བོད། ལྷ་ཀླུ་གཉན་གསུམ།
ངས་ཉིན་འདི་དག་གི་རིང་དུ་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་ཚོར་བ་ཧ་ཅང་ལྕི་མོས། ཡང་དང་བསྐྱར་དུ་བོད་ནང་གི་མེ་ལྕེ་མཆེད་སྟངས་དང་། རྒྱ་ནག་སྲིད་གཞུང་གིས་བརྡ་ལན་སྤྲོད་སྟངས། མེ་ལྕེ་ཁྲོད་དུ་བཞུད་པའི་སྤུན་ཟླ་དེ་དག་གི་སྙིང་སྟོབས་ཀྱ་ཁ་ཆེམས། རང་རིགས་ལ་སད་རྟོགས་ཀྱི་ཅོང་སྒྲ་སྒྲོག་སྟངས། ད་དུང་། དེ་ལས་གཞན་པའི་བོད་ཀྱི་ད་ལྟའི་བར་དུ་ཞི་བའི་ལས་འགུལ་རབ་དང་རིམ་པ་ཆེས་མང་བོ་ཞིག་སྤེལ་བའི་ལན་དུ། རྒྱ་ནག་སྲིད་གཞུང་གིས་བོད་མི་ཁུ་བཙུར་དང་སྐད་འབོད་ལས་མེད་པའི་རིགས་ལ། མེ་མདའ་དང་ལྕགས་གྲི དུག་རླུང་སོགས་ཀྱི་ལན་སློག་སྟངས་འདི་ལས་འབྲས་པུ་ཞིག་མ་བྱུང་བ་དེ་ཡི་སྐོར་ལ་བསམ་བློ་བཏང་། དངོས་ནས་བོད་མི་དག་གིས་སུ་ཞིག་ལ་བསམ་ནས་ད་ལྟའི་བར་དུ་བསྲན་ཡོད་དམ། ད་ལྟའི་བར་དུ་རང་གཞན་གཉིས་ཕན་གྱི་ལམ་ཁ་འདི་ཁོ་ནར་འཇུ་དོན་སོགས་ལ་བསམ་བློ་བཏང་། ད་ལྟའི་བར་དུ་བོད་མི་མང་ཤོས་ཀྱིས་སུ་ཞིག་ལ་བསམ་ནས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མེད་པ་རེད་དམ་ཞེས་རང་གིས་སེམས་ལ་བྲིས།
སྤྱི་ལོ་ང་དགུ་ལོ་བོད་ནང་དུ་རྒྱ་དམག་གིས་བཙན་འཛུལ་བྱེད་པའི་སྐབས་སུ། བོད་མི་ཆེས་མང་བོ་ཞིག་རྒྱ་དམག་དང་ཁ་གཏད་དུ་བླངས་པ་དང་། སྐབས་དེར་སྐད་ཆ་དེ་འདྲ་བཤད་མཁན་ཡང་བྱུང་ཡོད་པ་རེད། རྒྱ་དམག་གཅིག་གསད་པ་ཡིན་ན། མཆོད་རྟེན་བརྒྱད་བཞེངས་པའི་ཕན་ཡོན་ཡོད་པ་རེད། རྒྱ་དམག་དག་ནི་སངས་རྒྱས་ཀྱི་བསྟན་པ་ནུབ་མཁན་ཡིན་དུས། གསད་པ་ལ་དགེ་བ་ལས་སྡིག་པ་མེད་ཅེས་བླ་མ་ཞིག་གི་བཤད་པ་རེད་ཟེར་ནས་བོད་དམག་མི་ཉུང་བ་ཞིག་གིས་དེ་ལ་ཁུངས་བཅོལ་ནས་རྒྱ་དམག་ཆེས་མི་ཉུང་བ་ཞིག་དང་འཛིང་རེས་བྱས་ནས། མང་བོ་ཞིག་གསོད་ཀྱང་ཐུབ་ཡོད་པ་རེད་ལ། དེ་དུས་སུ་རང་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཞུ་བྱེད་ཀྱི་ཡོད་པར་སྙམ་པ་རེད། སྐབས་དེར་ཁོང་ཚོས་བོད་མི་རིགས་ཀྱི་རིག་གཞུང་དང་གོམ་གཤིས། སྐད་ཡིག་སོགས་རྩ་མེད་དུ་གཏོང་མཁན་གྱི་སྲིད་གཞུང་ཞིག་རང་གི་ཕ་སར་བཙན་འཛུལ་བྱས་པ་དེ་ཤེས་མེད་ཅེས་བཤད་དཀའ་ན་ཡང་། ཁོང་ཚོས་སྐབས་དེར་སངས་རྒྱས་བསྟན་པ་སྲུང་སྐྱོབས་ཀྱི་ཆེད་ཁོ་ནར་བསམ་བློ་བཏང་བ་རེད།
ཕྱིས་སུ་བོད་ནང་དུ་བརྒྱད་བཅུ་གྱ་གྲངས་སུ། ཤེས་ཡོན་པའི་སྡེ་ཞིག་གིས་སྣེ་ཁྲིད་ནས་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་བྱུང་ཡོད་པ་རེད། དེ་དུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་ངོས་གཞུགས་དུས་སུ་ཡིན་དུས། བོད་ནང་གི་རྒྱལ་གཅེས་དབའ་བོ་ཆེས་མི་ཉུང་བ་ཞིག་ལ་དེ་འདྲའི་གདུག་རྩུབ་ཡ་ང་བ་དེ་འདྲ་བྱུང་མེད་ཚོད་རེད། ཡིན་ཡང་། རྒྱ་དམག་གིས་བོད་ལ་མནར་གཅོད་གཏོང་བའི་འགུལ་བསྐྱོད་དེ་དག་བོད་མི་དག་གིས་ཉེ་དང་འགྲམ་གང་ནས་ཡིན་ཡང་མཐོང་ཡོད་པ་རེད། དེ་དུས་ཀྱང་བོད་མི་དག་གིས་བསྲན་ཡོད་པ་རེད། བསྲན་སྟངས་དེ་ཡང་ཁྱད་པར་བ་ཞིག་ཆགས་པ་རེད།
ཕྱིས་སུ་བོད་ས་ཁྱོན་ཡོངས་སུ་ཞི་བའི་གྱེན་བླངས་ཉིས་སྟོང་བརྒྱད་ལོར་བྱུང་བ་དེ་ཡི་འཛམ་གླིང་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་གིས་གསར་འགྱུར་རྒྱུད་ལམ་ཆེ་ཤོས་ཁག་ནས་བསྟན་པ་དང་། བོད་མི་དག་ལ་རྒྱབ་སྐྱོར་ཡོད་ཁུལ་གྱི་རྣམ་པ་འཛམ་གླིང་གང་ས་ནས་སྲིད་ཀྱི་སྣེ་མོ་བ་དག་གིས་གླེང་བ་རེད། དེ་དུས་བོད་ནང་གི་རྒྱལ་གཅེས་ཞི་བའི་སྣེ་ཁྲིད་པ་དེ་དག་རེ་རེ་བཞིན་རྒྱ་ནག་གིས་རི་ནས་བཟུང་། ཁྱིམ་ནས་བཟུང་། ལམ་ནས་བཟུང་། ཁྲོམ་ནས་བཟུང་། ཚང་མ་རེ་རེ་བཞིན་ཁྲིམས་ལ་བཅུགས། ལག་དུ་མ་རེག་པ་དག