༼ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།༽
གྱེར་ནག་ཚང་བློ་གྲོས་འགྱུར་མེད།
༡མཁྱེན་པའི་ཡེ་ཤེས་ཐུགས་ཡང་དག་པ་ཨ་སྔོན་མཐའ་བྲལ་ནམ་མཁའི་དབྱིངས། །
བརྩེ་ཆེན་སྙིང་རྗེ་དྭངས་མའི་གོང་བུ་དཀར་གསལ་ཟླ་བ་གཞོན་ནུའི་འཛུམ། །
ཐུགས་རྗེ་ཀུན་གསལ་སྤྱན་རས་གཟིགས་དབང་ལྷ་མིའི་རྣམ་འདྲེན་བཅུ་བཞི་པ། །
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོར་སྒོ་གསུམ་དྭངས་པས་སྤྱི་བོར་མཆོད། །
༢ཤེལ་དཀར་ཞུན་མ་དྭངས་མའི་མདོག་འཆང་འཇོ་སྒེག་བཅུ་དྲུག་ལང་ཚོ་ཅན། །
ཞི་རྒྱན་བཅུ་གསུམ་མཛེས་པས་བརྒྱན་པ་ཟག་མེད་ཡེ་ཤེས་འོད་ཀྱི་སྐུ། །
རྒྱུད་མངས་སྟོང་གི་གླུ་དབྱངས་སྙན་པ་ཚངས་པའི་སྲས་མོ་ཡིད་འཕྲོག་མ། །
བདག་མགྲིན་ལོངས་སྤྱོད་འཁོར་ལོར་བཞུགས་ལ་རིག་བྱེད་སྨྲ་བ་ཉིད་གྱུར་ཅིག །
༣ཐོག་མར་རིགས་རྒྱུད་ལྷ་ལས་གྲོལ་ཞེས་བོན་གྱི་མཛོད་ལ་གཏུགས་ཀྱང་རུང༌། །
སྤྲེའུ་སྲིན་གཉིས་ལས་མཆེད་ཀྱང་ཆོག་ལ་འཇམ་དཔལ་རྩ་རྒྱུད་ལུང་ཡོད་གསུངས། །
ཚིག་གི་སྤྲོས་པ་ཅི་ཙམ་མཛད་ཀྱང་སྟོང་འབྱུག་འོ་མའི་མར་ལོ་དེ། །
མཆེད་ཁུངས་གཅིག་པས་མི་རིགས་གཅིག་ལ་སྐྱིད་སྡུག་ལྡོག་པ་གཉིས་སུ་བྲལ། །
༤རྣམ་མཁྱེན་སྟོན་པ་གཤེན་རབས་མི་བོས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །
སངས་རྒྱས་བཅོམ་ལྡན་ཤཀ་ཐུབ་ཀྱིས་ཀྱང་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་མཛད། །
སེམས་ཅན་གདུལ་བྱའི་མོས་ངོར་ཙམ་ལ་ལྟེང་ཀ་འབུམ་གྱི་ཟླ་གཟུགས་བཞིན། །
ངེས་དོན་ལྡོག་རྩ་ཧྲིལ་དུ་བསྒྲིལ་ན་མཐར་ཐུག་འཐོབ་ས་གཉིས་མ་དམིགས། །
༥ཞང་ཞུང་བྱར་ཐོབ་བཅོ་བརྒྱད་རིང་ལ་ཞྭ་དཀར་གཡུང་དྲུང་བསྟན་པ་བདོ། །
བཙན་པོ་གནམ་གྱི་ཁྲི་བདུན་རིང་ལའང་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད། །
བར་དུ་སྤྱི་མཐུན་ལས་ཀྱི་རྐྱེན་པས་གྲི་གུམ་རྒྱལ་པོས་གྱེར་བསྟན་བཤིག །
