ཨ་རིག་འགྱུར་མེད།
ཕྱི་ཚེས་ ༡༨ ཉིན་རྒྱབ་ཉིན་གུང་གི་ཟ་མ་ཟོས་རྗེས་ངས་གཞུང་ལས་ཁང་དུ་དེབ་ཅིག་ཀློག་བཞིན་བསྡད་ཡོད། དེ་ནི་ཉིན་རྒྱབ་དེར་གློག་མེད་སྟབས་ང་ལ་དེབ་ཀློག་པ་དང་ངལ་གསོ་བའི་དུས་ཚོད་ཅིག་བྱུང་བས་ཡིན། སྐབས་དེར་ངའི་ལག་ཁྱེར་ཁ་པར་གྱི་སྒྲ་གྲགས་བྱུང་བས་ལག་ཏུ་བླངས་ནས་ལྟ་སྐབས། བྷེལ་རྗེམ་དུ་ཡོད་པའི་ངའི་ཡུལ་གྲོགས་ཨ་རིག་དམ་ཆོས་ལགས་རེད། ངེད་གཉིས་ཀྱིས་ཕན་ཚུན་ལ་ཁམས་འདྲི་དང་སྤྱིར་བཏང་བའི་སྐད་ཆ་འགའ་བཤད་རྗེས་ཁོང་གིས་ང་ལ་ཁ་པར་གཏོང་དགོས་པའི་གནད་དོན་གཏེ་བ་དེ་གསུངས་དོན། ངས་ད་ལྟ་རང་བོད་ནས་བཏང་ཡོང་བའི་ཁ་པར་ཞིག་ལ་ཉན་པ་ཡིན་ལ། བོད་ནས་ཁ་པར་གཏོང་མཁན་གྱིས་ང་ལ་བཤད་པའི་རེ་སྐུལ་ཞིག་ཁྱོད་ལ་བཤད་འདོད་བྱུང་ཞེས་ཟེར།
ངས་བློ་རིམ་བསྒྲིམས་ཏེ་ཉན། ཁོང་གིས་བཤད་དོན། ང་ལ་ཁ་པར་གཏོང་མཁན་དེ་ད་ལྟ་རྒྱལ་ནང་གི་མགྲོན་ཁང་ཞིག་ཏུ་འདུག་ལ་ཁོས་མགྲོན་ཁང་གི་རིན་མེད་ཁ་པར་བརྒྱུད་ནས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་ཁ་པར་གཏོང་ཐབས་བྱས་འདུག་ཀྱང་། རྐྱེན་དབང་ཞིག་གིས་གཏོང་ཐུབ་པ་བྱུང་མི་འདུག་ལ། དེ་མིན་རང་གི་ལག་ཁྱེར་ཁ་པར་བེད་སྤྱད་ཚེ་སྲིད་གཞུང་གིས་ལྐོག་ཉན་བྱེད་པར་དོགས་ནས་བཏང་མི་འདུག
བོད་མི་དེས་བརྗོད་ན་དེང་སྐབས་བོད་ནང་དུ་ཕྱི་ཡུལ་དུ་ཡོད་པའི་རང་རིགས་སྤུན་ཟླ་རྣམས་ལ་ཧ་ཅང་གི་ཆེ་མཐོང་དང་གདེང་འཇོག་གནང་གི་འདུག་པ་མ་ཟད། ལས་རིགས་འདྲ་མིན་ཐོག་ཡོད་པའི་ཆེད་ལས་མི་སྣ་རྣམས་ལ་དེ་བས་ཀྱང་ཚད་མཐོ་བའི་གདེང་འཇོག་བྱེད་ཀྱིན་ཡོད་འདུག དེའི་སྟབས་ཀྱིས་ཁོང་གིས་ཨ་རིའི་རླུང་བརྙན་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལྟ་ཉན་བྱེད་སྐབས། བྱེས་འབྱོར་སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་འདྲ་མིན་གྱི་མི་སྣ་སུ་འདྲ་ཞིག་ལ་བཅར་འདྲི་བྱས་རུང་། བོད་སྐད་དྭངས་མའི་ནང་དུ་རྒྱ་དབྱིན་ཧིན་གསུམ་གྱི་སྙིགས་རོ་མང་བོ་ཞིག་བསྲེ་བཞིན་པ་ཉུང་ཉུང་མིན་པར་བློ་ཕམ་བྱུང་འདུག་པ་མ་ཟད། དེ་བས་ཀྱང་ཚབས་ཆེ་བ་ནི་གསར་འགོད་པ་རྣམས་ཀྱིས་ཀྱང་བོད་སྐད་དྭངས་མའི་ནང་དུ་སྐད་རིགས་གཞན་བསྲེ་བཞིན་འདུག་པར་བློ་ཕམ་བྱུང་འདུག