བདེ་ལེགས་འཚོལ་གྱིས།
———————
༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་༢༧ ཉིན་མ་ཡོ་སྨན་ཁང་(Mayo Clinic) དུ་མི་ནི་སོ་ཊིའི་བོད་མི་ཚོར་ཞལ་མཇལ་བཀའ་སློབ་གནང་འཆར་ཡོད་ལུགས་གོ་ཐོས་བྱུང་ཞིང་། ན་ནིང་ཕྱི་ཟླ་ ༧ པར་བྱང་ཨ་རིར་ ༧ གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་རྗེས་དང་ལྷག་པར་དུ་ཁོང་གི་སྐུའི་མཁྲིས་རྡོའི་གཤག་བཅོས་རྗེས་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་མ་རེག་པའི་སྟབས་བྱས། མགོན་པོ་གང་གི་ཞལ་མཇལ་གསུང་ཐོས་ཐོབ་རེ་དང་དམིགས་བསལ་གྱིས་ཁོང་གི་སྐུ་ལུས་དང་ཞལ་མདངས་འཕྲོད་བསྟེན་ཇི་འདྲ་ཡོད་མེད་བལྟ་རྒྱུའི་འདུན་པ་རབ་ཏུ་འཕེལ་ཏེ། དེ་ཉིན་ལས་ཀ་ནས་དགོངས་པ་ཞུས་ཏེ་ཞོགས་ཀ་སྔ་ཙམ་ལངས་ཤིང་ཇ་འཐུང་ལོང་ཡང་མེད་པར་ཆུ་ཚོད་བཞི་ཙམ་གྱི་ལམ་ཐག་རིང་པོར་མོ་ཊ་མགྱོགས་བསྐོར་བྱས།
ང་དང་གྲོགས་པོ་གཉིས་མ་ཡོ་སྨན་ཁང་ཡོད་སར་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་འབྱོར་ཞིང་། བོད་མི་རེ་ཟུང་མིག་ལམ་དུ་མངོན་པར་གྱུར། ༧ གོང་ས་མཆོག་གིས་སྨན་ཁང་གི་ལྷ་ཁང་དུ་ཉིན་གུང་ཆུ་ཚོད་ ༡ ལ་བཀའ་སློབ་མཇལ་ཁ་གནང་འཆར་ཡོད་པ་ལྟར། སྨན་ཁང་འཁྲིས་ཀྱི་མོ་ཊ་བཀག་ས་ཞིག་ཏུ་བོད་ལུགས་ཕྱུ་པ་མགྱོགས་གོན་བྱས་ཏེ། མདུན་གྲལ་ཡག་པོ་ཞིག་རེག་ཆེད་གང་མགྱོགས་སྨན་ཁང་གི་ལྷ་ཁང་ནང་འགྲོ་ཐུབ་བྱས་མོད། བོད་མི་བརྒྱ་ཕྲག་ལྷག་སྔ་བོ་ནས་སླེབས་ཏེ་མདུན་གྱི་སྡོད་གྲལ་ཐམས་ཅད་བཟུང་ཚར་འདུགང་དང་གྲོགས་པོ་གཉིས་འདོད་པ་མི་ཁེངས་བཞིན་དུ་རྒྱབ་གྲལ་ནས་འདུག་སྟེགས་ཤིག་རེག་སོང་བ་དེར་བསྡད། རིམ་བཞིན་མི་མང་རུ་སོང་སྟེ་ལྷ་ཁང་ནང་སྐད་སྒྲ་དང་ཕྲུ་གུའི་ངག་སྐད་འདྲེས་མས་ཁེངས།