སུ་ཡི་རིག་པ་དང་འབྲེལ་བ་བྱེད་མཁན་ཡོད་ན་བྱ་དགའ་སྤྲོད་རྒྱུ་ཡིན་ཟེར་ནས་བོད་ནང་གི་རྒྱ་ཆེ་མི་མང་ཀུན་ལ་ཤེས་སུ་བཅུགས་པ་རེད། དེ་དུས་ཀྱང་བོད་མི་དག་གི་བསྲན་ཐུབ་ཡོད། སུ་ཞིག་ལ་རེ་བ་བྱས་ནས་བསྲན་ཡོད། འཛམ་གླིང་གི་རྒྱབ་སྤྱོར་ལ་སྒུག་ནས་བསྲན་ཡོད། དེ་དུས་ཀྱང་བོད་མི་དག་ཁོང་ཁྲོ་ཟ་མེད།
སྲིད་གཞུང་ངན་པ་དེ་ཡིས་ཞི་བའི་མི་མང་ལ་རབ་དང་རིམ་པ་བྱས་ནས་བཅར་བརྡུང་བསྐོར་གསུམ་དང་གསོད་གཏུབ་བཟུང་གསུམ་བྱེད་པ་ལས། ཞི་བའི་མི་མང་ལ་བསམ་ཤེས་དང་ཀུ་ཡངས་ཤིག་གཏན་ནས་མ་སྤྲད་སྟབས། བོད་མི་རྒྱལ་གཅེས་པ་དག་རེ་རེ་བཞིན། ཆོད་སེམས་བརྟན་པོས་སྒོ་ནས། བློ་གཅིག་སེམས་གཅིག་གིས་ཞུམ་མེད་སྙིང་སྟོབས་ཀྱིས་རང་མི་རིགས་ཀྱི་འཆི་གསོན་འདི་ལས་ཐར་ཆེད། རང་གི་ཚེ་སྲོག་མཆོད་མེར་སྒྲོན་པའི་འགོ་བཙུགས་པ་རེད། དེ་ཡང་གཞོན་སྐྱེས་སྟག་འདྲ་བ་དག་ཡིན་ལ། དམིགས་སུ་བཀར་ནས་སངས་རྒྱས་བསྟན་པའི་རྗེས་འགྲེང་བ། རབ་བྱུང་གི་སྡེ་ནས་བྱུང་བ་རེད། དེ་ཡང་རྒྱ་ནག་སྲིད་གཞུང་གིས་ཡ་ལན་ཡག་པོ་ཞིག་བྱས་མེད། གཅིག་བསྲེག གཉིས་བསྲེག གསུམ་བསྲེག ད་ནི་མི་ཉི་ཤུ་ལས་བརྒལ་ན་ཡང་། སྲིད་གཞུང་ངན་པ་དེས་བོད་ལ་ཞི་བའི་ལན་ཞིག་སྤྲད་མེད། ད་དུང་། བོད་མི་ཚོས་བསྲན་ཐུབ་ཡོད། ད་དུང་། བོད་མི་དག་གིས་འཛམ་གླིང་གི་སྲིད་ཀྱི་སྣེ་མོ་བ་དག་ལ་སྒུག་ནས་བསྡད་ཡོད། འོན་ཀྱང་། བོད་མི་དག་ལ་སྲིད་ཀྱི་སྣེ་མོ་བ་སྙན་གྲགས་ཅན་སུས་ཀྱང་། རོགས་སྐྱོར་དང་རྒྱབ་བླངས་མཐའ་གཅིག་དུ་བྱེད་མཁན་བྱུང་མེད།
ངས་འདི་ལྟར་བསམ་བློ་བཏང་། ད་དངོས་ནས་བོད་མི་ཚང་མ་སངས་རྒྱས་མ་རེད། ཁོང་ཁྲོ་ལོས་ཡོད། བསམ་ཤེས་ཅི་ཙམ་བྱས་ཀྱང་། གཏན་ནས་ཡ་ལན་མི་བྱེད་པའི་སྲིད་གཞུང་ངན་པ་འདིས་མུ་མཐུད་དུ་བོད་མི་དག་གསོད་བརྡུང་འཕྲོག་གསུམ་གྱི་ལས་འདི་མཚམས་མ་བཞག་པ་ཡིན་ན། བོད་མི་དག་གིས་དུས་ཡུན་རིང་མོ་ཞིག་ལ་གཏན་ནས་བསྲན་ཐུབ་རྒྱུ་ཁག་པོ་རེད། དེ་དུས། ཨ་ཁ་ཁ། ངའི་མིག་ལམ་དུ་ཁྲག་གི་མཚོ་མོ་ཞིག་འཁོར་བཞིན་འོང་། ངའི་མིག་ལམ་དུ་རྒྱ་ནག་སྲིད་གཞུང་གི་དམག་ཁང་ལྟེ་གནས་དང་། སྲིད་གཞུང་ལྟེ་གནས་ཁག