སྤོབས་པ་མཐའ་ཡས།
ང་ནི་བོད་མི་སྤྱི་བྱིངས་བཞིན་དུ་སྤྲུལ་སྐུ་མང་བའི་སྤྱི་ཚོགས་ཤིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད། ང་ལ་སྤྲུལ་སྐུ་དགེ་རྒན་མང་པོ་ཡོད། སྤྲུལ་སྐུ་གྲོགས་པོ་མང་པོ་ཡོད། སྤྲུལ་སྐུ་ཉེ་འབྲེལ་ཡང་ཡོད། སྤྲུལ་སྐུའི་མིང་ཡོད་པའི་མིའི་བུ་དེ་ཚོ་ནི་ངའི་མི་ཚེ་འདིའི་ཆ་ཤས་རེད། ཁོང་ཚོ་ང་ལ་བརྩེ་བ་ཡོད་ལ་ང་ཁོང་རྣམ་པར་ཡང་དུང་བ་ཟབ། ང་ཁོང་རྣམ་པར་དགའ་མོས་ཚད་ལས་འདས་པ་ཡོད་མོད་ང་ནམ་ཡིན་ན་ཡང་སྤྲུལ་སྐུའི་ལམ་ལུགས་འདི་ལ་ཞེན་པ་གཏིང་ནས་ལོག་གིན་ཡོད། དེ་ནི་ང་སྤྲུལ་སྐུ་མང་པོ་དང་མཛའ་བརྩེའི་འབྲེལ་བ་དམ་པོ་ཞིག་དང་ཆ་རྒྱུས་ཟབ་མོ་ཞིག་ཡོད་པས་རེད།
སྤྲུལ་སྐུའི་ལམ་ལུགས་ཀྱི་སྲོལ་རྒྱུན་མ་རུང་བ་འདིས་ཁོང་རྣམ་པའི་མི་ཚེ་ལ་དཀའ་ངལ་མང་པོ་ཞིག་སྤྲོད་ཀྱིན་འདུག ཁོང་ཚོའི་ཁྲོད་ནས་བསླབ་པ་གསུམ་གྱི་ཡོན་ཏན་ཤེས་མཁན་མང་པོ་ཞིག་ནི་རང་རང་གི་སྤྲུལ་སྐུའི་མིང་དེ་ལ་ལྷག་པར་ཡང་ཡིད་སུན་འདུག ད་སྤྲུལ་སྐུ་མིན་ཟེར་ནས་ཕྱིར་བཀྱེད་བྱེད་ཐབས་ཀྱང་མེད། ཡིན་ཟེར་ན་མདོ་རྒྱུད་ལུང་རིག་དང་འགལ་བ་དང་ལྷག་པར་ཡང་རང་ལ་ཏན་ཏན་ཏིག་ཏིག་མེད་པ་ཆགས་ནས་ཐུགས་ནང་ལ་འགལ་འདུའི་དཀའ་ངལ་འཕྲད་ཡོད་པ་མང་པོ་འདུག ལྷག་པར་ཡང་དཔེ་ཆ་གཟིགས་མྱོང་མཁན་གྱི་སྤྲུལ་སྐུ་དགུང་ན་བགྲེས་པ་མང་པོ་ཞིག་གིས་ནང་མོལ་གྱི་ཚུལ་དུ་རང་རང་ལ་སྤྲུལ་སྐུའི་མིང་ཐོགས་པ་དེའི་སྐོར་གླེང་སྐབས་ཐུགས་བདེ་བོ་མེད་པའི་གསུང་མང་པོ་འབྱོན་གྱིན་འདུག ངས་འདིར་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐྱོན་ཆ་འདོན་པ་དེ་ཡང་ངས་ཁོང་རྣམ་པར་རྒྱབ་སྐྱོར་དང་། ཁོང་རྣམ་པའི་མགྲིན་ཚབ་པ་བྱས་ནས་ཁོང་རྣམ་པའི་སྐྱིད་སྡུག་གླེང་བ་དང་། ཁོང་རྣམ་པའི་ཐུགས་རེ་སྒྲུབ་པ་སྟེ། མདོར་ན་ཁོང་རྣམ་པ་ལ་ཞབས་འདེགས་ཡིན་བསམ་པ་མ་གཏོགས་ཁོང་རྣམ་པ་ལ་དགག་པ་རྒྱག་གི་ཡོད་པའི་བསམ་བློ་ཞིག་སེམས་ཀྱི་ཟུར་ན་ཡང་མེད།