དཔེར་ན། ད་ལྟ་ line ཡག་པོ་མི་འདུག དགོངས་དག་ཞུ་ལྟ་བུ་བཤད་ཀྱིན་འདུག་ཟེར། བོད་མི་དེས་རང་གི་སེམས་ཚོར་དམར་རྗེན་མ་དེ་གོང་གསལ་རླུང་བརྙན་འཕྲིན་ཁང་གཉིས་ལ་བཤད་རྒྱུར་འབད་འདུག་ཀྱང་མཐར་འབྲས་བུ་བྱུང་མི་འདུག གནད་དོན་འདི་ཁྱོད་ཀྱིས་ཡིག་ཐོག་ནས་ཁོང་ཚོའི་རྣ་ལམ་དུ་འཁྱོལ་བ་བྱེད་རོགས་ཞེས་ཟེར།
ངས་ཁོང་གིས་སྐད་ཆའི་འགྲོས་ལ་ཉན་སྐབས་ཁོང་ལ་ཁ་པར་གཏོང་མཁན་གྱི་མི་དེ་ནི་བོད་ནང་གི་ཕ་སྐད་གཙང་མའི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་ནམ་སྙམ་དུ་འདུག་ལ། སྐབས་འདིར་དེ་འགྲེལ་གྱི་སྐད་ཆ་འགའ་སྣོན་འཕྲི་བྱས་ན། ཉེ་བའི་ལོ་འདི་འགར་བོད་ནང་གི་བོད་མི་ཆེ་ཆུང་དང་རྒན་གཞོན། ལས་བྱེད་པ་དང་དགེ་རྒན། ཤེས་ལྡན་མི་སྣ་དང་ལས་ཀ་བ། རུང་འབྲོག་པའི་ཞིང་པ་དང་ཕྱུགས་རྫི་ཚུན་ཆད་ཀྱིས་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཕ་སྐད་དྭངས་མའི་ཆེད་དུ་ཤུགས་རྒྱག་བཞིན་ཡོད་ལ། ཁོང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་སྐབས་སྐད་རིགས་གཞན་གྱིས་ལྷད་མ་ཞུགས་པར་ཕ་སྐད་དྭངས་མ་ཞིག་བཤད་པར་འབད་བརྩོན་བྱེད་ཀྱིན་ཡོད།
ཉེ་ལམ་བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་བས་སྤེལ་བའི་བསྒྲགས་གཏམ་ཞིག་ཏུ། དེང་སྐབས་བོད་སྐད་གཙང་མ་སྨྲ་བའི་དམ་བཅའ་འཇོག་མཁན་མི་འབུམ་གཉིས་བརྒལ་ཡོད་ཅེས་གསལ་འདུག དེ་གས་ཚོགས་པའི་སྤེལ་བའི་བསྒྲགས་གཏམ་དེའི་ནང་བོད་སྐད་གཙང་མར་སྨྲ་བའི་ལས་འགུལ་སྤེལ་སྟངས་ནི་ཧ་ཅང་སྟབས་བདེ་ལ་རྒྱ་ཆེ་བ་སྟེ།
༡ ༽རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅིངས་བའི་བརྩེ་སེམས་དང་ཤ་ཞེན། སེམས་ཤུགས་སོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དམིགས་ཏེ་བོད་རིགས་གྲོགས་པོ་དང༌ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་བཤད་རྒྱུ།
༢༽གལ་སྲིད་ཁྱེད་རང་ཕ་མ་བུ་ཕྲུག་ཅན་ཡིན་ཚེ་རང་ཉིད་ཀྱིས་ལས་འགན་ཅི་ལྕོགས་ཀྱིས་ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བསྐྱོན་ཏེ། ཕྲུ་གུའི་རྒྱུད་ལ་བག་ཆགས་བཟང་པོ་འཇོག་རྒྱུ་དང་། བོད་སྐད་དེ། དང་པོ་ཁྱིམ་སྤྱོད་སྐད་ཡིག་དང་། དེ་ནས་རིམ་བཞིན་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པ་བྱ་དགོས།
༣༽བླ་མ་དང་མཁན་པོ། སློབ་དཔོན་དང་དགེ་བཤེས། བཙུན་པ་དང་བཙུན་མ། སྐུ་ངོ་དང་ལས་བྱེད། མཁས་དབང་དང་སློབ་དགེ། མཐོ་སློབ་དང་འབྲིང་སློབ་སོགས་ཀྱི་སློབ་མ་ཡིན་ཚེ། རང་ཉིད་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་མིག་དཔེ་བཟང་པོ་བསྟན་ནས་ལམ་སྟོན་དང་སྣེ་ཁྲིད་ཀྱིས་ནུས་པ་བཏོན་ཏེ། བོད་སྐད་གཙང་མ་བསྐྱོན་པའི་ཁོར་ཡུག་བསྐྲུན་ཐབས་ཐད་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་བཅས་སོ། །
རེད་ཡ། ཤ་དང་རུས་པ་བོད་ནས་སྐྱེས་ཤིང་ལུས་ཀྱི་ཟུངས་ཁྲག་དྲོན་མོར་བོད་གདོང་དམར་བའི་ཁྲག་རྒྱུན་འདྲིས་ཡོད་པའི་བོད་རིགས་སྤུན་ཟླ་སུ་ཞིག་ཡིན་རུང་། གོང་གི་ལས་འགུལ་ཆུང་ཆུང་དེ་ལ་དུས་ཚོད་ཀྱི་འགྲོ་གྲོན་དང་བསམ་གཞིག་གི་འགྲོ་གྲོན། དཔལ་འབྱོར་གྱི་འགྲོ་གྲོན་དང་ལུས་ཀྱི་ངལ་དུབ་དང་དཀའ་ཚེགས་སོགས་ཅི་ཡང་མེད་པར་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་གོམས་པ་བྱ་རྒྱུ་ཙམ་རེད། བོད་ནང་གི་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་མིག་མདུན་ནས་ང་ཚོས་ལས་འགུལ་ཆུང་ཆུང་འདི་ལྟ་བུ་ཞིག་ཀྱང་སྤེལ་མ་ཐུབ་ན། ཁོང་རྣམ་པ་ཚོས་ང་ཚོ་ཚང་མ་སྟེ་བོད་གདོང་དམར་བའི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཚུན་ཆད་བློས་གཏོང་བྱས་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་དགྲ་ནག་པོའི་མདའ་ཁ་མདུང་ཁ་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་། འཚོ་གནས་རང་དབང་། ཆོས་དད་རང་དབང་སོགས་རྩོད་ལེན་བྱེད་ཀྱིན་པའི་རླབས་ཆེན་ལོ་རྒྱུས་ཀློང་དུ་ཚབས་ཆེ་བའི་ནག་ཐིག་ཕབས་པ་ལས་ཅི་ཡང་ཡིན་མི་སྲིད། ཡང་ཕྱོགས་གཞན་ནས་བཤད་ན་བོད་ཁ་དཔུང་ལ་རྒྱ་ཅན་གྱི་བོད་མི་ནང་ཁུལ་དུའང་ཕྱི་ནང་གི་དབྱེ་བ་ཆུང་ཆུང་ཞིག་བཀར་ཏེ། ཁྱོད་ཤི་ང་གསོན་གྱི་ནང་དམྱེ་མ་ཡིན་པར་ཁ་མིག་ཡར་ལྟ་བྱེད་པའི་སྲོལ་བཟང་གི་འགྲན་ཞིག་བསྡུར་བའི་དབང་དུ་བཏང་ན། ང་ཚོས་རང་སྐད་གཙང་མ་ཞིག་ཀྱང་མི་འཁྱོངས་པའི་ཐབས་སྐྱོ་བའི་བྱེད་བབས་འདི་དག་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནས་ལས་ཅི་ཡང་ཡིན་མི་སྲིད་པ་མིན་ནམ།
ལྷག་པར་དུ་ང་རང་ཉིད་ཚུད་པའི་གསར་འགྱུར་ལས་རིགས་ཐོག་ཡོད་པའི་ཆེད་ལས་པ་རྣམས་ཀྱིས་འདིའི་ཕྱོགས་སུ་སྔར་བས་ཀྱང་ནུས་ཤུགས་ཆེ་བ་འདོན་དགོས་པར་འདོད། དེ་ནི་ང་ཚོའི་ཆེད་ལས་ཀྱི་སྟེང་ནས་བཤད་ན་ཁྱབ་རྒྱ་ཆེ་ཆུང་གི་དབང་གིས་ཡིན་ལ། ཨ་རིའི་བོད་སྐད་རླུང་བརྙན་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུར་མཚོན་ན་གསར་འགོད་པ་ཞིག་གིས་བོད་སྐད་དྭངས་མའི་ནང་དུ་དབྱིན་ཚིག་གཅིག་ཤོར་ནའང་། དེ་དུས་ཚོད་སྐར་ཆ་གཅིག་གི་ནང་དུ་གཞིས་ཀྱི་སྤུན་ཟླ་སྟོང་ཕྲག་དང་ཁྲི་ཕྲག འབུམ་ཕྲག་གི་རྣ་ལམ་དུ་ལྷུང་གི་ཡོད་ལ། དེར་བརྟེན་ནས་དེ་རིང་གི་འབོད་སྐུལ་འདི་ལྟ་བུ་ཞུ་མཁན་བྱུང་བ་ཡིན།
གང་ལྟར་འདས་ཟིན་པ་ནི་ལོ་རྒྱུས་ཀྱི་ཀློང་ལ་བསྐྱལ་ཟིན་པའི་འདས་སོང་གི་ལོ་རྒྱུས་ཤིག་ཏུ་གྲུབ་ཟིན་པས་ཕན་ཚུན་ལ་འཁང་ར་བྱས་པས་ཅི་ཡང་མི་ཕན་མོད། གཙོ་བོ་འབྱུང་ངེས་པའི་བྱ་བའི་ཕྱོགས་ལ་ཤུགས་སྣོན་དང་ཕན་ཚུན་གྱི་རེ་འདུན་དང་། ལྷག་པར་དུ་བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་ནན་ཏན་གྱིས་བསམ་གཞིག་བཏང་སྟེ། ཕྱིས་འབྱུང་གི་ལོ་རྒྱུས་ནང་དུ་འདི་ལྟ་བུའི་ནག་ཐིག་རིགས་ཤིག་གིས་ལོ་རྒྱུས་མི་འབྲི་བར་འབད་རྒྱུ་དེ་རེད། དེར་བརྟེན་ཕྱོགས་གཅིག་ནས་བོད་ནས་ཁ་པར་ལས་རེ་འབོད་ཞུ་མཁན་གྱི་སྤུན་ཟླ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཕྱོགས་གཞན་ནས་ང་ཚོ་ཚང་མས་རང་ཉིད་ལེགས་བཅོས་ཀྱི་ལམ་དུ་བགྲོད་པར་བྱའོ།
Phone line = ཁ་པར་གྱི་བརྒྱུད་ལམ་མམ། ཞལ་དཔར་གྱི་བརྒྱུད་ལམ། ཞེས་བརྗོད་རིགས།
ཨ་རིག་འགྱུར་མེད་ལགས། ཞོགས་པ་བདེ་ལེགས། ཁྱེད་ཀྱི་བསམ་ཚུལ་ཐུང་ཐུང་དེས་ང་ལ་སེམས་འགུལ་ཞེ་དྲག་བྱུང་། ཐུགས་རྗེ་ཆེ། ང་ཚོས་ད་ལྟ་གླེང་བཞིན་པའི་སྐད་ཡིག་ལ་བསྲེས་སླད་འགྲོ་བ་ལ་མང་ཚོགས་ངོས་ནས་ཁག་མེད་པ་ཞིག་ཡིན། གང་ཡིན་ཞེ་ན་དེང་དུས་ཚན་རྩལ་གྱིས་རིག་སྟོབས་ལས་ཐོན་པའི་ཅ་དངོས་དག་ལ་ང་ཚོའི་ཕ་མེས་ཀྱིས་བྱིན་པའི་སྐད་ཡིན་ནང་བརྡ་ཆད་དེ་དག་མེད་པ་དང་གསར་དུ་བེད་སྤྱོད་བྱེད་ཆོག་ཆོག་གི་མི་ཚིག་གསར་པ་མཐུས་སྒོ་ཚང་བ་ཞིག་མེད་པས་སོ། །དེས་ན་ནོར་འཁྲུལ་དང་ཉེས་པ་ཐམས་ཅད་ཐོབ་དང་དབང་། གོ་ས་དང་ཁྲི། མིང་དང་གྲགས་པ། ཤེས་པ་དང་ཡོན་ཏན། རྣམ་དཔྱོད་དང་རིག་པ་ཡོད་པའི་བོད་མི་རྩམ་གཟན་པ་དག་ལ་ཡོད། གང་ཡིན་ཞེ་ན་ཁོང་དག་གིས་དེ་དག་ལ་མིང་འདོགས་གསར་པ་རེ་མ་བཟོས་པ་དང་། གལ་སྲིད་རེ་ཟུང་ཡོད་ནའང་དེ་ཉིད་མང་ཚོགས་སུ་ཁྱབ་སྤེལ་གཏོང་ཐབས་མ་བྱས་པར་འདི་ཁོ་ནའོ། །དེང་དུས་བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བོད་གཞིས་ལུས་པའི་དཔྱོད་ལྡན་སྨྱུག་ཐོག་པ་འགས་མིང་ཚིག་གསར་པ་བཟོས་པའི་དེབ་ཅིག་ཕུལ་བ་ལ་རྗེས་སུ་ཡི་རང་བྱེད་དགོས་ཡ་དང་། ད་དུང་ཡང་དེར་མ་ཚང་པའི་རིགས་གསར་བསྣན་བྱེད་ཐབས་ལ་འབད་དགོས་ཤིང་དེ་ཉིད་མང་ཚོགས་སུ་བེད་སྤྱོད་གཏོང་ཐབས་བྱེད་དགོས། དེ་དག་གི་འགན་གཙོ་བོ་རང་གཞུང་ཤེས་རིག་ལས་ཁུང་ལ་ཡོད་པ་ཞིན་ཡིན། འོན་ཀྱང་ཁོང་དག་ནི་བོད་ཀྱི་སྐད་ཡིག་གི་དབུག་ཐག་ཕྲ་མོ་འདི་ཆད་ནས་ཕྱི་མའི་སྔ་ལམ་དུ་བཞུད་མ་ཟིན་བར། ཅི་མི་སྙམ་དུ་གཉིད་ཡུར་ནས་ཕྱིའི་ཁྲ་ཁྲ་ཟིང་ཟིང་གི་རྨི་ལམ་སྣ་ཚོགས་པ་ཞིག་བཏང་ནས་བདེ་བར་མལ་དུ་ཉལ་བ་བསླང་ཐུབ་པ་མི་འདུག་གོ།
ཨ་རིག་འགྱུར་མེད་ལགས་ལ་ཕྲད་པའི་དོན་དངོས་གནས་ཚུལ་འདི་རིགས་ཤིན་ཏུ་གལ་ཆེན་པོ་རེད།
ཉེ་སྔོན་ང་ལའང་བོད་ནས་འདི་ལྟའི་གནས་ཚུལ་དང་རེ་ཞུ་མཁན་མང་པོ་བྱུང།ཕ་སྐད་གཙང་མའི་ལས་འགུལ་ནི་མི་རང་ཉིད་ནས་འགོ་རྩོམ་དགོས་པའི་ལས་འགུལ་ཡིན་པར་བརྟེན།ཐོག་མར་བཙན་བྱོལ་པ་ཚང་གི་ལས་བྱེད་རེ་རེ་དང་།དེ་ནས་སློབ་མ་སོ་སོ་སོགས་སྤྱི་ཚོགས་ཀྱི་གྲུབ་ཆ་རེརེར་ཁྱབ་དགོས་པ་ཞིག་ཡིན།
དེ་མིན་ད་རུང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།ཨ་རིའི་བརྙན་འཕྲིན་ནི་བོད་ནང་གི་བོད་པ་མང་པོ་ཞིག་གི་སེམས་ཀྱི་གསོས་སུ་གྱུར་ཡོད་པས་དེ་ནི་དོ་སྣང་ཆེན་པོ་བྱེད་ས་གཅིག་པུར་གྱུར་ཡོད་པ་མ་ཟད།ཤུགས་རྐྱེན་ཀྱང་རྒྱ་བོད་་བརྙན་འཕྲིན་གཞན་གང་ལའང་བསྡུར་ཐབས་མེད་པའི་ཚད་དུ་སླེབས་ཡོད་པས།དེར་བསྲེ་ལྷད་ཀྱི་སྐད་ཆ་ཡ་མ་ཟུང་རྒྱག་པ་ནི་ཤིན་ཏུ་བློ་ཕམ་པོ་ཞིག་རེད་ཟེར་ལ།ལྷག་དུ་བརྙན་འཕྲིན་དང་རླུང་འཕྲིན་ཁང་དེ་དག་གི་ནང་བགྲོ་གླེང་བ་དང་གདན་ཞུའི་གཏམ་བཤད་གནང་མཁན་ཚོས་ཆོལ་ཁུངས་ཀྱི་ཕྱོགས་ཞེན་རྣམ་འགྱུར་གང་མང་ཐོན་ཡོང་གི་ཡོད་པ་ནི་དེ་བས་ཀྱང་བློ་ཕམ་གྱི་གནས་ཤིག་རེད་ཅེས་ཟེར་གྱི་འདུག
བོད་སྐད་གཙང་མ་བཤད་དགོས་ན་དེང་རབས་སྒྲུང་གཏམ་མང་པོ་བོད་ཡིག་ཏུ་འབྲི་དགོས། ལྷག་པར་དུ་དེང་གི་ཚན་རྩལ་དང་འཕྲུལ་ཆས་སྐོར་གྱི་ཐ་སྙད་རྣམས་སྒྲུང་གཏམ་དུ་བཀོལ་སྤྱོད་བྱེད་དགོས། འདི་ངས་བསམ་ཚུལ་ཞིག་ཡིན།
Heartfelt thanks for nice comment/suggestion.
I really appreciated it.
Looking forward strong to hear your suggestion.