ཉིན་གུང་ཆུ་ཚོད་ ༡ ཏག་ཏག་ཐོག་ ༧ གོང་ས་མཆོག་ཞལ་འཛུམ་དང་བཅས་ཚོགས་ཁང་དུ་ཕེབས་པར། དེ་ཡོད་མི་དམངས་ཡོངས་རྫོགས་ཡར་ལངས། ལ་ལས་ཕྱག་འཚལ་བ་དང་ལ་ལས་མིག་བཙུམས་གསོལ་བ་རྩེ་གཅིག་འདེབས་བཞིན་འདུག ལྷ་ཁང་གི་སྟོད་སྟེགས་སྒང་དུ་རས་སེར་གྱིས་གཡོགས་པའི་བཞུགས་སྟེགས་ཤིག་གྲ་སྒྲིག་བྱས་འདུག་མོད། ༧ གོང་ས་མཆོག་ལུས་ཐང་ཆད་པའི་རྣམ་པ་སྤུ་ཙམ་མེད་པར་ཡར་བཞེངས་ཏེ་བཀའ་སློབ་གནང་མགོ་བརྩམས།
ཁོང་གིས་སྐུ་འཁྲིས་ཀྱི་ལས་བྱེད་ཅིག་ལ་དེ་རིང་གཟའ་ག་རེ་རེད་ཅེས་བཀའ་འདྲི་གནང་སོང་། ཨོ་་་་་་
གཟའ་ཟླ་བ་་་་་་་དེ་རིང་གཟའ་ཟླ་བ་ལ་ཁྱེད་རང་ཚོས་ལས་ཀ་བཞག་ནས་འདིར་ང་ལ་ཐུག་གར་ཡོང་བར་ཐུགས་རྗེ་ཆེ། ང་སྔོན་མ་ཐེངས་གཅིག་དང་འདའ་ཉིན་ལོ་ལ་སྨན་ཁང་འདིར་བརྟག་དཔྱད་བྱེད་དུ་ཡོང་བ་ཡིན། ད་ཐེངས་དམིགས་བསལ་གཟུགས་པོ་མ་བདེ་བ་བྱས་ནས་ཡོང་བ་མིན། སྤྱིར་བཏང་འཕྲོད་བསྟེན་ག་འདྲ་འདུག་བལྟ་ག་ཡོང་བ་ཡིན། ང་ད་ལྟ་གཟུགས་པོ་བདེ་བོ་ཡག་པོ་འདུག་ཟེར་གི་འདུག ཚང་མས་སེམས་ལྷོད་ལྷོད་གནང་རོགས་ཞེས་དང་པོར་ཁོང་གི་སྐུའི་འཕྲོད་བསྟེན་ནས་འཕྲོས་ཏེ། བཙན་བྱོལ་དུ་ཡོང་དགོས་དོན་དང་། ད་ལྟའི་བོད་རྒྱའི་ཆབ་སྲིད་གནས་སྟངས། བོད་པའི་དངོས་ཡོད་གནས་ཚུལ་ངོ་སྤྲོད་དང་རྒྱ་མི་རིགས་ལ་འབྲེལ་བ་བྱེད་དགོས་ལུགས། བོད་མིའི་ཡ་རབས་བཟང་སྤྱོད་རྒྱུན་འཛིན་བྱ་དགོས་སྐོར། གཞོན་སྐྱེས་ཚོར་ཉལ་ཐ་དུག་རྫས་ཀྱི་ཉེས་དམིགས། བོད་ཀྱི་སྐད་ཡིག་བེད་སྤྱོད་རྒྱུན་འཛིན་བྱ་དགོས་སྐོར་བཅས་དང་འབྲེལ་བའི་སྐོར་བཀའ་སློབ་ཆུ་ཚོད་སྐར་མ་ ༤༠ ཙམ་རིང་བསྩལ།