ང་ལ་སྤྲུལ་སྐུ་གྲོགས་པོ་མང་པོ་ཡོད། སྤྲུལ་སྐུ་ཚོར་བཟང་བསྟོད་ངན་སྨྲས་ཅི་བྱས་རུང་ཁོང་ཚོ་ཡང་མིའི་བུ་རེ་ཡིན་པའི་ཆ་ནས་རང་རང་ལ་གཤིས་ཀ་དང་སྤྱོད་ལམ་མི་འདྲ་བ་རེད། སྐྱིད་སྡུག་དང་ཉམས་མྱོང་མི་འདྲ་བ་རེད། ལྟ་ཚུལ་དང་ལངས་ཕྱོགས་ཀྱང་མི་འདྲ་བ་རེད། སྤྱིའི་ཆ་ནས་ཁོང་རྣམ་པ་ཕལ་མོ་ཆེ་སྐྱེས་གཟུགས་བརྗིད་པོ། བཞིན་རས་མཛེས་པོ། ལུས་པོ་ཐང་པོ། རིག་པ་གྲུང་པོ། ཕ་མ་བཟང་པོ་ཡོད་མཁན་རེད། ཁོང་རྣམ་པ་ནི་མིའི་ནང་གི་མིའི་ཕུད་ལྟ་བུ་ཤ་སྟག་རེད། ཡིན་ན་ཡང་ཆོས་ཟབ་ས་ན་བདུད་ཟབ་པའི་དཔེ་བཞིན་ཁོང་རྣམ་པ་ནི་གསོ་མི་རུང་བའི་ནད་ངན་ཞིག་ཐེབས་པ་ལྟར་སྲོལ་རྒྱུན་མ་རུང་བའི་གྲིབ་ནག་འོག་ཏུ་ཚུད་ནས་རིན་ཐང་ཆེ་བའི་མི་ཚེ་འཕྲོ་བརླགས་སུ་སོང་བ་རེད། སྤྲུལ་སྐུའི་མིང་ཅན་མང་པོ་ཞིག་ལ་ཐ་ན་ཁོང་རང་ཚོ་མི་ཞིག་ཡིན་པ་ཡང་ངོས་ཟིན་བཅུག་མེད།
མི་སྒེར་གྱི་མི་ཚེ་ནས་གླེང་ན་ངའི་གྲོགས་པོ་སྤྲུལ་སྐུ་ལ་ལ་སྤྲུལ་སྐུའི་མི་ཚེ་ལ་སུན་ནས་གྲྭ་ལོག་བྱེད་མཁན་ཡོད། སྤྲུལ་སྐུའི་མིང་དེའི་སྐྱོན་གྱིས་ཁོང་རྣམ་པ་ཐ་ན་དགའ་རོགས་ཡག་པོ་ཞིག་ལ་ཡང་ཐུག་གི་མི་འདུག བུད་མེད་མ་རབ་རྒྱུ་མ་རྩ་དང་ཐོབ་གོ་ས་ལ་དགའ་རོགས་སྒྲིག་མཁན་ཚོས་ཁོང་རྣམ་པ་གར་འགྲོ་གར་བསྡད་ལ་རྗེས་འདེད་བྱེད་ཀྱིན་འདུག བུ་མོ་ཞིག་གིས་ང་ཁྱོད་ལ་དགའ་ལབ་ན་ཡང་དོན་ངོ་མར་མོ་ཁོང་ལ་དགའ་བ་ཡིན་ནམ་ཁོང་གི་མིང་རྫུན་མ་དེ་ལ་དགའ་བ་ཡིན། ཁོང་ལ་དགའ་བ་ཡིན་ནམ་ཁོང་གི་འབུལ་བ་ལ་དགའ་བ་ཡིན། ཁོང་རྣམ་པ་ནི་”ཁྲག་འཇིབ་མ་”ཚོའི་མཆེ་བ་གཙིགས་ཤིང་སྡེར་མོ་བགྲད་ས་ཡོད་ན་མེད་ན་དེ་ཚོ་རེད། མདོར་ན་ཡིད་ཆེས་ཆོག་པ་དང་འདོད་བློ་ཁེངས་པའི་བརྩེ་བ་ཞིག་ཀྱང་ཐོབ་ཀྱིན་མི་འདུག ང་ཚོས་ནམ་ཡིན་ཡང་”བླ་མ་ཡག་པོ་ཞིག་ཡིན་ན་ཡང་གསང་ཡུམ་མ་རབ་ཅིག་ཡོད”་ཅེས་ཟེར་བ་ཐེངས་མང་པོར་ཐོས་རྒྱུ་ཡོད་པ་ཡང་གནད་འགག་འདི་ལ་ཐུག་པ་རེད།