རྣམ་པ་ཚོས་རང་རང་གི་དགོངས་ཚུལ་གསུངས་པར་དགའ་ཡོད། སེམས་ཀྱིས་ཉན་ཡོད།
དངོས་གནས་ཨ་རིག་འགྱུར་མེད་ལགས་ཀྱིས་བཤད་པ་བདེན་པ་རེད།
ངས་ཀྱང་དེ་སྔོན་བོད་ནང་སྤུན་མཆེད་ཅིག་ལ་ཁ་པར་རྒྱབ་པ་ཡིན།ཁོང་གིས་ཀྱང་དེ་ལྟར་གསུངས་ཀྱི་འདུག།
བོད་ཀྱི་སྐད་ཡིག་ལ་བསྲེས་སླད་ཤོར་དྲག་ན་ནམ་ཞིག་བཀའ་བསྟན་གྱི་ནང་དོན་མི་གོ་བའི་ཉེན་ཁ་ཡོང་སྲིད།
འདིའི་༸གོང་ས་མཆོག་གིས་ཀྱང་ཡང་ཡང་བཀའ་སློབ་ཕེབས་གནང་ཡོད་པ་རེད།
ང་ཚོས་ངོས་ནས་བོད་སྐད་གཙང་མ་ཞིག་རྒྱག་ཐུབ་རྒྱུ་འབད་བརྩོན་བྱེད་དགོས་པ་མཐོང།
དུས་རྒྱུན་འདི་ལྟ་བུའི་གནས་ཚུལ་གང་མང་མང་ཞིག་ག་ས་གར་ཁྱབ་ཀྱིན་འདུག
ཨ་རིག་འགྱུར་མེད་ལགས་། སེམས་ངོས་ནས་བཟོད་སྲན་མི་ཐུབ་པས་ཚོར་བ་རྗིད་མོ་དེས་དེད་ནས་། དཀའ་ངལ་དེས་གདོང་་དུ་འཁྱར་མ་འཁྱོར་གིས་ལངས་ཁུལ་བྱས་ཡོད་། སྤུན་ཟླ་རྣམས་ཀྱི་རྒྱབ་བསྐྱོར་ལགས་འཐེན་གནང་རྒྱ་ནི་བདག་གིས་ཡིད་ཆས་དང་བློ་ཕུག་གིས་འཇུ་ཐག་ཡིན།
ལྷག་དཀར་གྱིས་། མིང་ཚིག་དང་ཐ་སྙད། བྱིས་སྒྲུང་གི་སྐོར་ཕྱོགས་བསྒྲིགས། རི་མོར་ལྟས་ནས་ཕ་སྐད་སྦྱང་སོགས་ཆེས་དམའ་རིམ་ནས་མགོ་བརྩམས་ནས་ལས་སླ་རིམ་ནས་ལམ་ལ་ཆས་ཡོད་།
ཨོ་དུང་ཅི་ཞིག་བརྠེད་འདུག་། ལྷག་དཀར་གྱི་འབྲེལ་ཐག་འདི་ན་ཡོད་། http://iamtibetan.wordpress.com/
ཨ་རིག་འགྱུར་མེད་གིས་གསུང་པ་དེ་དངོས་གནས་རེད་ ཧ་ཅང་གི་སེམས་མགུལ་ཐེབ་པའི་སྐད་ཆ་ཞིག་རེད་ཐུགས་རྗེ་ཆེ་ ངའི་ཉེ་འཁོར་ན་རྒྱ་གར་གཞི་ཆགས་ནས་འབྱོར་བའི་བུ་དང་བུ་མོ་འགའ་ཞིག་འདུག ཁོང་ཚོའི་གཞན་ལ་སྐད་ཆ་བཤད་དུས་རྒྱ་གར་ཐ་སྙད་ཁོ་ན་བེད་སྤྱོད་བྱེད་པ་ལས་བོད་པའི་ཐ་སྙད་བེད་སྤྱོད་བྱེད་པ་ཧ་ཅང་དཀོན་
བོད་ནང་ནས་ཁ་པར་གཏོང་མཁན་དེ་སྙིང་རྗེ། ངས་མཚམས་རེར་འདི་ཚོའི་སྐོར་ལ་བསམ་བློ་གཏོང་གིན་གཏོང་གིན་སེམས་ནས་ངུ་རྒྱུ་འདྲ་ཡོང་གི།