བཀའ་སློབ་མཇུག་མ་སྒྲིལ་གོང། ༧ གོང་ས་མཆོག་གིས་བོད་རང་སྐྱོངས་ལྗོངས་ཁུངས་ནས་ཡིན་པའི་མི་ག་ཚོད་ཡོད། ལག་པ་རྐྱོང་དང་ཅེས་དྲིས་པར། ལག་པ་འགྱོགས་མཁན་མང་པོ་བྱུང་། དེ་རྗེས་འཛུམ་མུལ་དང་བཅས། དབུས་གཙང་མི་ག་ཚོད་ཡོད་ཅེས་དྲིས། མི་ཕལ་མོ་ཆེས་ལག་པ་བཀྱག ཡང་ཁམས་པ་ག་ཚོད་ཡོད་ཅེས་དྲིས། མི་མགོ་ ༣༠ ལྷག་གིས་ལག་པ་བཀྱག ཡང་ཨ་མདོ་མི་ག་ཚོད་ཅེས་དྲིས་སོང་བར། མི་མགོ་ ༡༥ ནས་ ༢༠ ལྷག་གིས་ལག་པ་བཀྱག སྐབས་དེར་ ༧ གོང་ས་མཆོག་གིས་ཀྱང་བཞད་གད་འཛུམ་མུལ་དང་བཅས་ང་ཡང་ཨ་མདོ་རེད་ཝ་ཞེས་རྩེད་མཚར་ཀྱི་ཉམས་དང་ལྡན་པའི་ངང་ཕྱག་ཡར་རྐྱོང་བཞིན་འདུག
དེ་ནས་མཐོ་སློབ་ཐོན་པ་མི་ཚོད་ཡོད་ཅེས་དྲིས་སོང་བར། ལྷ་ཁང་དུ་ཡོད་པའི་བོད་མི་ལྔ་བརྒྱ་ལྷག་གི་ནང་ནས་ལག་པ་འགྱོག་མཁན་ལྔ་དྲུག་ཙམ་མ་གཏོགས་བྱུང་མ་སོང་། གྲངས་ཀ་ཉུང་དྲགས་པའམ་ཁོང་གི་ཐུགས་རེ་ལྟར་མ་བྱུང་བ་ཡིན། ༧ གོང་ས་མཆོག་གི་བཞད་སྒྲ་དང་ཞལ་རས་ཀྱི་འཛུམ་མདངས་དེ་མ་ཐག་ཡལ་ཞིང་ཞལ་ལ་གྲིམས་ཤིག་ལངས་ཏེ་གཟབ་ནན་ངང་། ཡ་ད་ང་གལ་བཤད་ཡ་མེད། ཅེས་བཀའ་སློབ་གནང་མཚམ་བཞག་སྟེ་ཕྱིར་ཐོན་གནང་།
༧ གོང་ས་མཆོག་གིས་དུས་ནམ་ཡང་ཤེས་ཡོན་གལ་ཆེན་ཡིན་སྐོར་གལ་བོ་ཆེ་ལ་ནན་ཏན་གྱིས་གསུང་གི་ཡོད། གཅིག་བྱས་ན་གཟའ་ཟླ་བ་ཡིན་ཙང་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་དང་ཐོན་ཚར་མཁན་ཁག་ཅིག་ད་ཐེངས་མཇལ་བཅར་ལ་ཡོང་ཐུབ་མེད་ན་ཐང་། འོན་ཀྱང་བོད་མི་མཐོ་སློབ་ཐོན་མཁན་ཉུང་ཉུང་ལས་མེད་པ་འདིའི་གནས་སྟངས་ལ་གཟིགས་ཏེ་ ༧ གོང་ས་མཆོག་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་ཡོད་སྙམ། སྤྱིར་ཨ་རིའི་ནང་བོད་མི་ཉིས་ཁྲི་ལས་བརྒལ་བ་ཡོད་མོད་དེའི་ནང་ PhD ཤེས་ཚད་ལག་འཁྱེར་ཡོད་མཁན་བོད་མི་ཆེས་ཉུང་ཉུང་ཡིན།
