་མོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་།
དྲ་གྲོགས་རྣམ་པ་གཉིས་ནས་དཔྱད་གླེང་གནང་བར་དགའ་པོ་བྱུང་།
ལྷག་པར་དྲ་གྲོགས་ངག་ཁྲི་ལགས་ནས་གུས་མོར་ཚིག་བཅད་སྙན་པོ་ཞིག་བྲིས་གནང་འདུག
གཞན་ཡང་རང་ཉིད་མོ་སྟོན་ཕག་མགོ་ལྟར་རླུང་རྟ་རྒྱུགས་པའི་མོ་པ་
ཞིག་བྱེད་པར་འདོད་ཡོད།
སྐུ་རྩེད་ཞུས་པ་ཡིན།
བོད་ལྗོངས་སྟག་རྩེ་རྫོང་ཁོངས་ཀྱི་ཡུལ་མི་ཚེ་རིང་ལགས།
རྒྱ་ཕྱོགས་ཀྱིས་གུ་ཡངས་བསམ་བློ་གཏོང་མི་ཐུབ་པའི་རྒྱུ་མཚན་གཅིག་ནི། དམར་པོའི་དགེ་རྒན་ཆེན་མོ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁག་མང་པོར་གྱེས་པ་ལས་བསླབ་བྱ་རག་ཡོད། རྒྱ་ནག་དམངས་གཙོར་འགྱུར་ནའི་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་གི་མ་རེད། བོད་མི་རང་གི་ནུས་ཤུགས་ཆེ་ཙམ་མ་བཏོན་ན་དམངས་གཙོ་དང་འགྱུར་བ། ལུང་བསྟན། གོ་གནས་མེད་པའི་རྒྱ་མིའི་ཤེས་ཡོན་ཅན་གཏམ་སྙན་སྒུག་ནས་བསྡད་ན་ནམ་མཁའི་མེ་ཏོག་སྒུག་པ་དང་གཅིག་པ་ཡིན།
སྐབས་རེ། སྒེའུ་ཁུང་གཞན་དག་ཅིག་ནས་བལྟ་དུས། དམར་ཤོག་ཚོགས་པ་ཟེར་བ་དེ་ལས་ལ་བརྩོན་ཞིང་དཔའ་ངར་ཡོད་མཁན་གྱི་མི་རིགས་ཤིག་ལ་མེད་དུ་མི་རུང་བ་ཞིག་ཏུ་མཐོང་།
དཔེར་མཚོན་ན། རྒྱ་ནག་གུང་ཁྲན་གཞུང་གིས་དེ་རིང་གནམ་འོག་གི་དཔལ་འབྱོར་ལ་ཁ་ལོ་བསྒྱུར་བཞིན་པ་ལྟར་རེད།
ལར་ནས། སྒྲིག་ཁྲིམས་སོགས་ཚགས་ཚུང་ཡོང་བར་དེ་བས་ཁེ་དབང་ཡོད་པ་ཞིག་རེད། དཔེར་བཀོད་ན། རྒྱ་ནག་ཏུ་གཟི་བརྗིད་འོད་སྟོང་ལྡན་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཚགས་ཚུད་ཇི་ལྟར་བྱུང་བ་ང་ཚོའི་སེམས་ལ་ཁྲིགས་ཁྲིགས་རེད། དེ་ལས་ལྡོག་སྟེ། རྒྱ་གར་ལྟ་བུ་དམངས་གཙོར་འབོད་པའི་རྒྱལ་ཁབ་ཏུ་ལྐོག་ཟ་རུལ་སུང་ཁོ་ནས་མི་རིགས་བྱིངས་ལ་དཀའ་སྡུག་ཇི་འདྲ་རེད་ཨང་། ད་དུང་། ཨེ་ཤི་ཡའི་Common Wealth ཞེས་པའི་ལུས་རྩལ་འགྲན་ཚོགས་དེར་ལྐོག་ཟའི་དཀའ་རྙོགས་སོགས་བརྗོད་དུ་ཐུབ་བམ།
གཅིག་བྱས་ན། ལས་ལ་བརྩོན་ཞིང་དཔའ་ངར་ཡོད་ཟེར་མཁན་གྱི་མི་རིགས་ལ་དམར་ཤོག་གི་གཞུང་དང་། ལེ་ལོ་དབང་རྟུལ་གྱི་མི་རིགས་ཚོར་དམངས་གཙོ་དགོས་པ་མ་རེད་དམ། དེའི་ཕྱིར། བདག་ཅག་གི་སྟོན་པས་གདུལ་བྱའི་ཁམས་དང་མཐུན་པའི་སྒོ་ནས་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་མ་རེད་དམ།
རྒྱ་ནག་དམངས་གཙོར་གྱུར་ཀྱང་བོད་ལ་འགྱུར་ལྡོག་ལམ་སེང་འགྲོ་རྒྱུ་ཞིག་གང་ནས་ཡོང།
དཔེར་ན། འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ནི་རྒྱ་གར་རེད།
ད་དུང་ཀ་ཤི་མིར་བ་དེ་ཚོས་རང་སྲོག་བཅད། འཇིགས་བསྐུལ་བྱས། རྒྱ་དཔུང་རྒྱལ་ཁབ་སྟོབས་ཆེན་པ་ནས་གོ་མཚོན་ལག་ཆའི་རོགས་རམ་བྱས། འབྱོར་ལྡན་པ་ཚོས་རྒྱུ་དངོས་ཀྱི་རོགས་རམ་བྱས། ད་དུང་ཡང་ཁོང་ཚོའི་རེ་དོན་འགྲུབ་ཐུབ་ཀྱི་འདུག་གམ།
དམངས་གཙོར་རེ་བ་བྱེད་དེ་བསྡད་ན་ཕན་ཐོགས་ཅང་མེད་ཀི་བསམ་པའི།
རྒྱ་ནག་གི་ཨོ་རྩལ་མགྲན་ཚོགས་ཚག་ཚུད་བྱུང་བ་ནི་གཅིག་བསྡུད་ཀྱི་དྲག་གནོན་འོག་ནས་བྱུང་བ་ཞིག་ལས་བཟང་པོའི་ཡོན་ཏན་གང་ཡང་མ་རེད། རྒྱ་གར་ལྟ་བུ་དམངས་གཙོའི་རྒྱལ་ཁབ་ནང་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ཡོད་པས་ལྐོག་ཟ་རུལ་སུང་གི་གནས་ཚུལ་ཤེས་པ་རེད་ལ། རྒྱ་དམར་ལ་ལྐོག་ཟ་རུལ་སུང་མེད་པ་མིན་ན་ཡང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པའི་དབང་གིས་མ་ཤེས་པ་ཙམ་རེད། དོན་ངོ་མར་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུང་ནི་རྒྱ་གར་གྱི་དཔོན་རིག་ཚོའི་ལྐོག་ཟ་ལྟ་བའི་ཆུང་ཆུང་ཞིག་གཏན་ནས་མ་རེད། ད་དུང་སྒྲིག་ཁྲིམས་དང་མིའི་རང་དབང་རྗེ་བཞིན་ཡོད་པས་བསམ་ཡོད་ཞིག་ཡིན་ན་འདི་ལ་བཟང་པོ་མཐོང་མི་སྲིད།
སྐུ་མགྲོན་ལྷན་རྒྱས་ལ་ཕེབས་བསུ་ཞུ།
གོང་དུ་སྐུ་མགྲོན་ལྷག་བསམ་ལགས་ཞུ་བའི་མཆན་བུ་ཡིག་ཕྲེང་དང་པོ་དེ་ཀློག་དུས་གཅིག་འདྲ་པོ་ཞིག་མཐོང་སོང་།
འོང་རེད། བོད་ནང་དུ་ཆབ་སྲིད་བཙོན་པར་ཁྲིམས་ཐག་གཅོད་པའི་བཅད་ཁྲ་འདྲ་པོ་འདུག
བོད་འཆི་གི་མ་རེད་ཟེར་བའི་བརྙན་འཕྲིན་ནང་བྱིས་པ་དེ་ལ་མཆན་བུ་བོད་ཞེན་ཅན་ཁག་ཅིག་གིས་བོད་སྐད་ཡིག་སྦྱོང་དགོས་པའི་སློབ་སྟོན་གནང་སོང་མོད། འོ་ཡ་གོང་རྩོམ་འདི་འདྲ་འབྲི་ཤེས་པའི་བོད་སྐད་ཡིག་ནི་མ་ཤེས་ན་དྲག་ས་རེད། དཀོན་མཆོག་གསུམ།
ང་ཚོས་༧གོང་ས་མཆོག་སྤྱན་རས་གཟིགས་ཡིན་ལབ་རུང་མ་ལབ་རུང་། ཁོང་གི་དགུང་ལོ་ ༡༦ ནས་ད་བར་འཛམ་གླིང་ཞི་བདེ་དང་བོད་བསྟན་པ་ཆབ་སྲིད་ཁོ་ནའི་ཆེད་ཕྱག་ལས་གནང་ཞིང་། བོད་མི་ས་ཡ་དྲུག་པོ་ཁ་བྲལ་མེད་པར་གཅིག་ཏུ་སྒྲིལ་བའི་ནུས་པའང་ནང་ཆོས་དང་༧གོང་ས་མཆོག་ཁོ་ན་ཡིན་པས་བཀའ་དྲིན་དྲན་ཤེས་མེད་འདི་དངོས་གནས་ཨ་ཙ་མ།
ཅི་དྲག ང་ཚོས་བན་བོན་རྩོད། དགེ་རྙིང་རྩོད། གསར་འབྱོར་རྩོད། བློ་སེང་བཀྲས་མཐོང་རྩོད། འོན་ཀྱང་༧གོང་ས་མཆོག་སྤྱི་པའི་ཉི་མར་གོང་དུ་བཀུར་དུས་དངོས་གནས་རྩོད་པ་གཞན་དག་ཚོ་ཡང་ཨ་མའི་རུམ་ནས་བུ་ཆུང་གཉིས་རྩེད་མོ་རྩེས་པ་ལྟར་མཐོང་མོད། ད་ནི་ང་ཚོའི་རྟེན་ས་ཡོད་ན་དེས་ཆོག་དང་མེད་ན་ཐབས་ཆག་པ་ཁོང་ལའང་ཡ་ང་བག་ཚ་མེད་པར་ཚིག་ངན་རྡུང་ཞིང་ཡོངས་དྲག་གི་དྲྭ་རྒྱ་ཞིག་ཏུ་བསམ་བློ་སྔོན་ཐོན་པར་རློམ་ནས་འཛམ་གླིང་མི་མང་གི་མདུན་ཁྲ་ལམ་མེར་བཤམ་པ་ནི་བློ་ཡུལ་ལས་འདས་པའི་བལྟས་ངན་རེད།
གོང་གི་མཆན་བུ་བཏགས་ས་ནོར་སོང་བས་ཐུགས་སུན་དུ་མ་དགོངས་པར་ཞུ།