ཁོང་རྣམ་པ་ལ་མི་ཚེ་ངོ་མ་ཞིག་མི་འདུག ཁོང་རྣམ་པ་འཚོ་ཞིང་གཞེས་པའི་མི་ཚེ་ཟེར་བ་འདི་མགོ་སྐོར་འཁྲབ་སྟོན་པའི་ཐག་སྣེའི་འདྲ་གཟུགས་ཙམ་ཞིག་རེད། ཁོང་རྣམ་པའི་སྤྱན་ལམ་གྱི་འཛམ་གླིང་ཟེར་བ་འདི་རྐང་འོག་གི་འཁྲབ་སྟོན་ར་བ་ཙམ་ཞིག་རེད། ངའི་གྲོགས་པོ་སྤྲུལ་སྐུ་ཆེ་གྲས་ལ་ལས་འཛམ་གླིང་ལ་སྐོར་བ་བཅུ་གྲངས་བརྒྱབས་ཡོད། ཡིན་ན་ཡང་ཁོང་རྣམ་པས་འཇིག་རྟེན་གྱི་མཛེས་སྡུག་ངོ་མ་ཞིག་མཐོང་མ་མྱོང་། ཁོང་རྣམ་པས་ཅིག་མཐོང་བ་དེ་ནི་བར་སྣང་སྟོང་པས་བཏུམས་པའི་ས་གཞི་རིལ་མོ་འདི་ཙམ་ཞིག་རེད། དོན་དུ་ཁོང་རྣམ་པ་ནམ་ཡིན་ཡང་ཁྲི་མཐོན་པོ་དེ་ཡིས་ཡར་བཀྱག གདུགས་ཆེན་པོ་དེས་མར་མནན། དེའི་བར་ན་མགོ་སྐོར་གཡོ་རྫུན་གྱི་འཁྲབ་སྟེགས་ཆུང་ཆུང་དེའི་ཕྱི་ལོགས་སུ་ཐོན་མ་མྱོང་། དེས་ན་ཁོང་རྣམ་པས་མི་ཚེ་ཡི་སྐྱིད་སྡུག་དང་། མི་དང་མིའི་བར་གྱི་བརྩེ་དུང་། ངལ་རྩོལ་དང་གྲུབ་འབྲས། གདམ་ག་དང་འདྲ་མཉམ་ཟེར་བའི་མི་ཚེ་ཡི་མཛེས་སྡུག་ངོ་མ་དེ་དག་གི་བྲོ་བ་གཅིག་ལ་ཡང་རོལ་མྱོང་མེད། དེ་ནི་ཁོང་རྣམ་པའི་སྐྱོན་མིན་པར་ང་ཚོའི་གདུག་རྩུབ་ཅན་གྱི་སྲོལ་རྒྱུན་གྱི་བཙོན་ཁང་ནག་པོ་དེའི་སྐྱོན་རེད། ངས་ཁོང་རྣམ་པའི་ཁྲ་ཁྲ་ཟིང་ཟིང་གི་འཚོ་བ་དེ་ལ་ཕྲག་དོག་སྐྱེ་བ་ལས་ལྡོག་སྟེ་ངོ་མ་ཁོང་རྣམ་པ་སྙིང་རྗེ་གི་འདུག
བོད་སྐད་ཀྱི་མིང་ཚིག་འཇུག་སྟངས་ལ་”སྤྲུལ་”དང་”རྫུན་”གཉིས་ནི་མིན་པ་ཞིག་ཡིན་པར་འཆོས་པའམ་ཡིན་པ་ཞིག་མིན་པར་འཆོས་པ་ལ་འཇུག་པས་ཧ་ཅང་འདྲ་ཆེ་བའི་མིང་ཚིག་གཉིས་རེད། དོན་ངོ་མར་ཡང་བོད་ཀྱི་སྤྲུལ་སྐུ་ཟེར་བ་དེ་རྫུན་སྐུ་རེད། ཁོང་རྣམ་པས་རྫུན་བཤད་པ་མ་ཡིན་པར་ཁོང་རྣམ་པ་རྫུན་གྱིས་སྟེང་ནས་མནན། རྫུན་གྱིས་འོག་ནས་བཀྱགས། ལུས་ངག་ཡིད་གསུམ་པོ་རྫུན་གྱི་ཕུང་པོ། རྫུན་གྱི་རང་གཟུགས། རྫུན་གྱི་ལ་བཙས། རྫུན་གྱི་རྡེའུ་འབུམ། རྫུན་གྱི་དཀྱིལའཁོར། རྫུན་གྱི་ལག་འཁོར། རྫུན་གྱི་སྤྲུལ་སྐུ་ངོ་མ་རེར་བསྐྲུན། མདོར་ན་མི་ངོ་མ་དེ་ཚོ་མི་རྫུན་མ་བཟོས་པ་རེད། ཁོང་རྣམ་པ་ཆབ་སྲིད་འཐབ་རྩོད་ཀྱི་ལག་ཆར་གྱུར། དཔལ་འབྱོར་མཁོ་སྒྲུབ་ཀྱི་ལག་ཆར་གྱུར། རྨོངས་དད་སྐྱེད་སྤེལ་གྱི་ལག་ཆར་གྱུར། སྤྲུལ་སྐུ་མང་པོ་ཞིག་སྤྲུལ་སྐུའི་མི་ཚེ་ལ་སུན་ནས་བྲོས་འགྲོ་མཁན་ཡོད། ཡིན་ན་ཡང་འབྲོ་ས་མི་འདུག འབྲོས་བཞིན་འབྲོས་བཞིན་”གུས་བཀུར་”རྫུན་མའི་གནོན་ཤུགས་ཇེ་ཆེ་རེད་ཟེར། ཁོང་རྣམ་པ་ལ་རང་དབང་མི་འདུག ཁོང་རྣམ་པ་ལ་གདམ་ག་མི་འདུག ཁོང་རྣམ་པ་ལ་བདེ་སྐྱིད་མི་འདུག
ངས་རང་ཉིད་དང་བྱམས་བརྩེའི་འབྲེལ་བ་ཟབ་པའི་མི་བུ་སྤྲུལ་སྐུའི་མིང་ཅན་དེ་ཚོའི་སྐྱིད་སྡུག་ལ་བསམ་བློ་རེ་བཏང་བ་ཡིན། བོད་ཡུལ་འདིར་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་དགག་པ་རྒྱག་མཁན་དང་། སྤྲུལ་སྐུའི་ལམ་ལུགས་ཀྱི་མི་ཚེ་འཕྲོ་བརླགས་བཏང་བར་རྗོད་མཁན་མང་ཤོས་དང་། དགག་པ་བྱེད་པའི་རྒྱུ་མཚན་གསལ་ཤོས། མདོར་ན་སྤྲུལ་སྐུའི་ལམ་ལུགས་ལ་ཞེན་པ་ལོག་མཁན་ངོ་མ་དག་ནི་སྤྲུལ་སྐུ་ལ་མི་དགའ་མཁན་ཚོ་མ་རེད། སྤྲུལ་སྐུ་ལ་མི་དད་མཁན་ཚོ་མ་རེད། སྤྲུལ་སྐུ་ལ་ཕྲག་དོག་བྱེད་མཁན་ཚོ་ཡང་མ་རེད། དེ་ལས་ལྡོག་སྟེ་སྤྲུལ་སྐུ་ཁོ་རང་ཚོ་རེད། དེ་ལས་ཀྱང་སྤྲུལ་སྐུ་ཆེ་ཤོས་དེ་ཚོ་རེད། སྤྲུལ་སྐུ་མཁས་ཤོས་དེ་ཚོ་རེད། དེ་ནི་རང་རྒྱུས་རང་ལ་ཆེ་བའི་བདེན་གཏམ་དང་རང་དྲིན་རང་ལ་ཆེ་བའི་ཁ་ཆེམས་རེ་རེ་རེད་འདུག ད་ནི་ཁོང་རྣམ་པའི་རེ་འདུན་བཞིན་དུ་སྤྲུལ་སྐུས་ང་ཚོ་སྐྱོབ་པར་རེ་བའི་དུས་དང་གནས་མ་ཡིན་པར་ང་ཚོས་ཁོང་ཚོ་སྐྱོབ་པའི་དུས་ལ་བབ་འདུག བུ་ཕྲུག་རྣམ་རིག་གྲུང་པོ་དང་། རྣམ་པ་མཛེས་པོ། ཕ་མ་རིགས་བཟང་གི་བུ་ཕྲུག་རེ་རེ་སྤྲུལ་སྐུའི་མིང་གི་གཡང་ས་ལས་བསྐྱབ་ཐུབ་ན་དུད་འགྲོ་ཁྲི་ཕྲག་ཁ་ཤས་རེ་བཤས་ར་ལས་བསྐྱབ་པའི་ཕན་ཡོན་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བར་ལུང་རིག་གང་གིས་ཀྱང་སྒྲུབ་པར་ནུས་སོ།།