རྒྱ་གར་དུ་སློབ་གྲྭ་ཁག་ཏུ་དབྱིན་ཡིག་སྦྱང་གཞི་གཙོ་བོ་ཡིན་པས་རྒྱ་གར་དུ་འཚར་ལོངས་བྱུང་ཞིང་སློབ་
གྲྭར་འགྲིམས་པའི་བོད་ཕྲུག་ཨ་རིེར་ཡོད་མཁན་ཚོར་སྐད་ཡིག་གི་རྨང་གཞི་ལེགས་པོ་ཡོད་སྟབས་མཐོ་སློབ་འགྲིམ་པའི་ཆ་རྐྱེན་གང་ལེགས་ལྡན་ཡོད། བོད་ནས་འཚར་ལོངས་བྱུང་ཞིང་སློབ་གྲྭར་འགྲིམས་པའི་བོད་ཕྲུག་རྣམས་ལ་ཆ་རྐྱེན་དེ་འདྲ་མེད་པ་ཚང་མ་ཤེས་གལ་ཡིན།
བོད་མི་ཚོར་ཅི་ཞིག་གིས་ལན་ནམ། ནུབ་ཕྱོགས་ཏུ་ཡོད་པའི་བོད་རིགས་ཕ་མ་རྣམས་ལ་སོ་སོ་སྡོད་སའི་ལུང་པ་དེའི་སློབ་གསོ་ཤེས་ཡོན་སྐོར་ལ་ཆ་རྒྱུས་མེད་པ་དང་གཅིག སོ་སོའི་འཚོ་བའི་ཐད་ལས་བྲེལ་ཆེ་དྲགས་
པ་དང་གཉིས། སོ་སོའི་བུ་ཕྲུག་ལ་ལམ་སྟོན་དང་གོ་སྐོན་སློབ་གསོ་འདང་ངེས་རྒྱག་ཐུབ་གི་མེད་པ་དང་གསུམ། བོད་རིགས་གཞོན་སྐྱེས་ཚོར་མི་ཚེའི་དམིགས་ཡུལ་དང་ཧུར་བརྩོན་གྱི་རང་བཞིན་མེད་པ་དང་བཞི་བཅས་ནི་རྒྱུ་རྐྱེན་གཙོ་བོ་རེད་སྙམ།
རེད་རེད། བོད་མི་འདི་ཚོས་༸གོང་ས་མཆོག་གི་སྐུ་མདུན་དུ་སྤྲེལ་ལད་འཁྲབ་པ་མ་གཏོགས་བཀའ་སློབ་ཀྱི་དགོངས་པ་ལ་བསམ་ཤེས་དང་གོ་བསྡུར་བྱ་རྒྱུ་མེད་ལ་དེ་ལག་ལེན་དུ་འཁེལ་བ་བྱ་རྒྱུ་དེ་བས་ཀྱང་དཀོན།
བཙན་བྱོལ་གཞིས་ཆགས་པ་ཚོ་ལ་ཆ་མཚོན་ན། ལོ་ལྔ་བཅུ་ཙམ་ཕྱིན་པའི་གོང་ནས་རྒྱ་དམར་གྱིས་བོད་ཡུལ་འདི་འཕྲོག་པ་མ་ཟད་། ཁོང་ཚོའི་ལག་ནས་སྨྱུག་གུ་དང་འབྲི་དེབ་དང་སྙན་ངག་གི་རང་དབང་ ( poetic license) དང་ལྷན་སྐྱེས་ཀྱི་རིག་སྟོབས་ཚང་མ་བཅོམ་པའི་བཟོ་འདྲ་བོ་འདུག