ང་ལ་ཡང་བསམ་ཚུལ་མང་པོ་ཡོད། གནས་སྐབས་ལ་ཞུ་གི་ཡིན། གནས་སྐབས་ལ་ཁ་ཚུམས་ནས་འདུག་གི་ཡིན། རྗེས་མ་ཞིག་ལ་ཞིབ་ཚགས་པོ་ཞིག་འབྲི་གི་ཡིན།
བོད་ཀྱི་སྐད་ཡིག་ལ་སེམས་ཁུར་དང་སེམས་ཁྲལ་བྱེད་མཁན་ཁྱེད་ཚོ་ཚང་མར་བཀའ་དྲིན་ཆེ་ཞུའོ།
བདག་གི་རྩོམ་ཐུང་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། གཙོ་བོ་ང་ཚོ་ཚང་མས་དཔུང་པ་མཉམ་གཤིབ་སྒོས་བོད་མི་རིགས་ཀྱི་སྐད་ཡིག་འདི་སྔར་བས་ཀྱང་འཛམ་གླིང་སྟེང་ཁྱབ་བརྡལ་ཏུ་གཏོང་མ་ཐུབ་ཀྱང་། རང་རིགས་སྤུན་ཟླ་ནང་ཁུལ་ནས་མ་ཉམས་པ་ཞིག་དང་གཟི་བརྗིད་ངང་གནས་ཐུབ་པ་ཞིག་ལ་ཤུགས་རྒྱག་རྒྱུ་གལ་ཆེ།
ཨ་རིག་འགྱུར་མེད་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་བཞིན་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་རང་གི་སྐད་ཡིག་ལ་ཤུགས་རྒྱབ་དགོས་ཀྱི་འདུག གཙོ་བོ་གཞུང་ཞབས་པ་ཚོས་དགོངས་པ་བཞེས་དགོས་ས་རེད། ཁོང་རྣམ་པའི་གསུང་བཤད་ནང་དུ་ཧིན་དྷི་དང་། དབྱིན་ཇིའི་ཐ་སྙད་མང་བ་ལ།
ཚེ་བརྟན་གྱི་བསམ་ཚུལ་ནི། ཁྲག་དང་སྲོག་གིས་འགྲོ་སོང་བཏང་བའི་བོད་ནང་གི་སྤུན་ཟླ་རྣམས་ལ་བཀའ་དྲིན་ཞུ་རྒྱུ་དང་བོད་ནས་བསྐུར་བའི་ལན་དེའི་ཆེད་རང་ཉིད་ཀྱི་སྟེང་ནས་འགོ་འཛུགས་ནས་བོད་མི་ནང་ཁུལ་ལ་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།
དམ་ཆོས་ཀྱི་བསམ་ཚུལ་ནི། བོད་སྐད་གཙང་མ་བཤད་རྒྱུ་ནི་ངའི་སྙིང་གི་རེ་བ་་དང་མི་རིགས་འདིའི་ལས་དབང་མཉམ་འདེགས་བྱེད་རྒྱུའི་སྲོག་རྩ་ཡིན། བོད་ནས་སྤུན་ཟླ་དེའི་ལན་བསྐུར་བ་བཞིན་རང་ཉིད་བོད་མི་སུ་འདྲ་ཞིག་ལ་འཕྲད་སྐབས་བོད་སྐད་གཙང་མ་བཤད་རྒྱུའི་ཁས་ལེན་བྱེད་རྒྱུ་ཡིན།
བསྟན་འཛིན་བཟང་མོའི་བསམ་ཚུལ། བོད་སྐད་གཙང་མ་བཤད་མཁན་གྱི་ཨ་མ་ཞིག་བྱེད་རྒྱུ་དེ་ཡིན།