སྤྲུལ་སྐུ་ཟེར་བ་ཡག་པོ་རེད་ཟེར་ན་འདྲ། སྡུག་པོ་རེད་ཟེར་ནའང་འདྲ། གང་ལྟར་མི་ཤི་ཚར་བ་གཤིན་པོ་ཞིག་གི་མིང་འཁུར་ནས་འཚོ་ཐབས་བྱེད་ཀྱི་ཡོད། རྒྱའི་བཤད་སྲོལ་ལྟར་ན་གཤིན་པོའི་ཚོང་བ་ཟེར་བ་དེ་རེད།
སྤྲུལ་སྐུ་ཡག་ན་འདྲ་ ངན་ན་འདྲ་བོད་འདིར་སྤྲུལ་སྐུའི་གང་ནས་ཡོད་ བླ་མའི་ཕ་དང་མ་དང་སྲས་སོགས་ཀྱི་སྤྲུལ་སྐུ་འདུག་པས་བླ་མའི་གཟིམ་ཁྱིའི་སྤྲུལ་སྐུ་ཡོང་གྲབ་ཡོད། པད་ནོར་རིན་པོ་ཆེའི་གཟིམ་ཁྱི་བླ་མ་ཞིང་ལ་ཕེབས་དུས་གཟིམ་ཁྱི་ཐུགས་དམ་སྡད་ཚུལ་སོགས་དྲ་རྒྱར་གསལ་བས་ཁྱི་སྤྲུལ་སྐུའི་མྱུར་བྱོན་གསོལ་འདེབས་ལོས་ཡིན་།
ད་དུང་བླ་མའི་འཁྲུངས་རབ་གསོལ་འདེབས་ནང་ གླིང་གེ་སར་དང་ དཔའ་རྒྱ་ཚ། འདན་མ། ཁྲོ་ཐུང་སོགས་ཀྱི་ཡང་སྤྲུལ་ཡིན་པ་གསལ་བས་ཨ་འབྲུག་མགོན་པོ་བཀྲིས་ཀྱི་སྤྲུལ་སྐུ་ཡོང་སྲིད་དོ། ཡང་གླིང་གེ་སར་གྱི་རྟ་སྐྱང་ཤད་ཀྱི་ཡང་སྤྲུལ་ཡིན་ཟེར་བའི་བླ་མ་ཡོད་པར་གོ་ཐོས་བྱུང།
ཡ་སྤོབས་མཐས་སྤྲུལ་སྐུ་ཚོར། བསྟོད་པའི་ཚུལ་དུ་སྨད་པ་ཡག་ཐག་ཆོད་ཅིག་བྱས་འདུག
གང་ལྟར་ཁོང་གི་གྲོགས་པོ་སྤྲུལ་སྐུ་ཚོས་ཇ་དང་བཞེས་ལག་གི་སྦྱིན་བདག་གནང་ཐག་ཆོད་རེད། ད་ལན་ཾོང་གིས་ཇ་ལན་ཆུ་འཇལ་ཞིག་བྱས་སོང། སྤྲུལ་སྐུས་ཉེས་པ་མིན་ན། སུས་ཉེས་པ་རེད། སྤྲུལ་སྐུ་བཟོ་མཁན་གྱི་ཉེས་པ་རེད་ཟེར་ན། ད་ཾཁ་སང་ཁྱེད་ཀྱིས་སྤྲུལ་སྐུའི་བཟོ་གྲ་གཉིས་ཡོད་ཅིང་གཅིག་རྒྱ་ནག་ཡིན་པས་དང། གཞན་དེ་ལབ་ཐུབ་ཀྱི་མི་འདུག་ཟེར། ད་ལམ་འདིར་ཀྱང་ཤོད་མ་ཐུབ་པ་ཡིན་ནམ། ཡང་ན་ཤུགས་ལ་བཤད་ཟིན་འདུག་བསམ། བོད་ཀྱི་སྤྲུལ་སྐུ་བཟོ་མཁན་ནི་བོད་ཀྱི་བླ་ཆེན་ང་ཡིན་ཁོ་ཡིན་ཟེར་མཁན་དེ་ཚོ་རེད། ད་དེ་ཚོས་མ་བྱུང་བ་ཡིན་ནམ། དེ་ཡིན་ན་་་སྤྲུལ་སྐུས་ཉེས་པ་མིན་ལ། སྤྲུལ་སྐུར་རྨོངས་དད་བྱེད་མཁན་དེ་ཚོའི་ཉེས་པའང་མིན། ཁོང་ཚོར་ཆགས་སྡང་འཕྲག་དོག་བྱེད་མཁན་དེ་ཚོའང་མིན། སྐྱོན་གྱི་ཉེས་པ་འདི་ཡི་ཞྭ་མོ་དེ་ཆོས་རྒྱུད་ཆོས་ལུགས་ཀྱི་བླ་ཆེན་དེ་ཚོ་རེད་ཅེས་བཤད་ན་མ་འོས་པ་དང་མ་འགྲིག་པ་གང་འདུག་གམ།
སྤྲུལ་སྐུ་འཚོལ་མཁན་དེ་དག་ཆོས་ཀྱི་དོན་ལ་སྦྱང་འབྲས་མེད་པ་རྨོངས་དད་ཆེན་པོ་ཡོད་མཁན་ནས་འགོ་བརྩམས་ཏེ་ཡོང་གིན་ཡོད།
སྤྲུལ་སྐུ་འཚོལ་སྐབས་ཕ་མའི་རིགས་རྒྱུད་བཟང་བ་ཞིག་གི་བུ་ཡིན་དགོས་པ་བུ་དེ་ཡང་བཞིན་ཧ་ཅང་གི་གང་མཛེས་པ་དེ་དག་འདེམས་ཀྱི་ཡོད་གལ་དེ་བཞིན་མཛེས་པོ་མེད་ན་འཁོར་འདུ་མི་ཐུབ་པས་བཞིན་མཛེས་དགོས་ཟེར།
ཡང་ན་ཕྱུག་བདག་དང་བླ་ཆེན་དཔོན་ཆེན་བུ་ཡིན་ན་མཐུས།
བླ་མ་ཞིག་ཡིན་ཕྱིན་ཁོའི་བུ་སྐྱེས་སྤྲུལ་ཞིག་ཡིན་པས་ཁྱབ་ཟེར་ན་མ་ཆོག་པ་མེད།
དང་པོ་བླ་མ་ཞེས་མིང་སྙན་པོ་ཞིག་བཏགས་ཏེ་ཁྲིའི་སྟེང་དུ་འཇོག་མཁན་དེ་དག་ངས་གོང་དུ་བཤད་པ་དེ་ལས་མ་འདས།
སྤྲུལ་སྐུ་ཁོ་རང་ཡང་ཁྲིའི་སྒང་ལ་སླེབས་པ་ནས་བཟུང་རང་ཉིད་སངས་རྒྱས་ཞིག་གི་སྤྲུལ་བ་ཡིན་པའི་འདུ་ཤེས་བཟུང་སྟེ་རང་ཉིད་ལ་ཞབས་ཞུ་བྱེད་མཁན་སོགས་གཡོག་ཏུ་མི་མང་པོ་ཞིག་ཉར་ཡོད།
ད་དུང་གཟིམ་ཁང་དང་ནང་ཆེན་འམ་བླ་བྲང་རླངས་འཁོར་སོགས་སྒོར་ཁྲི་ཕྲག་མང་པོའི་འགྲོ་སོང་བཏང་སྟེ་རང་ཉིད་གང་སྐྱིད་སྐྱིད་བྱས་ཏེ་བསྡད་པ་ཟད་ཆུང་མ་ཡང་བུ་མོ་མཛེས་མ་ཆུང་ཆུང་རེ་ཉར་ཡོད་པ་དེ་དག་ལ་བལྟས་ན་སྤྲུལ་སྐུ་ཁོ་རང་ཚོ་སྤྲུལ་སྐུའི་མིང་འདི་མ་འདོད་པ་ཨེ་ཡིན་སོམས།
འདི་ནི་དེང་སྐབས་སྤྲུལ་སྐུ་འགའ་ཞིག་གི་སྤྱོད་ཚུལ་ལས་སྐྱེ་ཆེན་དམ་པ་བསམ་གྱིས་མི་ཁྱབ་མང་པོ་ཡོད་པ་ནི་བཤད་མི་དགོས་སོ།།