ཆོས་སྲིད་བར་དུ་འགལ་བ་བྱུང་བས་རྟེན་འབྲེལ་དང་པོ་དེ་ནས་འཕྱུགས། །
༦ཆོས་ལྡན་ཞིང་ལ་ཆོས་ཞེན་དྲག་པས་ཕུ་ནུ་བར་ལ་ནང་འཁྲུག་བསླངས། །
སྲིད་དོན་ཁྲིམས་ལུགས་སྲི༷ད་བཞིན་མ་བསྐྱངས་སྟོབས་ལྡན་རྒྱལ་ཁབ་སིལ་བུར་འཐོར། །
བཙ༷ན་པོའི་དུས་རབས་བཙ༷ན་གྱིས་མ་ཟིན་ཆོས་སྲིད་གཉིས་ཀ་ཉམས་པར་གྱུར། །
སྤུ་རྒྱལ་གདོང་དམར་བོད་པ་ཚང་ལ་གོད་ཆག་དང་པོ་དེ་ནས་བྱུང༌། །
༧ཇིང་གིར་སྟོབས་ཀྱིས་འཇིགས་རྔམས་དྲག་པོས་གནམ་ས་གཉིས་ལ་བདག་དབང་བསྒྱུར། །
ཁྲི་སྐོར་བཅུ་གསུམ་ཡོན་འབུལ་མཛད་པས་ཆོས་སྲིད་གཉིས་ཀ་ཁྲག་བཞིན་དཀྲུགས། །
སྤུ་རྒྱལ་བླ་མའི་དུས་རབས་དེ་ནས་དམག་འཁྲུག་ཆུ་བོའི་རྒྱུན་བཞིན་བསླངས། །
ཁ་བ་དཀར་པོའི་གཟི་ཉམས་བརྗིད་པོ་དུས་རབས་དེ་ནས་རིམ་གྱིས་ཡལ། །
༨ལྕགས་རི་རིང་མོའི་ཁུགས་སོ་ཞིག་ནས་སྲེད་ལེན་ནག་པོ་མེ་བཞིན་མཆེད། །
ཤར་རླུང་དམར་པོའི་ཆོ་འཕྲུལ་ཞིག་གིས་ཁ་བའི་འདབ་མ་ཐལ་བཞིན་གཏོར། །
འཇིགས་སུ་རུང་བའི་སྒྱོགས་ཆེན་ངར་མས་ཕོ་བྲང་དམར་པོ་འབེན་དུ་བཟུང༌། །
མི་འདོད་བཙན་གྱིས་རྒྱབ་ནས་དེད་དེ་ཞབས་རྗེས་ཆུང་ཆུང་རི་ལ་བསྒྱུར། །
༩ཨ༷་མྱེས་རྨ་ཆེན་ཨ༷་ཐང་ཆད་ནས་ཕྱག་གི་མདུང་མོ་ས་རུ་གཡུག །
ཡ༷ར་ལྷ་ཤམ་པོས་ཡ༷ར་ཀླུང་གཙང་བོ་འཕྲེད་ཀྱིས་བཅད་དེ་ཨུ་ཚུགས་བསྐྱོན། །
གཉ༷#ན་ཆེན་ཐང་ལའི་གཉ༷ན་གྱིས་མ་ཚུགས་མི་མངོན་ནམ་མཁའི་མཐོངས་སུ་ཡིབ། །
ག༷ངས་དཀར་ཏི་སེ་ག༷ངས་ལ་མ་བཞུགས་མི་འདོད་སེམས་པ་རྒྱང་ལ་བཤེར། །
༡༠མ་ཧཱ་ཙི་ནའི་ཙི་ཙི་སྟོང་གིས་ས་ཆེན་རི་ལ་བཙན་འཛུལ་གྱིས། །
ཕྱྭ་གཡང་སྟོང་གི་གཏེར་སྒོ་མ་ལུས་ཅི་དགར་ལོངས་སུ་སྤྱོད་རྐྱང་བྱས། །
ཕ་ནོར་རིག་པའི་མཛོད་ཀྱི་སྒོ་ལ་གུས་མེད་ཚབས་ཆེན་སྣ་ཚོགས་བགྱིས། །
རང་བྱུང་དྭངས་མའི་ཁོར་ཡུག་ཀུན་ལ་མ་རུང་ཡ་ངའི་གཏོར་བརླགས་བཟོས།།
༡༡འཇིག་རྟེན་དཔལ་མགོན་གཙོ་བོ་བརྒྱད་པོ་མ་རངས་ཆོ་འཕྲུལ་སྣ་ཚོགས་བསྟན། །
ས་བདག་གསང་ལག་ཁྲོས་པས་མ་བཟོད་དབང་མེད་སྐུ་ལ་འདར་གསིག་བརྒྱབས། །
རྩེ་མགུར་བཅུ་གསུམ་དྲག་པོའི་སྟོབས་ཀྱིས་མཐུ་དང་རྩལ་རིམ་སྣ་དགུ་སྤྲུགས། །
རིམ་པ་བཅུ་གསུམ་གནམ་གྱི་དབྱིངས་ནས་རྡོ་རྗེ་ཐོག་གི་མེ་ཆར་ཕབ། །
༡༢རང་བྱུང་འབྱུང་བས་འཇིགས་པ་ཡིན་ན་ལེ་བདའི་ཤུགས་རིང་སུ་ལ་འབྱིན། །
སྤྱི་མཐུན་ལས་ཀྱིས་བཀོད་པ་ཡིན་ན་སྡུག་སྐད་འོ་དོད་ཅི་ལ་ཤོར། །
ས་བདག་རྒན་པོ་བསྒུལ་སྟངས་ཤིག་གིས་སྐྱེ་རྒུའི་ས་ལ་གས་ཆག་གིས། །
ལས་ཀྱི་རྣམ་པར་སྨིན་སྟངས་ཤིག་གིས་གདོང་དམར་ཚང་ལ་གོད་ཆག་སྤྲད། །
༡༣ཧམ་སེམས་དམར་པོ་དྲག་ཏུ་ཁྲོས་ཏེ་གནམ་བདེ་སྒོ་མོ་ཆེ་ཆེར་ཕྱེ། །
ཤར་ནས་བསླངས་པའི་མེ་སྒྱོགས་ངར་མས་ལབ་ཙེ་མཐོན་པོའི་རྩེ་མོ་བསྙིལ། །
ལྷ་ཀླུ་གཉན་གསུམ་དལ་གྱིས་མ་སྡོད་འབྱུང་བཞི་འཁྲུག་པའི་རྒྱུ་རྐྱེན་བསླངས། །
ཕ་ས་གོར་མོ་སྐྱེ་རྒུའི་མདོ་ལ་ས་ཆེན་གས་པས་འཇིགས་པ་བྱས། །
༡༤སྐྱ་རེངས་བུ་མོའི་ཐུ་འོག་དེ་ནས་ནམ་མཁའ་སྐྱ་མོ་ཐོད་ཀྱིས་ལངས། །
དབང་ཕྱོགས་རི་བོ་མཐོན་པོའི་རྩེ་ནས་ཞོགས་པའི་ཉི་ཟེར་འཛུམ་ལ་ཁད། །
གློ་བུར་མི་སྙན་འུར་སྒྲ་ཞིག་གིས་རྟེན་འབྲེལ་འཁྲུག་པའི་རུ་མ་བསླངས། །
དེ་མ་ཐག་ནས་ཡུད་ཙམ་མ་ཕྱིན་རྫ་ལུང་རི་གསུམ་འདར་གསིགས་བརྒྱབས། །
༡༥གནའ་བོའི་ལྷ་ཁང་མཐོན་པོའི་ཏོག་ཀྱང་སྐད་ཅིག་ཉིད་ལ་དུམ་བུར་བཏང༌། །
བྱིན་ཅན་སྟོན་པའི་སྐུ་བརྙན་དག་ཀྱང་དབུ་ལོ་ཐལ་འཚུབ་ཁྲོད་དུ་བསྒྱེལ། །
རྩ་ཆེན་ཆོས་ཀྱི་གླེགས་བམ་རྣམས་ཀྱང་ངེས་མེད་རི་དང་ས་རུ་བསྣུབས། །
གྱང་དང་བརྩིགས་པའི་ཧྲག་བར་དག་ན་མྱ་ངན་འོ་དོད་སྙིང་ལ་གཟན། །
༡༦རིགས་དྲུག་ས་བོན་ཤག་ཤག་བཀྲ་བའི་དར་ལྕོག་རིང་མོ་ཁྲིགས་སེ་ཆད། །
བསང་དུད་ཨ་སྔོན་གནམ་དུ་འཕྱུར་བའི་བསང་ཁྲི་མཐོན་པོ་སྟིག་སེ་འཇིག །
སྐྱབས་འཇུག་ཞུ་སའི་ལྷ་ཀླུ་དག་ཀྱང་སྙིང་རྗེ་མེད་པར་འཇགས་སེ་གྱུར། །
ཕ་ས་གོར་མོ་སྐྱེ་རྒུའི་མདོ་ལ་མི་རོ་སྟོང་གི་ར་བས་ཁེངས། །
༡༧ཐལ་སྐྱ་འཚུབ་པའི་འཇིགས་རུང་བར་ན་མྱ་ངན་ངུ་འབོད་སྙིང་ལ་ཟུག །
