ན་གཞོན་བསམ་གྲུབ་ཀྱིས་ཕུལ་ལོ། ༼རྩོམ་འདི་དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར་བ་ཞིག་དང་། བྲིས་མཁན་ཨ་རིའི་སློབ་འབྲིང་གི་བོད་པའི་སློབ་མ་ཞིག་གོ།༽
བོད་ཀྱི་སྤྱི་ཚོགས་ད་ཆའི་ཡ་ང་བའི་གནས་སྟངས་འདིར་ལྷུང་དགོས་པ་འདི་ཐུག་ས་སྣེ་གཅིག་ཁོ་ན་སྟེ། སྤྲུལ་སྐུའི་ལམ་ལུགས་བྱུང་བ་དེ་ནས་མགོ་བཙུགས་སོ། དེའི་རྒྱུ་མཚན་ནི་བགྲང་ལས་བརྗོད་པར་དཀའ་ཡང་གཤམ་གསལ་གྱི་རྣམ་གྲངས་རྣམས་ནི་གཙོ་བོ་འབའ་ཞིག་སྣང་།
འདྲ་མཉམ་བྲལ་བའི་གཤེད་མའི་འཕྲུལ་འཁོར། སྤྲུལ་སྐུའི་སྤྱི་ཚོགས་དེས་མི་ཚང་མ་འདྲ་མཉམ་ཡིན་ཟེར་བའི་ལྟ་བ་དེར་ཐད་ཀར་ཁ་གཏད་བཅོག་གི་ཡོད། ”ང་སྐྱེ་བ་སྔ་མ་མི་མཁས་པ་དང་ཆེན་པོ་ག་གེ་མོ་ཞིག་གི་ཡང་སྲིད་ཡིན་”ཟེར་ནས་མི་འདྲ་འདྲའི་དཀྱིལ་ནས་ཁོ་རང་ཆེ་ས་ཆེ་ཤོས་ཀྱི་གོ་གནས་བཟུང་བར་དོད་སྟབས། འགྲོ་བ་མིའི་རིགས་ཡར་རྒྱས་ཡོང་སའི་བླ་ཤིང་སྟེ། རང་དབང་། འདྲ་མཉམ། སློབ་གསོ། ཤེས་ཡོན། ཉམས་མྱོང་། བློ་གྲོས། འགྲན་བསྡུར་བཅས་རྩི་མེད་དུ་གཏོང་གི་ཡོད། འགྲན་བརྩོད་མེད་པ་དང་། ཤེས་ཡོན་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་དེས་དངོས་ཡོད་དང་འགལ་བའི་རིགས་པ་སྟེ། ལྷ་དང་བླ་མའི་ལུང་ཟེར་བ་ཞིག་ལ་བཅོལ་ནས་མིའི་རིགས་ཀྱི་མདུན་ལམ་ལ་ཐག་གཅོད་བྱས་སྟབས། དེའི་འབྲས་བུའང་། མི་སྡེ་ཡར་རྒྱས་དང་། ཀུན་སྤྱོད་དང་ཤེས་ཡོན་མདུན་སྐྱོད་བྱེད་པའི་གལ་ཆེའི་རྐང་པ་སྟེ་མིའི་རྫོགས་མཐའ་མེད་པའི་རྩལ་སྟོབས་དེ་རྩ་མེད་བཏང་ཡོད། དུས་དེང་སང་ཡང་བོད་མིའི་སྤྱི་ཚོགས་དེ་ལྷ་དང་བླ་མའི་ལུང་ལས་སྒྲོལ་མེད། དཔེར་ན་དཀའ་ཤག་གི་མཐའ་མའི་ཐག་གཅོད་དེ་གནས་ཆུང་གསོལ་ནས་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད།
དེ་ལྟར་གྱི་ལམ་ལུགས་དེས་བོད་ལ་མཚོན་ན། ལོ་རྒྱ་ཕྲག་རིང་། བོད་ཀྱི་སྤྱི་ཚོགས་འདི་རྨོངས་དད་དང་། གཏི་མུག བློ་གྲོས་མེད་པའི་དུད་འགྲོའི་འཕྲུལ་འཁོར་ཞིག་ཏུ་བསྐྲུན་པར་བྱེད། དེས་བློ་གྲོས་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་གླེན་པ་ཉག་གཅིག་ཞིག་གི་འཁོར་ལོ་དྲུད་དོ། འཛམ་གླིང་འདིའི་སྟེང་ད་ཆ་ཆེས་ཐབས་སྡུག་དང་ཡ་ང་བའི་མི་རིགས་འདི་བོད་པ་ཚོ་ཆགས་ཡོད། ནང་ལ་ཡོད་པའི་བོད་པ་ཚོ་རྒྱ་མིའི་འོག་ལ་མི་སེར་གཉིས་པའི་འཚོ་བ་ཞིག་སྐྱལ་བཞིན་ཡོད་པ་དང་་། ཕྱི་ལ་ཡོད་པའི་ཏ་ལའི་བླ་མ་མཆོག་གི་གཙོས་པའི་བོད་པ་རྣམས་སྐྱབས་བཅོལ་བའི་མི་རིགས་ཞིག་ཏུ་བསྒྱུར། དེ་ནི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་དང་པོ་སྟེ། རང་མེད་མི་མེད་བཟོ་བ་གཤེད་མའི་འཕྲུལ་འཁོར་གྱི་ལེའོུ།