ཉམས་ཐག་འགྲོ་བའི་འདི་ཕྱི་གཉིས་ཀྱི་བདེ་སྡུག་གི་འགན་ཡོད་ས་ཞིག་ཡིན་དུས་སྤྲུལ་ངན་ཚོའི་ཁ་ནས་སྐྱག་པ་དོན་སྲིད་པ་རེད། ཡིན་ན་ཡང་དེ་ལ་སྙིང་རྗེ་དགོས་བ་མ་རེད། སྤྲུལ་ངན་དང་མྱི་ངན་ནི་ནམ་ཡང་ངན་རིགས་རེད།
སྤྲུལ་རྒོད་ཚོས་འདི་ཕྱི་ཚང་མར་གནས་བའི་འགྲོ་བའི་བདེ་སྡུག་ལ་ཐུགས་འགན་གཙང་བཞེས་བྱས་ཡོད་པའི་ལས་འབྲས་མྱིག་ཐོག་ལ་སྨིན་པ་ག་ཚོད་ཡོད་པ་དེ་གསལ་བོར་ཤེས་ན། སྤྲུལ་སྐུ་ནི་ཡང་ཡང་དགོས་བའི་བོད་ཀྱི་ནང་སེམས་བཏུལ་བའི་ཐབས་མཆོག་དེ་ཡིན།
བན་དེ་བ་ལགས། དེ་རིང་ངས་ཁྱེད་ལ་སྤོབས་པ་མཐའ་ཡས་སྐོར་དུ་སྐད་ཆ་ཞིག་བཤད། ཁྱེད་ཀྱིས་ང་ཅོ་རིའི་སྐད་ཆ་སྣང་བ་འགྲོ་གི་རེད་ལ་ཁྱེད་ཀྱིས་ང་ཅོ་རི་མི་དྲང་པོ་ཞིག་བརྩི་གི་རེད། དེ་བརྟེན་སྤོབས་མཐའི་སྐོར་དུ་ངས་ཁྱེད་ལ་འགྲེལ་ཞིག་བརྒྱབ་འདོད་ཡོད།
༢༠༠༩ལོར་བོན་རྒྱལ་བསྟན་འཛིན་རབ་རྒྱས་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནད་ལུགས་དམར་ཧྲེང་མ་ཞེས་པ་ཞིག་བྲིས་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་དགག་པ་བརྒྱབ་པ་རེད། སྐབས་དེ་དུས་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་ནས་་རྩོད་པ་ཤུགས་ཆེན་བརྒྱབ་རོགས་གཅིག་སྤོབས་མཐའ་ཡིན། དེ་ནས་བཟུང་སྤོབས་པ་མཐའ་ཡས་ཅེས་པའི་དྲ་མིང་འདི་ནི་ང་ཅོ་རི་དང་བློ་ཐག་ཉེ་བའི་དྲ་མིང་ཞིག་ཡིན། ཁོང་སུ་ཡིན་མིན་སྔོན་ནས་ཤེས་ཀྱི་མེད་ལ་ད་ལྟ་ཡང་མི་ཤེས།
ང་ཅོ་རི་སྤོབས་པ་མཐའ་ཡས་ཀྱི་གཤིས་ཀ་སྣ་གཅིག་ལ་དགའ་པོ་ཡོད། སྤོབས་པ་ཁོ་ཉམ་ཆུང་གི་རྒྱབ་ལངས་བྱེད་མཁན་ཞིག་ཡིན། བོད་མི་ཉམ་ཆུང་རྣམས་ལ་དྲ་ཐོག་ཏུ་གླེང་ཕྱོགས་ཆེན་པོ་བཟོ་འོང་དུས་སྤོབས་པ་མཐའ་ཡས་ལགས་ཀྱིས་དགག་པ་བརྒྱབ་ཀི་རེད། དཔེར་ན། སྔོན་མ་ལ་དྭགས་ལ་བོད་པ་ཁ་ཤས་ཀྱིས་ཙན་དན་གྱི་ཚོང་བརྒྱབ་ནས་ཁྲིམས་ལ་སྦྱར་བ་རེད། དེ་དུས་དྲ་ཐོག་ཏུ་གླེང་ཕྱོགས་ཆེན་པོ་བཟོས་ནས་བོད་རྒྱལ་ཁབ་བཙོངས་བཞག་པའི་ཟོལ་འདྲའི་ནག་ཉེས་གླེང་པ་རེད། དེ་དུས་སྤོབས་མཐའ་དང་ང་ཅོ་རི་གཉིས་ཀྱིས་ཉམ་ཆུང་བོད་མི་དེ་དག་ལ་རྒྱབ་སྐྱོར་བྱས་ནས་མཆན་བུ་བཏབ་པ་ཡིན།