ཁང་ཆེན་བཤིག་པའི་གས་སྲུབས་དག་ན་བདག་མེད་བེམ་རོ་བགྲངས་ལས་འདས། །
རྐང་ལག་ཆད་པའི་སྤུན་ཟླ་མང་པོས་རེ་ཡུལ་བཅོལ་སའི་ནམ་མཁའ་སྟོང༌། །
ཤི་མ་གསོན་གྱི་སོ་མཚམས་དེ་ན་རེ་འབོད་སྟོང་ལ་ཡ་ལན་བྲལ། །
༡༨ཁྱིམ་དྲོད་ཡལ་བའི་སྦྲ་ནག་ཕུགས་ན་ཡུག་ས་སྟོང་གིས་བྲང་ཁོག་བརྡུང༌། །
རེ་བ་ཟད་པའི་ཆག་ཧྲུལ་གསེབ་ན་དྭ་ཕྲུག་དུ་མ་ཧད་ཀྱིས་ཅེར། །
བེམ་རོ་བསྒྲིགས་པའི་འཚང་ཁའི་ཁྲོད་ན་གཉེན་ཉེ་ཐམས་ཅད་སྡུག་གིས་གཟེར། །
སྡེ་ཆེན་བསྣུབས་པའི་བྱང་ཐང་དེ་ལ་མྱ་ངན་ནག་པོའི་མུན་པ་འཐིབས། །
༡༩ཆོས་ཀྱི་སྡེ་ཆེན་བསྣུབས་པའི་ཤུལ་ན་རྒྱ་འདྲེ་སྟོང་གི་ཧབ་དགོད་ཤོར། །
སྦྲ་ཁྱིམ་དྲོན་མོ་བརླགས་པའི་ས་ལ་རི་སྤྱང་སྔོན་མོས་ཁེ་བཟང་བླངས། །
མ་ཡུམ་སློབ་ར་སྟོང་པའི་ཐང་ན་ཁྭ་ཏ་ནག་པོས་སྒམ་ཉམས་བསྟན། །
ཧི་མ་ལ་ཡའི་མདུན་རྒྱབ་གཉིས་ནས་སྡུག་གི་མགོ་བོ་དང་གར་སྨད། །
༢༠རང་དབང་དར་ལམ་རླུང་འཕྲིན་བརྒྱུད་ནས་འཛམ་གླིང་ཡངས་པའི་སྙན་གོང་དུ། །
ཕ་ཡུལ་གངས་ལྗོངས་སྐྱེ་རྒུའི་མདོ་ལ་ས་ཡོམ་དྲག་པོས་གནོད་སྐྱོན་ཞེས། །
མི་སྙན་གཏམ་གྱི་གསར་འཕྲིན་སྐྱུར་མོ་གཟུགས་མེད་རླུང་བཞིན་གང་སར་ཁྱབ། །
བྱེས་སུ་འཁྱམས་པའི་སྤུན་མཆེད་ཚོགས་ལ་མི་སྐྱིད་སྡུག་ཚོར་འཕར་མ་སྤྲད། །
༢༡རིགས་ཞེན་དུང་ཁ་མེ་བཞིན་འབར་བའི་ཐུགས་རྒྱུད་འོ་མས་བརླན་པ་ཅན། །
རིག་གྲོལ་ཡོན་ཏན་བརྒྱད་ཀྱིས་ཕྱུག་པའི་དགེ་འདུན་སེམས་དཔའ་ཁྲི་མ་འབུམ། །
རིས་སུ་མ་ཆད་ཕྱོགས་མེད་ཁག་ནས་སྡུག་གི་འཁུར་བོ་འདེགས་རོགས་ཀྱིས། །
སྐྱིད་སྡུག་གཅིག་པའི་སེམས་ཤུགས་འཕར་ནས་ལ་རྒྱའི་མགོ་འཕང་མཁའ་རུ་བཏེགས། །
༢༢གཡུང་དྲུང་བོན་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་ཐུགས་སྨོན་བསྩལ། །
གྲུབ་མཐའ་རིས་མེད་དགོན་སྡེ་ཁག་ནས་གཤིན་ཆོས་སྒྲུབ་ལ་ངལ་གསོ་བྲལ། །
རྒྱུ་འབྱོར་ལྡན་པའི་སྦྱིན་བདག་ཁག་གིས་ཕངས་སེམས་མེད་པར་རོགས་འདེགས་གནང༌། །