རྣམ་དཔྱོད་བྲལ་བའི་ལོང་བའི་ཁ་ལོ་བ། སྤྲུལ་སྐུའི་སྤྱི་ཚོགས་ཀྱི་དུག་སྐྱོན་གཉིས་པ་དེ་རྣམ་དཔྱོད་ལ་ཁ་གཏད་ཅོག་པ་འདི་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྒྱུའམ་ཨ་མ་དེ་རྣམ་དཔྱོད་རེད། རྣམ་དཔྱོད་ལ་བརྟེན་ནས་འཇིག་བརྟེན་འདིར་འདས་ཟིན་པ་དང་ད་ལྟ་འཚོ་བཞིན་པའི་འགྲོ་བ་དུང་ཕྱུར་མང་པོས་གནས་སྐབས་དང་ཕུགས་ཀྱི་དཀའ་ངལ་གདོང་ལེན་བྱེད་བཞིན་ཡོད་ལ་ཁོང་ཚོར་ཡང་གཡུར་དུ་ཟར་བ་འབྲས་བུ་མང་པོ་ཐོབ་ཡོད། དེ་ལས་ལྡོག་སྟེ། བོད་ལ་སྤྲུལ་སྐུའི་ལམ་ལུགས་ཞིག་བཙུགས་ཏེ། དེས་རྣམ་དཔྱོད་བེད་སྤྱོད་བྱེད་པའི་གཞི་རྩའི་ས་གཞི་སྟེ་རང་དབང་། འདྲ་མཉམ། ཚོད་དཔག ཉམས་མྱོང་། ཚོད་ལྟ། རིགས་པའི་འགྲན་བརྩོད་རྣམས་རྩ་མེད་དུ་བཏང་ནས། སྤྲུལ་སྐུ་བྱིས་པ་བསམ་མེད་ཞིག་གནམ་ལ་སྟེགས་ནས། ཕྲུ་གུ་དེས་གནམ་དང་ལྷ་ཡི་སྟོབས་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་དེ་དག་སྐྱོབ་པར་རེ། སྤྲུལ་སྐུ་དེ་ཡང་དམིགས་བསལ་གྱི་ཤེས་ཡོན་དང་ཉམས་མྱོང་མེད་སྟབས། མགོ་འོ་མ་ཐུང་སྟངས་ནས་མཐར་རྐུབ་ཕྱིས་སྟངས་བར་མི་གཞན་ཞིག་གིས་བསླབ་དགོས་པ་ལས་རང་སྟོབས་ཀྱིས་ཤེས་པའི་ནུས་པ་མེད་པ་དེ་གསལ་པོ་རེད།
དེ་འཚོར་བཞིན་དུ། བསམ་མེད་ཀྱི་སྤྲུལ་སྐུའི་འགྲམ་གྱི་མི་དེ་ཚོས་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་རྣམས་བསླུ་བྲིད་བྱས་ནས་རྣམ་དཔྱོད་དང་རིགས་པ་དང་ལྡན་པའི་སྐྱེ་བོ་རྣམས་མཐར་ཕུད། ལོང་བས་ཞར་བ་འདྲེན་པའི་སྤྱི་ཚོགས་ཞིག་སྐྲུན་ནས། ལུང་བསྟན་དང་། རྨི་ལམ། རྟགས། རྟེན་འབྲེལ། ལྷ་འབེབ། མོ། དེ་བཞིན་ཆོས་སྐྱོང་སྲུང་མའི་ལུང་ལ་བརྟེན་ནས་མིའི་རིགས་ཀྱི་དཀའ་ངལ་དང་མདུན་ལམ་རྣམས་དངོས་ཡོད་དང་ཡོངས་སུ་ལྡོག་པའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། སྤྲུལ་སྐུ་དེ་དང་། ཁོང་གི་ཉེ་འགྲམ་གྱི་མི་དེ་ཚོའི་འདོད་པ་དང་། ཁེ་ཕན་ཁོ་ན་སྒྲུབ་ཆེད་ལས། དམངས་ལ་ཕན་པའི་བསམ་པ་ཞིག་ད་བར་བྱུང་མེད། དེའི་འབྲས་བུར། བོད་ཀྱི་སྤྱི་ཚོགས་དེ་ལོང་བ། རྨོངས་དད་ཀྱི་ཆེས་ནག་ཁུང་དང་ཡ་ང་བའི་སྤྱི་ཚོགས་ཞིག་ལ་འགྱུར་སྟབས། རྒྱ་གུང་ཁྲན་རྣམས་སྟབས་བདེ་པོས་ཡུལ་དེར་བཙན་འཛུལ་བྱེད་པར་རོགས་བྱས་ཡོད། འདི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་གཉིས་པ་སྟེ། ལོང་བའི་ཁ་ལོ་བའི་ལེའོུ།
ངས་ལེའུ་གསུམ་པ་འདི་ཀློག་མཁན་རྣམས་ཀྱིས་འགོད་རོགས་ཅེས་ཞུ་བ་འཐེན་ལོ།
རྩོམ་པ་པོ་འདིས་སྤེལ་བའི་རྩོམ་ཡིག་འདི། བོད་ཕུང་བའི་རྩ་བ་མ་རེད་ཟེར་དཀའ་མོད། བོད་ཕུང་བའི་རྩ་བ་དང་བོད་ཕུང་སྟངས་འདི་འདྲ་ཞིག་མ་རེད། དེ་ལ་ད་དུང་ཞིབ་དུ་དཔྱད་རྒྱུ་འདུག རྩོམ་པ་པོ་འདིས་བོད་ཕུང་བའི་རྩ་བ་ཡང་བོད་རང་གི་རིག་གཞུང་དང་བག་ཆགས་རྙིང་བའི་རིགས་ལ་གཏུགས་ནས་འདུག དེ་ལ་ཁག་ཅི་ཡོད། རྩོམ་པ་པོ་འདི་བོད་ཀྱི་རིག་གཞུང་གི་ཟབ་ས་ཞིག་ལ་བསྙེག་ཐུབ་མི་འདུག