རྡོ་རྗེ།
ད་ལྟའི་ང་ཚོའི་མངོན་འདོད་ལྟེ་བ་ནི། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་གནས་ཀྱི་ཁོར་ཡུག་ཅིག་ཐོབ་རྒྱུ་དེ་ཡིན། དམིགས་དོན་འདིའི་སྟེང་ནས་ང་ཚོས་རང་ཉིད་ཀྱི་རྒྱབ་མདུན་ལ་ཉམས་སད་དང་མདུན་བསྐྱོད་གཉིས་ཀ་བྱེད་ཐུབ་དགོས། དེ་ནི་དུས་སྐབས་འདི་དང་མི་རབས་འདིའི་དབང་དུ་བྱས་པའི་ང་ཚོའི་འོས་འགན་རེད་ལ། མི་རབས་རྗེས་མར་རང་ཉིད་གསོན་གནས་ཀྱི་ཁོར་ཡུག་ཅིག་བཀོད་སྒྲིག་གམ་འགན་ལེན་བྱེད་ཐུབ་དང་མི་ཐུབ་ཀྱང་ང་ཚོའི་ཁ་སྟབས་ལ་ཐུག་བསྡད་ཡོད། གནད་དོན་གྱི་ཐུག་ས་ནི་འདི་རེད།
གནད་དོན་འདི་འདྲ་ཞིག་མངོན་དུ་གྱུར་པ་དང༌། འོས་འགན་འདི་འདྲ་ཞིག་འགན་ལེན་བྱེད་དགོས་པའི་ང་ཚོར་མཚོན་ན། ང་ཚོས་རང་ཉིད་ཀྱི་ཕྱི་ནང་ལ་ཉམས་སད་དང་རྒྱུས་ལོན་བྱེད་པ་ནས་མགོ་བཙུགས་ཏེ། མདུན་བསྐྱོད་བྱེད་དགོས་པ་དང༌། དེ་ཡང་འགན་དང་ཚོར་བ་མཉམ་བསྲེས་ཀྱིས་བསྐྱོད་དགོས་པ་ལས། སྐད་ཆ་སྦོམ་པོ་རེ་བཤད་བསྡད་པས་སླེབས་སར་སླེབས་པའི་རེ་བ་ཅི་ཡང་མེད། འདི་ནི་གནས་ལུགས་ཀྱི་ཐུག་ས་རེད།
མི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་དུས་ཡུན་ནང༌། རྒྱ་ནག་གཞུང་གིས་བོད་པའི་ཕྱི་ནང་བརྗེ་བསྒྱུར་གྱི་ཆེད་དུ་ཡིན་པའི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ཅིང༌། དེ་མཚུངས་ཀྱི་གྲུབ་འབྲས་ཤིག་ཀྱང་མངོན་དུ་གྱུར་ཡོད་པའི་ཚོད་བགམ་བྱེད་ཀྱི་ཡོད་ནའང༌། ང་ཚོའི་ཕྱི་ནང་བརྗེ་བར་གྲུབ་འབྲས་དམིགས་བསལ་བ་ཅི་ཡང་ཐོན་མེད་པ་སྟེ། ད་ནི་གཞིས་ལུས་མི་མང་གིས་རང་ཉིད་ཀྱི་མགོན་སྐྱབས་དང་སྤུན་ཟླར་སྒུག་ཚོད་མི་འདུག་པའི་ཚོར་ཤུགས་གཅིག་ཏུ་བསྒྲིལ་གྱིན་ཡོད་ལ། རང་ཉིད་ཀྱི་ཕུགས་སེམས་ངོ་མ་ངག་ནས་གྱེར་མགོ་ཚུགས་སོང༌།