རེད་རེད། ནུབ་ཕྱོགས་སུ་སླེབས་ནས་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདི་འདྲ་ཡོད་ཀྱང་། བོད་མི་མང་ཆེ་བ་ནི་མུ་གེ་ཆེན་པོ་ཞིག་ནས་ཐར་ནས་ཅུང་མ་ཕྱིན་པའི་བཟོ་འདྲ་བོ་བྱེད་ནས། ཁ་ལ་ཟ་རྒྱུ་ཞིག་དང་། རྒྱབ་ལ་གྱོན་རྒྱུ་ཞིག་གི་དོན་དུ་ཀྱང་སྨྱོ་རྒྱུགས་འཐེན་པ་དང་། དེ་ནས་ཅུང་ཡར་རྒྱས་ཕྱིན་ན་སྐེ་ལ་གསེར་རྒྱན་འདོགས་རྒྱུ་ཞིག་དང་། ད་ལྟ་ཁྱེད་རང་ཡོད་སའི་ཨ་རིའི་མངའ་སྡེ་ནང་གི་བོད་མི་ཚོས་མོ་ཏྲ་རྫིག་ལོད་ལ་འགྲན་བསྡུར་སོགས་བྱེད་བཞིན་པ་སོགས་ལ་བསམ་ན་ཡིད་སྐྱོ་བ་ཞིག་རེད།
༸གོང་ས་མཆོག་གི་ཉེ་ཆར་རང་དུ་བོད་མི་ཚོས་སྐེ་ལ་གསེར་རྒྱན་དང་མོ་ཏྲ་སོགས་ཉོས་ནས་སྤྱོད་པའི་ཚུལ་འདི་ལ་ཡུལ་མི་རྒྱ་གར་པའི་སེམས་ལ་མི་བདེ་བ་ཕྲག་དོག་གི་གཞི་རུ་འགྲོ་ཡི་ཡོད་པའི་བཀའ་སློབ་ཕེབས་ཚར་ཙམ་རེད་།
རེད་རེད། ལྷག་པར་དུ་བཙན་བྱོལ་ནང་འཚར་ལོངས་ཡོང་བའི་བོད་མི་ཚོས་སློབ་སྦྱོང་ལ་དོ་སྣང་ཆེ་བ་མེད་པ་འདི་ཡི་རྒྱུ་མཚན་ལ་བསམ་བཞིགས་མང་ཙམ་བྱེད་ཀྱི་ཡོད་། དཔལ་འབྱོར་གྱི་དཀའ་ངལ་གྱིས་སློབ་སྦྱོང་སྤྲོད་རྒྱུ་ལ་ཤུགས་ཅན་ཞིག་ཐེབས་ངེས་ཀྱང་། ང་ཚོ་ནང་བཞིན་གྱི་རྒྱ་ནག་ནས་ཨ་རི་ལ་གནས་སྤོས་ཡོང་པའི་རྒྱ་མི་ཚོས་བདུན་རེའི་ནང་དུ་ཉིན་དྲུག་ཙམ་དང་། ཉིན་རེར་ཆུ་ཚོད་བཅུ་ལྷག་ལས་ཀ་བྱེད་ཀྱི་ཡོད་པ་སྤྱིར་བཏང་ཆ་མཉམ་འདྲ་བོ་རེད། ཡིན་ནའང་རྒྱ་རྒན་འདི་ཚོས་སོ་སོའི་བུ་ཕྲུག་ཚོ་ལ་སློབ་སྦྱོང་རྩེ་གྲས་ཞིག་སྤྲོད་ནས་ཨ་རིའི་མཐོ་སློབ་སྐད་གྲགས་ཅན་ཁག་ཏུ་གཏོང་ཐུབ་ཀྱི་ཡོད་ན་སྤྲང་རྒན་བོད་མི་ཚོས་དེ་ལྟར་མི་བྱེད་པ་ལ་རྒྱུ་མཚན་རྩ་བ་ཉིད་ནས་མེད། དེ་བས་ཀྱང་ཐབས་སྐྱོ་བ་ལ་བོད་མི་Fulbright scholarship་ཐོབ་མཁན་ཚོ་ཡང་བོད་པའི་སྤྱི་ཚོགས་ནས་འཇའ་ཡལ་བ་ལྟར་འགྲོ་ཡི་ཡོད་པ་འདི་ལྟར་རེད།