གཉེན་རྟོག་ལྟེ་གནས་ཁག་ནས་འབར་རྫས་གཏོར་བ་མིག་ལམ་དུ་ཤར་ནས་འོང་གི རྒྱ་ནག་གི་དཔོན་ངན་སུ་ཞིག་བོད་ཀྱི་ས་ཐོག་དུ་ཡོང་ན། དེ་དག་གི་སྔ་གཞུག་ན་མེ་མདའ་ཐོག་མཁན་གྱི་བོད་ཀྱི་སྟག་ཤར་ཁ་ཤས་ཀྱི་རང་སྲོག་འབེན་དུ་བཞག་ནས། རྒྱ་ངན་དེ་དག་གསོད་པར་གྲྭ་སྒྲིག་བྱེད་ཀྱིན་པའི་རྣམ་པ་ཞིག་མིག་ལམ་དུ་ཤར་ནས་འོང་། བོད་ཀྱི་དབའ་རྒོད་ཆེས་མི་ཉུང་བ་ཞིག་ཁོང་ཁྲོས་མེ་ལྕེ་འབར་ནས། རྒྱ་ནག་སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་བོད་ཁུལ་དུ་ཡོང་མཁན་སུ་ཡིན་ལ། རྒོལ་བར་བྱེད་པའི་རྩ་འཛུགས་ཤིག་བསྡུ་བཞིན། བོད་ས་རང་གིས་འཛིན་པའི་ཐབས་ཤེས་དང་། གཉིས་ཕན་དབུ་མའི་ལམ་ལས་བརྒལ་ནས་བོད་ལ་རང་བཙན་ཁོ་ན་དགོས། བོད་ཀྱི་དོན་གྱི་བདག་པོ་བོད་མི་ཡིན་ཟེར་ནས། བོད་ནང་གི་ས་ཁུལ་ཡོངས་ལ་བོད་མི་གཞོན་སྐྱེས་སྟག་འདྲ་བ་ཆེས་མི་ཉུང་བ་ཞིག་གིས་ཚེ་ཕྱི་མ་ལས་ཚེ་འདི་ལ་རྩོད་ལེན་བྱེད་དགོས་ན། དྲག་པོ་ལ་དྲག་ལན་མེད་པར་ཞི་བ་བྱས་ནས་མི་འོང་བའི་ངེས་ཤེས་རྙེད་སོང་ཟེར་ནས་གྲལ་བསྒྲིགས་བཞིན་འདུག་པ་མིག་ལམ་དུ་ཤར་ནས་འོང་། ད་དུང་། ཤར་ཏི་ཀུ་སུ་ཏན་སོགས་གྲངས་ཉུང་མི་རིགས་གཞན་དག་ཀྱང་། བོད་མི་དག་ཁོང་ཁྲོ་ཟོས་པའི་གོ་སྐབས་དང་བསྟུན་ནས་ཕྱོགས་ས་གང་ནས་རྒྱ་ནག་སྲིད་གཞུང་གཏོར་བའི་འཐབ་མོ་བའི་ཁྲོད་དུ་ཞུགས་ཀྱིན་འདུག་པ་སོགས། ངའི་མིག་ལམ་དུ་འདྲ་མིན་སྣ་ཚོགས་ཤར་ནས་འོང་བ་དང་། གལ་སྲིད། མི་རིང་བར་དྲག་པོའི་ལས་འགུལ་ཞིག་བྱུང་བ་ཡིན་ན། དེ་ཡི་འགན་ཡོངས་སུ་རྫོགས་པ་རྒྱ་ནག་སྲིད་གཞུང་གིས་འཁུར་དགོས་པ་ཡིན་ལ། ཆེས་ཉེས་མེད་ཀྱི་མི་མང་བོ་ཞིག་ཀྱང་གློ་བུར་གློ་བུར་དུ་མ་བསམ་ས་ནས་འཆི་ལམ་དུ་འགྲོ་མི་སྲིད་པ་མ་ཡིན། དེ་དུས་་་་་་ ཨ་ཁ་ཁ། ངས་མཚམས་འདི་ནས་འཇོག་གི་ཡིན། མུ་མཐུད་དུ་བསམ་བློ་གཏོང་མི་ཉན་གི དཀོན་མཆོག་མཁྱེན། ༧བླ་མ་བསྟན་འཛིན་རྒྱ་མཚོ་མཁྱེན། བོད་ཡུལ་ཁམས་ལ་ཞི་བདེ་ཡོང་བར་སྨོན།
དེ་ག་རང་རེད་ད་དངོས་གནས་བོད་མི་ཚོས་གཅེས་པའི་རང་ལུས་མེ་སྦར་བའི་ལས་འགུལ་གནང་ནས་དུས་ཡུན་དེའི་རིང་རྒྱ་ནག་དང་། རྒྱ་སྤྱི་སུ་ཞིག་གིས་ཡ་ལེན་བདག་སྤྲོད་མ་བྱས་པ་ནི་བོད་མི་ཚོ་འུ་ཐུག་པའི་གཞི་མ་རེད་དེས་ན་རིང་མིན་རང་ལུས་ཙམ་མ་སྲིད་གཞན་ལུས་མེ་ལ་སྦར་བའི་ལས་འགུལ་ཡོང་རྒྱུ་ཉག་གཅིག་རེད། དེ་དུས་དཔའ་བོ་ཕོ་མོ་མང་པོས་སྐུ་སྲོག་ཤོར་སྲིད་ལ། རྒྱལ་སྤྱི་ནས་དོ་སྣང་མི་ཡོང་ཀ་མེད་ཆགས་པའི་རྒྱ་ནག་དཔོན་རིགས་མང་པོའི་སྲོག་ཀྱང་ཤོར་སྲིད་པ་རེད། དེས་མ་ཚད་རྒྱ་ནག་རྒྱལ་ཁབ་ཀྱི་ལས་ཁུངས་མང་དག་ཀྱང་མེར་སྒྲོན་རྒྱུ་གདོན་མི་ཟ་བ་རེད་འདུག་གོ
ཡུན་རིང་དྲ་ཐོག་ཏུ་ཡིག་འབྲེལ་བྱས་མྱངས་ཡོད་པའི་དྲ་གྲོགས་ཤ་རུས་ཁྲག་གསུམ་ལགས། ཐུགས་ལྷད་ཙམ་བྱོས་དང་། འཇིག་རྟེན་གྱི་གཏམ་དཔེར། དགྲ་རྒྱབ་མིའི་བུ་ལ་ཁེ་ཞིག་དགོས། ཁེ་མེད་ན་དགྲ་རྒྱབ་སྟོང་པ་རེད་ཟེར་སྲོལ་ཡོད།
གཅིག་ནས་ཁྱེད་ཀྱིས་ཀུན་སློང་བྱེད་སྟངས་དང་མི་ནག་གི་རླབས་གསུམ་པ་ཞེས་པའི་བརྗོད་བྱ་སོགས་སུ་དཔྱད་ན་ནོར་འཁྲུལ་ཆེན་པོ་ཤོར་བཞིན་ཡོད་པའི་ཟོལ་འདུག
ངས་སྔོན་ནས་ཁྱེད་ཀྱི་ཟིན་བྲིས་ནང་དུ་འདི་འདྲ་ཞིག་བྲིས་མྱངས་ཡོད་འདོད།
སྟག་དམར་ཡའི་ཚང་གི་སྒོ་རྩ་ན།
ལུག་གཡང་དཀས་ཞིམ་རྩྭ་ཟ་དབང་མེད། ཞེས་བྲིས་མྱངས་ཡོད་འདོད། སྟག་ཚང་སྒོ་རྩ་ལུག་གིས་འཕག་འཚག་རྒྱབ་ན་སྟག་གསོད་ཐུབ་མ་རེད་ལུག་སྲོག་ཤོར་འདོད་རེད།