ང་ཚོས་འདས་པའི་དུས་རབས་ཕྱེད་ཀའི་རིང་གི་བོད་ཕྱི་ནང་དང༌། གཞས་པ་ཚོའི་ཕྱི་ནང་བསྔོགས་པ་ཡིན་ན། གཞིས་ལུས་རྒྱ་ཆེའི་མི་མང་གི་མགོ་ཐོག་ཏུ་ཉི་མ་དམར་པོ་ཤར་བ་ནས་གཞན་དབང་སྟབས་བསྟུན་གྱི་གནས་སྟངས་ཤིག་གི་འོག་ནས་༼ཤར་ཕྱོགས་དམར༽དང་༼ཉི་མ་དམར་པོ༽ནས་མགོ་བཙུགས་ཏེ། དེ་རིང་ཁ་སང་གི་གཞས་ཚིག་སྟེ། ༼བླ་མ་ལགས། མྱུར་དུ་ཕེབས་ཤོག༽གི་བར་དུ་བཏང་ཞིང༌། བཙན་བྱོལ་བོད་མི་ཚོར་མཚོན་ནས་བཤད་ན། ༼ལོངས་ཤོག༽ནས་མགོ་བཙུགས་ཏེ། དེ་རིང་ཁ་སང་གི་༼ང་ཚོ་བོད་པའི་བུ་མོ༽དང༌། ༼སེམས་ཀྱི་དགའ་རོགས༽ཀྱི་བར་དུ་བཏང༌།
འདི་ལྟར་འགྱུར་བ་ཕྱིན་པའི་གནས་སྟངས་ལ་ཕྱོགས་ངོས་མང་པོ་ནས་ཉམས་ཞིབ་ཞུས་པ་ཡིན་ན། གཞིས་ལུས་མི་མང་ནས་བོད་པ་ཐུན་མོང་གི་སྡུག་བསྔལ་ཞིག་སྐད་གདངས་མཐོན་པོས་གྱེར་གྱིན་འདུག་ལ། བྱེས་གྱར་བོད་མི་ཚོས་ནི་མི་སྒེར་གྱི་ཚོར་སེམས་ཤིག་སྐད་གདངས་མཐོན་པོས་གྱེར་གྱིན་པའི་ཚོར་སྣང་ཤིག་ངང་ངམ་ཤིག་གིས་སྟེར། གཞས་ནི་མི་མང་གིས་དགའ་མོས་དང་དོ་སྣང་ཤུགས་ཆེ་བྱེད་ཡུལ་ཞིག་ལགས་སྟབས། ད་ལྟའི་བོད་ཕྱི་ནང་གཉིས་ལ་མཚོན་ན། ད་ལྟའི་དུས་ཚོད་ནི་་གཞས་གདངས་ལས་གཞས་ཚིག་ལ་དོ་སྣང་དང༌། སྒེར་གྱི་ཚོར་སེམས་ལས་སྤྱི་པའི་ཚོར་སེམས་ལ་ཕྱོགས་ཤུགས་ཆེ་བའི་གནས་སྐབས་ཤིག་ཆགས་ཡོད། འདི་ནི་བོད་ཕྱི་ནང་གཉིས་བར་གཞས་གདངས་དང་གཞས་ཚིག་གི་ཤུགས་རྐྱེན་ཐེབས་པའི་རྒྱུ་མཚན་དང་པོ་དེ་རེད།
གཞིས་ལུས་སྤུན་ཟླ་ཚོས་རང་ཉིད་ཀྱི་མདུན་ལམ་དང་ཚེ་སྲོག་ཚུན་ལ་ཉེན་ཁ་ཡོད་བཞིན་དུའང་༼གངས་ཅན་པ༽ཞེས་པ་དང་༼འདྲེན་མཆོག་ལགས། བསྟན་འཛིན་རྒྱ་མཚོ༽ཞེས་པ་གདངས་དབྱངས་མཐོན་པོས་གྱེར་མགོ་ཚུགས་ཤིང༌། དེ་བས་ཀྱང༼གཞིས་བྱེས་ལྷན་འཛོམས༽ཀྱི་གཞས་ཚིག་གྱེར་མགོ་ཚུགས་པའི་དེ་རིང་ཡང༌། བྱེས་འཁོད་པ་ང་ཚོས་