རེབ་ཐོག་མདའ།
ང་ཡིས་མགོ་ལ་ཞྭ་མོ་དཀར་བོ་གྱོན་ཡང་།།
ཁྱོད་ཀྱི་རྒྱབ་ལ་གཟན་ཤམ་་དམར་བོ་དཀྲིས་ཀྱང་།།
ངེད་གཉིས་ཡབ་མེས་གཅིག་གི་རྒྱུད་ལས་མཆེད་པའི།།
ཤ་རུས་གདུང་རྒྱུད་གཅིག་པའི་གངས་ཕྲུག་ཡིན་པས།།
ང་ཡིས་ཨ་ལ་སྟོན་པ་མགོ་ལ་བཀུར་ཡང་།།
ཁྱོད་ཀྱིས་ཤཱཀྱ་ཐུབ་པ་སྐྱབས་སུ་བསྟེན་ཡང་།།
ངེད་གཉིས་ཁྲག་རྒྱུན་གཅིག་པའི་སྤུན་མཆེད་ཡིན་པས།།
ཁ་བའི་བདེ་སྡུག་གླེང་དུས་ང་རང་ལས་ཁོམ།།
ང་ཡི་ཆོས་ལུགས་ཁྱོད་ལས་ཐ་དད་ཡིན་ཀྱང་།།
ཁྱོད་ཀྱི་དད་པ་ང་ལས་གཏིང་ཟབ་ཡོད་ཀྱང་།།
ངེད་གཉིས་ཀ་ཁ་སུམ་ཅུའི་བདག་པོ་ཡིན་པས།།
ཁ་བ་བོད་པའི་མདུན་ལམ་པང་ལ་ལོས་ལེན།།
ང་ཡི་མིག་ལ་ཁྱོད་ཀྱིས་ཞབས་རྗེས་ཟབ་པས།།
ཁྱོད་ཀྱི་སེམས་ལ་ང་ཡང་བློ་ཐག་ཉེ་བས།།
ངེད་གཉིས་ཕྱི་ནང་གཉིས་ཀའི་ཁྱད་པར་ཡོད་ཀྱང་།།
ཕ་ས་ཕ་ཡུལ་དེ་ལ་ཞེ་རེ་ལོས་ཐོགས།།
ཁྱོད་ཀྱིས་ང་རང་མི་རིགས་གཅིག་ཏུ་བསམ་ན།།
ང་ཡིས་ཁྱོད་རང་སྤུན་ཟླའི་འདང་ཞིག་བཟུང་ནས།།
དུས་རབས་ཉེར་གཅིག་ཁྲོད་ཀྱི་ཁ་བ་བོད་པ།།
སྡུག་གི་མུན་ནག་ཁྲོད་ནས་རེ་ཞིག་གྲོལ་ན།།
ང་ཡི་ཡབ་མེས་སྤྲེའུ་སེམས་དཔའ་ཡིན་ན།།
ཁྱོད་ཀྱི་བླ་མ་ཡབ་མེས་བྲག་སྲིན་ཡིན་པས།།
ངེད་གཉིས་ཆོས་ལུགས་ཤིག་གི་ཁྱད་པར་ཙམ་ལས།།
མ་གཅིག་བྱང་ཁོག་བརྒྱུད་པའི་སྤུན་མཆེད་ཡིན་པས།།
ཁ་ཆེ་མིང་གིས་བཅིང་བའི་ཕྱི་ཡི་བུ་ང།།
ནང་པའི་གཟུགས་སུ་གྲུབ་པའི་ནང་གི་བོད་པ།།
ཁ་སེམས་གཅིག་ཏུ་སྦྲེལ་ཏེ་བོད་དོན་སྒྲུབ་ན།།
མཉམ་འཛོམས་ཉི་མ་གངས་རིའི་བོད་ལ་འཆར་ངེས།།
༢༠༡༢ ཟླ ༡༡ ཚེས་༢༣ ཉིན་ལྷོ་ཕྱོགས་སུ་འགྲོ་བའི་ལམ་ཁར་མེ་འཁོར་ནང་དུ་བྲིས། བོད་རིགས་ཁ་ཆེས་བོད་དོན་བསྒྲུབས་པ་ལ་བསྟོད་མངགས་སུ་ཕུལ།
དྲ་གྲོགས་རེབ་ཐོགས་མདའ་ལགས་ཐུགས་རྗེ་ཆེ་ལགས་ངོ་མ་དཔེ་འདྲ་བྲིས་ཤག།
ཧྲ་གི་
བཟང་གི་
འདི་ཡང་ཆིག་སྒྲིལ་རེད
ཞ་དཀར་རིགས་མགོ་ལ་བཀུར་ན་བོད་ཨཕ་ག་ནིས་ཏན་ཆགས་ཡོང་།
བོད་དོན་སྒྲུབ་ལ་ཞུམ་པ་མི་མངའ་བའི།
ནང་པ་ཁ་ཆེ་ཡེ་ཤུ་གང་ཡིན་རུང་།
ང་ཡི་སེམས་གཏིང་ཁྱད་པར་ཅི་རང་མེད།
དྲ་གྲོགས་ཁྱེད་ཀྱིས་དེ་འདྲ་བྲིས་པ་ཡག།
བདེན་པའི་མཐའ་སེལ་དགོས་ན།ཆོལ་གསུམ་གཅིག་ཏུ་སྒྲིལ།དཔུང་བ་མཉམ་ཏུ་གཤིབ།ཆོས་ལུགས་ཕྱོགས་ཞེན་སྤོང་།
ཕྱི་རུ་ཞབས་བྲོ་རྒྱབ་ན།
ནང་དུ་དོག་གྲ་བསྒྲིགས།
བོད་པ་ཡིན་ན་ཤཀྱ་ཐུབ་པ་དང་མོའོ་མཌ་གཉིས་ཀྱི་རྗེས་སུ་འབྲེང་མཁན་ཡིན་པས་མ་ཁྱབ།
བོད་པ་ཡིན་ན་དེ་གཉིས་དང་ཡེ་ཤུ་གསུམ་པོ་གང་རུང་ཡིན་པས་མ་ཁྱབ། བོད་པ་ཡིན་ན་ཆོས་ཁས་ལེན་པས་མ་ཁྱབ
དེས་ན་བདེན་པའི་ཉི་མ་ཤར་འདོད་ན་བོད་མི་རིགས་ཡོངས་རྫོགས་མ྄ཐུན་བསྒྲིལ་དམ་ཟབ་བགྱིས།
དེ་འདྲ་མེད་ན་ནམ་ཡང་བཀྲ་མི་ཤིས་སོ།
ཁྱེད་ནི་གཅན་ཚའི་རོང་བ་ཡིན་ས་རེད།
ཁྱེད་ནི་དཔའ་ལུང་རི་བ་ཡིན་ས་རེད།
གང་ལྟར་ཁ་ཆེའི་དྲི་མ་བྲོ་བའི་རྩོམ།
ཁྱེད་ཀྱིས་འདི་རུ་དྲངས་བ་བཀའ་དྲིན་ཆེ།
དྭངས་གཙང་ཟ་ཁང་ནང་གི་ཀྭན་པེན་དང་།
ཧྲིག་དྲ་རྩི་གུ་ཕོ་གྲང་ལ་མེན་སོགས།
ཐབ་ལྷ་ནོར་ནོར་བུ་དཔལ་ལ་འགྲན་པ་ཡི།
ཨ་འབའ་ཁ་ཆེའི་ཟ་མ་སྐབས་འགར་དྲན།
འོན་ཏང་ལས་ཀྱི་རླུང་གིས་མྱུར་བདས་ཏེ།
བདག་ཀྱང་ཕ་ཡུལ་བསྐྱུར་ནས་ལོ་མང་ཕྱིན།
ཞལ་ཟས་རྒྱ་མཚོ་འཁྱིལ་བའི་ཨ་རི་ན།
ཕ་ཡུལ་དྲི་ཞིམ་ཅན་གྱི་ཟས་འདི་མེད།
ནམ་ཞིག་བདེ་སྐྱིད་ཉི་མ་ཤར་བའི་ཚེ།
དགའ་སྤྲོས་བརྟ་ནས་རང་ཡུལ་ཕྱིར་ལོག་སྟེ།
ཁ་ཆེ་ཟ་མ་ཅི་དགར་ལོངས་སྤྱད་ཅིང་།
ཁ་ཆེ་བ་ཞིག་ཇ་མར་ཡང་གླ་རྒྱུ་ཡིན།
དེ་ན་རང་རེའི་ཁ་བ་སྤུན་ཟླ་ཚོ།
དཔའ་བོའི་མཛད་རྗེས་མ་བརྗེད་ཧུར་ཐག་གིས།
སྐྱིད་པའི་ཉི་མ་བོད་ལ་ཤར་དུ་བཅུག
ཆིན་ཀྲིན་ཟ་ཁང་ནང་དུ་འཛོམས་པར་སྨོན།