དེང་སང་གི་དུས་སྐབས་འདི་འདྲ་ལ་བོད་ནང་གི་བོད་མི་ཚོས་འཚེ་བའི་ལམ་དུ་རྩ་བ་ནས་འགྲོ་མི་ཉན་པར་འདོད། གཙོ་བོ་་་༧གོང་ས་མཆོག་གིས་ཉིན་ཆ་རང་གསུངས་པ་ལྟར་་ང་ཚོའི་འཐབ་རྩོད་འདིར་དྲང་བདེན་གྱི་འཐབ་རྩོད་རེད། དྲག་པོའི་ལམ་དུ་ཕྱིན་པ་ཡིན་ན་དྲང་བདེན་ཡོད་པ་ཡིན་ནའང་དྲང་བདེན་གྱིས་ནུས་པ་ཐོན་མི་ཐུབ་གསུངས་པར་གནད་འགག་རེད་འདོད།
ཁྱེད་ཀྱིས་གོང་དུ་བཤད་པ་ལྟར་ཕམ་ཁ་རང་ལ་ཡོང་བ་ཤེས་དུས་དེའི་ཕྱོགས་སུ་འགྲོ་མི་ཉན་པར་འདོད། ང་རང་ཚོ་ཚང་མ་ལ་ཁོང་ཁྲོ་ཆེན་པོ་ཡོད་དང་ཡོད། ཡིན་ནའང་ཁེ་ཡོད་མེད་ལ་བལྟ་དགོས་ཀྱི་གལ་ཆེན་རེད། སྐུ་ཚེ་རིང་ཐུགས་བསམ་བཞེས་རོགས་བྱོས།
སྔོན་མ་ཁྱེད་ཀྱིས་ང་ལ་འདི་འདྲ་བཤད་མྱངས་ཡོད། རྒྱ་གསོད་ནས་རང་བཙན་མི་དགོས་ཞེས་ལབ་མྱངས་ཡོད། དེང་སང་ཞེ་སྡང་འདི་འདྲ་ག་རེད་དམ།
དྲག་ལས་བྱེད་དགོས་མཁན་ངོ་མ་བཙན་བྱོལ་བོད་མི་ཡིན། དེ་ཡང་རྒྱའི་མི་སེར་གསོད་མི་ཉན། མི་དམངས་དུང་ཕྱུར་མང་པོའི་རང་དབང་དང་དམངས་གཙོ་བཙན་ཕྲོགས་བྱས་མཁན་གྱི་དཔོན་ངན་རྣམས་སུ་ང་ཚོས་རང་སྲོག་གཏོང་ནས་ཟོལ་ལྟར་སྤྲོད་ཐུབ་ན་བུ་རེད།
མ་ཟད་༧གོང་ས་མཆོག་ལ་འཇིག་སྐུལ་བྱས་དང་བྱེད་བཞིན་པ་འདི་ནི་སེམས་ཀྱིས་བཟོད་དཀའ་བའི་ཁོང་ཁྲོ་དང་སྡུག་ངལ་ཞིག་རེད། ཕྱི་ནས་བཙན་བྱོལ་བ་ཚོས་མི་དམངས་དུང་ཕྱུར་པོའི་དགྲ་བོ་གུན་ཁྲན་ཏང་གི་དཔོན་ངན་ལྐོག་ཟ་རུལ་སུངས་གསོད་ཐུབ་ན་ཆོས་དང་ཆབ་སྲིད་གང་གི་ཆ་ནས་འགལ་གྱི་མ་འདོད་དོ།
ཁྱེད་རྣམས་པས་ཐུགས་བསམ་ཡག་ཙམ་བཞེས་རོགས་བྱོས། བོད་ནང་གི་གཞི་ལུས་མི་དམངས་སྤྱང་ཚང་ཁ་ན་ཡོད། ཏོག་ཙམ་མ་འགྲིག་ན་གྱོང་ང་རང་ཚོ་ལ་སླེབས་ཡོང་སྙམ། གཉིས་ནས་འཚེ་མེད་ཞི་བདེའི་ལྟ་གྲུབ་དང་འགལ་འགྲོ་་་༧གོང་ས་མཆོག་གི་བཀའ་དགོངས་དང་གནད་ལུགས་ཀྱི་ཐོག་ནས་འགལ་འགྲོ་བས་གཟབ་དགོས་པ་འདོད།
རྒྱུད་སྐུལ་བྱེད་ན་་་ཁོང་ཁྲོ་ལངས་ཐོག་ཏུ་ནོར་འཁྲུལ་ཤོར་ངེས་ཡིན་པས་གཟབ་དགོས་པ་འདོད།། སྒོ་ཁྱིས་ཟུག་སྐད་ཙམ་ཞུས་པ་ཡིོན།།
བོད་ནང་དུ་དྲག་པོ་ལས་འགན་བྱེད་ན་་་ང་ཚོ་ལ་ཁེ་ཁ་རྩ་བ་ནས་མེད་བསམ་གྱི་འདུག་གོ
སྐད་ཆ་གཅིག་ལྷག་འདུག་་་ཕ་གངས་སེང་འདྲ་བ་ཞིག་ལ་བུ་རྒྱ་སྟག་འདྲ་བ་ཞིག་ཡོད་པའི་ལྷ་སྲས་འཇིགས་མེད་ནོར་ནུའི་སྐུ་སྲོག་ཤོར་སོང་། འདིའི་ཐོག་ཏུ་དོགས་པ་ཆེན་པོ་ཡོད། སེམས་སྡུག་ཆེན་པོ་ཡོད། བཙན་བྱོལ་བའི་ཕོ་ལུས་ལེན་པའི་མི་བུ་རྣམས་སུ་ཁོག་ལ་སྙིང་དང་སྙིང་ལ་ཁྲག་འདྲ་ཡོད་ན་་་ནང་ཁུལ་རྩོད་པའི་དུས་ཚོད་སྐྱེལ་ནས་མི་སྡོད་པར་ཆ་གཞི་ཡོད་པའི་ཐོག་ནས་་་གྲལ་སྒྲིག་དགོས་པ་འདོད་་་རྒྱལ་ཁབ་སུམ་ཅུ་བཞི་ཅུའི་ནང་དུ་བཙན་བྱོལ་བོད་མིས་གནས་བཅའ་ནས་བསྡད་ཡོད། གོ་ལག་ཉོ་ཡི་རག་གི་རེད།
བཀའ་སྤྱིའི་རྐུབ་སྟེགས་སྟེང་དུ་དོན་གཉེར་བྱས་དུས་ཡོན་ཏན་ཡོད་མཁན་དང་ལྷག་བསམ་ཡོད་མཁན། འཇོན་སྟངས་ཡོད་མཁན་ཡིན་ཟེར་ནས་དྲ་ངོས་ཚང་མ་ལ་རྣམ་ཐར་གྱིས་ཁེངས་སོང་། ཡིན་པར་བདེན་ན་ཅིག་བྱེད་རུན་རེད་འདོད་དོ།
ལྷ་སྲས་འཇིགས་མེད་ནོར་བུ་ཞེས་་བྲིས་དུས་སྙིང་དང་ལག་པ་འདར་ནས་ནོར་འདུག་པས་བཅོས་རོགས་བྱོས།
དངོས་ཡོད་ཀྱི་བདེན་པ་ལ་སྐྱབས་བཅོལ་བ་ལས་གནས་སྐབས་ཀྱི་ཚོར་བ་ལ་གཏན་སྐྱབས་ནམ་ཡང་བྱེད་མི་ཉན་ཡ།
བཙན་བྱོལ་བའི་ཕོ་ལུས་ལེན་པའི་མི་བུ་རྣམས་སུ་ཁོག་ལ་སྙིང་དང་སྙིང་ལ་ཁྲག་འདྲ་ཡོད་ན་་་ནང་ཁུལ་རྩོད་པའི་དུས་ཚོད་སྐྱེལ་ནས་མི་སྡོད་པར་ཆ་གཞི་ཡོད་པའི་ཐོག་ནས་་་གྲལ་སྒྲིག་དགོས་པ་འདོད་་་རྒྱལ་ཁབ་སུམ་ཅུ་བཞི་ཅུའི་ནང་དུ་བཙན་བྱོལ་བོད་མིས་གནས་བཅའ་ནས་བསྡད་ཡོད། གོ་ལག་ཉོ་ཡི་རག་གི་རེད། ཟེར།
མངའ་རིས་འཕྲིན་ལས་ལགས། བདག་གིས་མ་འོངས་པའི་སྔོན་དཔག་དུ་བསམ་བློ་འདྲ་མིན་འཁོར་ནས་འོང་བ་དེ་དག་ལ་བོད་མི་དག་གིས་ད་ལྟ་ནས་གྲྭ་སྒྲིག་ཡོད་པ་ཞིག་དགོས་པར་འབོད་སྐུལ་ཞུས་པ་ཡིན་པ་ལས། བོད་མི་རྣམས་རྒྱ་དམག་དང་དམར་འཛིང་བྱེད་པར་ལམ་དུ་ཆས་དགོས་པར་འདོད་ཀྱི་མེད། གལ་སྲིད། དྲག་སྤྱོད་ལ་ནུས་པ་དང་རྒྱལ་ཁ་ཞིག་ཡོད་ཚེ། ང་རང་ཐོག་མར་འགྲོ་མཁན་ཡིན་མོད། ངས་དེ་ལྟར་གཏན་ནས་འདོད་ཀྱི་མེད་ལགས།