ནི། དེ་དག་ལ་གདེང་འཇོག་ཡང་དག་ཅིག་ཀྱང་བྱེད་ཐུབ་མེད་པ་ནི། ང་ཚོའི་སེམས་ཚོར་ཡལ་གྱིན་པའི་རྟགས་མཚན་ཞིག་དང༌། ཡང་གཅིག་བཤད་ན། ང་ཚོས་རང་ཉིད་བརྗེད་ཀྱིན་པའི་རྟགས་མཚན་ལྟ་བུ་རེད། འདི་ལྟ་བུའི་གནས་སྟངས་འོག་ན། ང་ཚོ་ནི་རང་ཉིད་ཀྱི་རྒྱབ་མདུན་དང་གཡས་གཡོན་གྱི་གཞས་པ་ཚོར་དོ་སྣང་བྱེད་པའི་གོམས་གཤིས་ཙམ་ཡང་མེད་པར་གནས་ཡོད་པའང་གནས་སྟངས་ཤིག་གི་བརྒྱུད་རིམ་དང་ང་ཚོ་གང་དུ་འགྲེངས་ཡོད་པའི་གཟུགས་རིས་རེད།
སེམས་ཚོར་མེ་རུ་སྤར་གྱིན་པའི་གཞས་པ་ཚོར་མཚོན་ན། མང་ཚོགས་ཀྱི་སེམས་པ་བསྔོགས་ནས་གཞས་ཚིག་འཐུ་བཞིན་ཡོད་ལ། ཐུན་མོང་གི་ལས་དབང་བསམ་ནས་མངོན་འདོད་ཅིག་སྐད་གསེང་མཐོན་པོས་གྱེར་བཞིན་ཡོད་ནའང༌། ཁོང་ཚོར་དམའ་འབེབས་བྱེད་མཁན་གྱི་བོད་པའང་མི་ཉུང་བ་ཞིག་ཡོད་པ་ཁོང་ཚོས་ནི། སྒྲ་བརྙན་ནི་ཡིག་རྨོངས་པའི་ཅ་ལག་ཅིག་ཡིན་པར་ཤོད་ཀྱི་ཡོད། དེ་བས་ན། ཡང་སྙིང་ང་ཚོས་གཞས་པ་ཚོར་ངོས་འཛིན་ཇི་འདྲ་ཞིག་བྱེད་དགོས་པ་ཡིན་ནམ། འདི་ནི་གནད་དོན་དང་འབྲེལ་བའི་དྲི་བ་རེད།
སྐད་ཡིག་སྲུང་སྐྱོབ་ཀྱི་ཚོར་ཤུགས་ལྡན་པ་ཚོ་ལྟར་ན། མི་རིགས་ཤིག་ཡུན་གནས་ཐུབ་དང་མི་ཐུབ་དང་ཚོར་སེམས་ཡོད་པ་ཁོ་ནས་འགན་ལེན་བྱེད་མི་ཐུབ་པར། དེ་ནི་ངེས་ཅན་དུའང་སྐད་ཡིག་སྲུང་སྐྱོབ་བྱེད་པ་ནས་མགོ་འཛུགས་དགོས་པའི་གནས་ལུགས་ཤིག་བགྲངས་ཀྱིན་ཡོད་ཅིང༌། གནས་ལུགས་དེ་ཡང་གཞས་ཚིག་གི་དག་ཆ་ལ་གཟས་ནས་གླེང་གིན་འདུག་ལ། དེ་བས་ཀྱང་དེང་སང་གི་གཞས་པ་ཚོས་སྒྲ་གདངས་ཙམ་གཙོ་འདོན་གྱིས་གྱེར་བ་ལས། གཞས་ཚིག་གི་དག་ཆ་ལ་དོ་སྣང་བྱེད་ཤུགས་ཆུང་བའི་གནས་སྟངས་ལ་གཞིགས་ཏེ། སྒྲ་བརྙན་ནི་ཡིག་རྨོངས་པའི་ཅ་ལག་ཅིག་དང༌། གཞས་པ་ཁག་ཅིག་ནི་གཞན་གྱི་མགྲིན་ཚབ་པ་ཙམ་ལས་རང་ཉིད་ཀྱི་ཕྱི་ནང་ན་རང་ཉིད་ཀྱི་གྲུབ་གཟུགས་མེད་མཁན་དུ་ངོས་འཛིན་བྱེད་ཅིང་གདའ། ཤོད་སྟངས་འདིར་གནས་ལུགས་ཆ་ཚང་བ་ཞིག་ཡོད་མེད་གང་ཤེས་ཏེ། སྤྱི་བའི་སེམས་ཚོར་སྤར་སྟངས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་རམ་འདེགས་གཉིས་ཡ་བྲལ་དུ་གྱུར་པ་ལྟ་བུའི་དེང་སང་གི་གཞས་དང་གཞས་ཚིག་གི་དག་ཆ་ལ་བསམས་ན། གནས་ལུགས་ཁྱོན་ནས་མེད་པའི་སྒྲུབ་བྱེད་ནི་རྙེད་དཀའ་སེར་ཡོད་པའང་ང་ཚོའི་ཁ་སྟབས་དང་གནས་སྟངས་རེད།
གནས་སྟངས་འདི་ནི་གཞས་ཚིག་ཁོ་ན་ཙམ་མ་རེད། མི་མང་པོ་རང་བཞིན་གཤིས་ཀྱིས་གཞས་ལ་དགའ་སྣང་དང་དོ་སྣང་ཡོད་པའི་ངོས་ནས་བལྟས་ན་གནས་སྟངས་འདི་ཅི་བས་ཉེན་ཚབས་ཆེ་བ་ལས། ཕྱོགས་ངོས་གཞན་ན་ང་ཚོར་ཉེན་འཚབ་ཅན་གྱི་གནས་སྟངས་མེད་པ་མ་རེད། དཔེར་ན། དེ་རིང་ཁ་སང་གི་བོད་ཕྱི་ནང་ལ་མཚོན་ན། དུས་དེབ་དང་ཚགས་པར་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ནང་བཞིན་རེད་དེ། དག་སྡེབ་ཀྱི་སྤུས་ཚད་ངེས་ཅན་ལྡན་པ་ནི་རེ་གཉིས་ལས་མེད་པའི་དབང་གིས། རྩོམ་སྒྲིག་ཁང་དང་རྩོམ་པ་པོ་ཚོར་མཚོན་ན། ཀློག་མཁན་གྱི་མུ་གེ་བྱུང་དང་འབྱུང་བཞིན་པ་ནས། མུ་གེ་འདིའི་མུར་ཚགས་དེབ་མང་པོ་ཞིག་ལ་ཟླ་བ་རེ་གཉིས་ཀྱི་ཚེ་སྲོག་ལས་མེད་པར་འཆི་འགྲོ་བའི་གནས་སྟངས་འདི་མངོན་དུ་གྱུར་དང་འགྱུར་བཞིན་པ་རེད།
རྒྱུ་མཚན་དང་གནས་ལུགས་འདི་འདྲ་ལགས་སྟབས། ང་ཚོས་ཕྱོགས་ངོས་མང་པོ་ནས་དོ་སྣང་དང་གཟབ་ནན་བྱེད་དགོས་པ་དང༌། དེ་བས་ཀྱང་སྐད་ཡིག་སྲུང་སྐྱོབ་རྨང་ལ་བཞག་སྟེ། མི་རིགས་ཀྱི་ངོ་བོ་མི་ཉམས་སྲུང་འཛིན་གྱི་ལས་དོན་ལག་བསྟར་བྱ་དགོས་པ་དང༌། མ་མཐར་ཡང་རང་ཉིད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པའི་སེམས་ཚོར་གོང་སྤེལ་གཏོང་དགོས་པའང་གལ་ཆེན་རེད་སྙམ་མོ།།