གཞན་ཕན་བྱམས་བརྩེ་མངོན་དུ་གྱུར་པའི་མི་རིགས་འདི་ལ་སེམས་འགུལ་ཐེབས། །
༢༣དངན་པ་སྟོང་གི་རི་ལུང་ཀུན་ན་མྱ་ངན་ངུ་སྐད་མ་འཇགས་གོང༌། །
བརྡབས་གསིག་བཏང་བའི་ལུས་དང་མགོ་ན་ཁྲག་གི་རྨ་ཁ་མ་གསོས་གོང༌། །
དུར་དུ་མ་སྦས་རོ་ཐོག་སྟེང་ལ་རྟ་རྒྱུག་ཀི་སྒྲས་བཅགས་བཅགས་འདི། །
སྙིང་རྗེ་མེད་པའི་གདུག་སེམས་རྩུབ་མོ་ཕྱི་ལ་མངོན་པའི་རྟགས་སུ་འཁུམས། །
༢༤གནའ་བོའི་བླ་མཁར་ཡུམ་བུའི་སྒང་ན་བླ་སྲོག་སྟོང་གི་གསོན་ཉམས་འབར། །
པོ་ཏ་ལ་ཡི་ཕོ་བྲང་ཆེན་མོའི་ང་རྒྱལ་དབུ་འཕང་གནམ་ལ་ཟུག །
སྐྱོ་སུན་མེད་པའི་ཁྲི་གཤོག་རྒྱལ་མོའི་ཞེ་སྡང་རླབས་སྒྲ་ཤུགས་ཀྱིས་འཕྱོ། །
ལྕགས་རི་རིང་མོའི་ཉག་ཁིས་རེ་ནས་བཙན་སྐད་མཐོན་པོས་འཇིགས་རྔམས་སྒྲོག །
༢༥ལས་དང་སྨོན་ལམ་བདེན་མཐའ་མྱུར་པའི་རྐྱེན་ངན་ཆོ་ག་གྲོགས་སུ་གྱུར། །
རླུང་དམར་འཚུབ་མའི་འཇིགས་རྔམས་དེ་ཡང་བདག་རྐྱེན་བསྐྱེད་པའི་ཁ་སྣོན་བྱུང༌། །
རྟ་ནོར་ལུག་གསུམ་ཐང་མར་བརྡལ་བའི་ཡངས་པའི་རྩྭ་ཐང་གཉིད་ལས་དཀྲོགས། །
ཧ་ཅང་མཐོན་པོའི་རི་གསུམ་རྩེ་ནས་དཔའ་ངར་ཀི་སྒྲ་ཐེངས་གསུམ་བརྒྱབས། །
༢༦མི་ངོ་ལྷ་ངོ་དུས་སུ་འཕྲོད་ནས་ལྷ་ཡི་ཞལ་ལ་ཉི་མ་ཤར། །
མཐུན་སྒྲིལ་ལག་རྡང་གཅིག་ཏུ་བསྒྲིལ་ནས་སྡུག་གི་རྡོག་ཕྲེས་མཉམ་འཁུར་གནང་། །
དོགས་པ་སྟོང་གི་སེམས་རྒྱུད་ཁེངས་པའི་བདུད་ཀྱི་སེམས་ལ་འཇིགས་པ་བསླངས། །
ཀུ་ཡངས་མེད་པའི་ཀུན་སྤྱོད་ནག་པོ་འཛམ་གླིང་ཡངས་པའི་ཁྱོན་ལ་བསྟན། །
༢༧སྤྱི་ཁྱབ་འདྲེན་པ་ལྷ་སྲས་གཞོན་ནུས་གནས་ལུགས་སྟོང་གི་བདེན་པ་བརྡར། །
གཟུར་གནས་རིག་པའི་རྩལ་སྣ་ཅན་ཚོས་རམ་འདེགས་རིག་པའི་ཚུལ་གསུམ་བཀོད། །
དཔའ་བོ་འབྲོང་གི་སྙིང་རྩ་ཅན་རྣམས་རང་སྲོག་དྲོན་མོ་འབེན་དུ་བཞག །
རྒྱུ་འབྲས་མེད་པའི་མུན་ཁྲོད་དེས་ན་གནས་ལུགས་སྟོང་ལ་བདག་མེད་བྱས། །
༢༨བྱེས་སུ་གྱར་པའི་ལོ་ཟླ་རིང་མོར་ཁ་ཆག་སྣ་རལ་ཞར་གྱིས་བྱུང༌། །
རེ་སྨོན་ཁ་ཞེང་འཐུག་པོའི་ཁྱིམ་ལ་ས་ཡོམས་ཆག་སྒོ་ཕམ་ཉེས་བྱུང༌། །