ཅོ་རི་ཉི་མ་ལགས། བདག་ལ་སེམས་ཁྲལ་བྱེད་མི་དགོས། ཁ་སང་དེ་རིང་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་དེ་ནི་ཤི་རེག་བར་དུ་བོར་ཐབས་མེད་པ་ཞིག་ཡིན་དུས། སེམས་མ་སྐྱིད་པ་དང་མ་འོངས་པའི་བོད་མི་ཆོས་ཁས་མི་ལེན་པའི་གྲངས་མང་དུ་འགྲོ་བ་དང་ལྷན་དུ། ཡང་ན། ལོ་ངོ་ཉི་ཤུའི་རྗེས་སུ་ད་ལྟ་ངས་གླེང་བཞིན་པ་འདི་དག་འབྱུང་བར་བདག་ལ་དོགས་པ་འདུག་སྟབས། ད་ལྟ་ནས་བོད་མི་ཚོར་དྲན་སྐུལ་བྱས་པ་དེ་ཙམ་ལགས། ཉིད་ནས་རང་གི་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་ནས་ཡོད།
དྲི་འཇམ་ལགས། དངོས་ཡོད་ནི་དངོས་ནས་མིའི་སྤྱི་ཚོགས་ཁྲོད་དུ་མེད་མི་རུང་བ་ཞིག་ཡིན་མོད། དེང་དུས་སུ་ལ་དབང་ཆེ་དང་སུ་ལ་ངོ་ཆེ་བར་རྒྱལ་ཁ་ཐོབ་བཞིན་པའི་སྲིད་ཀྱི་སྣེ་མོ་བ་དག་གི་བྱེད་སྟངས་འདིས་ང་ལ་མ་འོངས་བོད་ཀྱི་གཞོན་རབས་དག་ཁོང་ཁྲོ་ཟ་ན་ག་རེ་བྱུང་མི་ཡོང་ངམ་སྙམ་ནས་ད་ལྟ་ནས་རི་བོང་གནམ་ལྡིབ་ཀྱི་སྡུག་བསྔལ་བྱས་པ་ཡིན་པ་ལས། རང་གི་ཚོར་བ་ཞིག་ལ་གཞི་བཅོལ་མེད་ལ། ངས་རྒྱུད་རིམ་དང་མིའི་སེམས་ཁོང་གི་ཁོང་ཁྲོ་འཕེལ་སྟངས་བཅས་ལ་ཞིབ་དུ་བསམ་བློ་གཏོང་ཁུལ་ཡིན་ལགས།
ཀརྡོ་གཉེར་ཕྱག་པ་ལགས། བོད་མི་ཚོ། རང་གི་དོན་དུ་འགུལ་བསྐྱོད་བྱེད་པར་ཁ་ཞེ་གཉིས་མཐུན་དང་འཆར་གཞི་ཡོད་པ་དང་། གཅིག་རྒྱབ་གཅིག་བླངས་བྱེད་པར་དངོས་ནས་གལ་ཆེན་རེད་འདུག ཉིད་ནས་གསུངས་པ་ལྟར། བོད་མི་ཚོ་གཉིད་ལས་སད་རྟོགས་ཀྱི་རིམ་པ་ལ་གོ་རིམ་ཡོད་ན་ད་གཟོད་བོད་མི་རིགས་ཀྱི་དོན་དག་བོད་མི་རིགས་རང་ཉིད་ནས་ཐག་གཅོད་བྱེད་པར་གོ་སྐབས་ཏན་ཏན་ཡོད་པ་རེད་ལགས།