ང་ཚོར་བོད་ཕྲུག་ཤེས་ཡོན་ཅན་ཉུང་ངུ་ལས་མེད་པའི་རྒྱུ་མཚན་གཙོ་བོ་གཅིག གྲ་པ་དང་ཨ་ནེ་མང་པོ་འདོན་སའི་བཟོ་གྲྭ་མང་པོ་ཡོད་ཙང་རེད། དཔེར་ན། ཉིན་དེར་གོང་ས་མཆོག་གིས་ཁྱོད་ཚོ་དགོན་པ་ལ་འགྲོ་མྱོང་མཁན་ག་ཚོད་ཡོད་ཅེས་གསུངས་ན། ཉུང་མཐར་མཐོ་སློབ་འཐོན་པའི་ལྡབ་གཅིག་ཙམ་གྱིས་ལག་པ་རྐྱོང་སྲིད།
ཁ་ཐལ་བ་ནག་པོས་ཅིག་ཆོད། ད་ཡིན་ན་ཡང་ཚངས་དབྱངས་ཟེར་བའི་དམ་ལོག་འདིའི་སྙིང་ལ་ཡང་དམ་སྲི་ཞུགས་ཡོང་གི་འདུག ཁྱོའི་མིག་རྣ་གཉིས་ཀ་རོ་ཡིས་འདན། རོ་མིག་ཁྲག་གིས་བསྒྲིགས་སོང་བ་མིན་ན་སྔོན་ནས་ད་བར་བོད་པའི་རིགས་གཞུང་འདི་གྲྭ་བ་དང་བཙུན་མས་བཟུང་ནས་མཐའ་འདི་ལ་སླེབས་པ་རེད། ན་ཉིན་རྒྱ་ལག་ནས་ཤི་འགྲོ་རྒྱུ་དེ་ཚོ་སང་རྡོར་ཟེར་བ་དེ་དང་ཁྱོད་ཚོ་ཡིན་ན་ཅི་མ་རུང་། ཁྱོད་དེ་འདྲའི་འཇོན་པོ་ཞིག་ཡིན་ན་མང་པོ་བཤད་དགོས་ནི་མ་རེད། ཁྱོས་ཅིག་གྱིས་ཤོག་དང་། ཁྱོད་ད་དུང་ཤི་མེད་གི་མོ། ཁར་ཉིན་མི་ཞིག་གིས་བཤད་པ་བཞིན་ངོ་མ་ཨ་མདོ་འདི་ཚོའི་ནང་ན་ངོ་ཚ་རྒྱུ་མེད་མཁན་གྱི་མི་ཆི་འདྲ་ཞིག་མང་གི ས་ཆུ་ཞིག་གི་ལན་ཡིན་ནམ་ཡང་ན་རྒྱ་ཧོས་ཧོས་དང་ཐག་ཉེ་བས་རྒྱ་མ་བོད་ཀྱི་གཤིས་ཀ་ཞིག་ཡིན་ནམ། ངོ་མ་རྒྱ་མ་བོད་ནི་རྒྱ་མ་བོད་རང་རེད།
དེ་ངོ་མ་ཞེ་སྐྱོ་བ་ཞིག་རེད། ང་རང་བོད་ནང་གི་སློབ་ཆེན་པ་ཞིག་ཡིན། སྤྱིར་བོད་རང་གི་སྐྱིད་སྡུག་ཀུན་པོ་ཕྱི་ནང་གཉིས་ཀས་འབད་པར་བརྟེན་དགོས་ཤིང་། དེ་བས་ཀྱང་ཤེས་ཡོན་པ་ལྷག་ཏུ་མཁོ་བས། ཕྱི་སྡོད་བོད་མི་དག་གིས་ཀྱང་བོད་པའི་ཚེ་སྲོག་ཉམ་ཕྲ་བ་བསམ་གཞིགས་ཅིས་ཀྱང་གནང་དགོས་འདུག