གངས་རི་དཀར་པོའི་ཁ་ལས་རླུང་རྟ་ཐུར་དུ་རྒུད་པའི་བློ་འཚུབ་བྱུང༌། །
གཞིས་བྱེས་ས་ཡ་དྲུག་པོའི་སེམས་ཁམས་མ་སྐྱིད་དབུགས་རྒྱུན་དྲག་ཏུ་འཕྱོ། །
༢༩འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཡ་ལན་ཡག་པོ་ཡོད་རབས་མེད། །
ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་དག་ཀྱང་དོན་གྱི་ལྡོག་རྩ་ཐུག་དུས་མེད། །
སྤྲ་དང་སྤྲེའུའི་ལད་མོར་བྱང་བའི་ར་མ་མགོ་ལ་རེ་ས་མེད། །
གདོང་དམར་ཅན་གྱིས་ཤི་སྦར་འཐམ་པའི་གནས་ལུགས་དེ་ལའང་གོང་ཐང་མེད། །
༣༠ཕྱིར་འོང་མེད་པའི་གོད་ཆག་དེ་ལ་སྡུག་སྨྲེ་ངག་གིས་བསུབ་ཐབས་མེད། །
བྱུང་ཟིན་བྱ་བར་འདང་རྒྱག་ཆེ་ན་བསམ་བློ་དོགས་པའི་རྟགས་སུ་བཤད། །
ལས་དབང་ངན་པའི་སྙིགས་མ་ལྔ་བདོ་རྒྱ་འགོང་གདོན་ཁ་དར་དུས་འདིར། །
ཤི་གསོན་སྟོང་གི་རེ་བ་རྡོག་པོ་ས་ལ་མ་བསྲེ་གསལ་གདབ་ཡིན། །
༣༡ཕ་དང་ཨ་ཁུའི་རིང་ནས་ཡོད་པའི་ལབ་ཙེ་མཐོན་པོ་སླར་ཡང་བརྩིགས། །
བསང་དང་དཀར་གྱི་མཆོད་པ་བསྒྲིག་ཏེ་སྐྱེས་ལྷ་གཉན་པོ་ཡང་དུ་མཆོད། །
མཐིང་སྨུག་སྦྲ་ཆུང་བསྐྱར་དུ་ཕུབས་ཏེ་ཐབ་ལ་མེ་རོ་གསར་དུ་གསོས། །
སེམས་པ་སྐྱོ་བས་སྤྱན་ཆབ་མ་གཏོང་གངས་ཅན་པ་ཡི་ཁ་དཔུང་སོམས། །
༣༢བརྒྱ་བཤད་སྟོང་བཤད་ཚིག་གི་ཚོགས་པ་དོན་ལ་འབེབ་རྒྱུའི་འགག་གི་གནད། །
ཕ་གཞིས་སྐྱེ་རྒུའི་དྭ་ཕྲུག་རྣམས་ལ་མ་འོངས་སོན་རྩའི་འབོད་སྐུལ་ཡོད། །
ཞིང་དུ་གཤེགས་པའི་གཤིན་པོ་དག་ལ་རྣམ་དག་ལྷ་ཡི་བསྔོ་སྨོན་ཡོད།
ཁྱིམ་གཞིས་སྟོང་པའི་ཕུ་ནུ་རྣམས་ལ་སེམས་གསོའི་སྙན་ངག་གླུ་རུ་གྱེར། །
༣༣གོད་ཆག་ཅིག་གི་རྐྱེན་གྱིས་བསླངས་པའི་ན་ཟུག་སྐྱུར་མོའི་ཚིག་སྦྱོར་འདི། །
གདོང་དམར་བོད་པའི་རྒྱུད་ལས་མཆེད་པའི་སྟག་ཤར་དུང་གི་སེམས་པ་ཅན། །
ཁྲི་གཤོག་རྒྱལ་མོར་དལ་རྟེན་རྙེད་པའི་གཡུང་དྲུང་རིས་ཀྱི་ཐ་ཚིག་པ། །
ལྷོ་མཐར་འཁྱམས་པའི་གཞོན་ནུ་ཞིག་གིས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དགེ། །