དེའི་རྗེས་སུ་བོད་པའི་ཕོ་གསར་གཉིས་དང་རྒྱ་གར་གཅིག་བཅས་མི་གསུམ་གྱིས་ཁ་ན་ཊ་རྒྱལ་ཁབ་ཀྱི་ནང་དུ་རི་ལིའི་འཛིན་བྱང་རྫུན་བཟོ་བྱས་ན་རྐུ་མ་བརྒྱབ། དེ་དུས་དྲ་ཐོག་ཏུ་ཧ་ལམ་བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོད་ཚོད་ལྐོག་ཟ་བྱས་པ་མིན་ནམ་བསམས་བསམས་ཀྱིས་དགག་པ་བརྒྱབ་སོང་། དམའ་འབོད་ཚད་ལས་བརྒལ་བྱས་སོང་། དེ་དུས་སྤོབས་པ་མཐའ་ཡས་ལགས་དང་ང་ཅོ་རི་གཉིས་ཀྱིས་བོད་མི་ཉམ་ཆུང་དེ་གཉིས་ཀྱི་རྒྱབ་སྐྱོར་བྱས་ནས་མཆན་བུ་བྲིས།
མདོ་ན་སྤོབས་པ་མཐའ་ཡས་འདི་ཉམ་ཆུང་མི་ཡི་རྒྱབ་སྐྱོར་དང་བཙན་པོ་སྒེར་གཅོད་པའི་གཉའ་གནོན་ཞིག་གི་གཤིས་ཀ་ཡོད་པའི་མི་ཞིག་ཡིན། རྒྱུ་མཚན་དེས་ང་སྤོབས་པ་ལ་དགའ་པོ་ཡོད། ངས་བསམ་ཚུལ་བྱས་ན་ང་རང་ཚོས་ཕོ་ལུས་ལེན་ནས་མི་ཡུལ་དུ་བསླེབས་པ་འདི་ཉམ་ཆུང་རྒྱབ་ལངས་དང་བཙན་པོའི་ཁ་གཏད་བཅག་དགོས་ཀྱི་རེད་འདོད་ཀྱི་ཡོད། སྒེར་གཅོད་པའི་མདུན་དུ་པུས་མོ་བཙུགས་ནས་ཉམ་ཆུང་མི་ཡི་མགོ་རྡུང་གཏོང་མཁན་གྱི་མི་ལུས་ཅན་རྣམས་ནི་ང་ཅོ་རིའི་མིག་ནང་དུ་ཁྱིའི་གཟུགས་བརྙན་ལས་སྐྱོ་བ་ཡོད།
རེད་་་ང་དང་སྤོབས་མཐའ་གཉིས་ཀྱི་བར་དུ་ཡང་སྐབས་རེ་ལ་བསམ་ཚུལ་མ་མཐུན་པ་ཡོང་གི་འདུག་ལ་དགག་ཚིག་རེ་འཕེན་མཁན་འགྲོ་མྱངས་ཡོད། ཡིན་ནའང་མི་ལོ་དེ་དག་གི་རིང་དུ་སྤོབས་མཐའ་ནི་དྲ་གྲོགས་གལ་ཆེན་ཞིག་ལ་བརྩི་གི་ཡོད། ཁྱེད་བན་དེ་བ་དང་ཆོས་ལུགས་ཀྱི་ཐོག་ཏུ་བལྟ་ཚུལ་མ་མཐུན་པ་ཡོད་ཟོལ་འདུག ངས་མཐོང་སྟངས་བྱས་ན་ཁྱེད་བན་དེ་བས་སྤོབས་མཐའ་ལགས་ཀྱི་བཤད་པའི་སྐད་ཆ་དོགས་པ་ཆེན་པོ་བྱས་ཀྱི་འདུག་ལ་ཚིག་སྤུ་ལ་ཟིན་ནས་དགག་ཚིག་འཕེན་གྱི་འདུག དུས་ཡུན་གང་མཚམས་ཕྱིན་སོང་།
ངས་རེ་བ་བྱས་ན་ཁྱོད་གཉིས་འཆམ་པོ་བྱུང་ན་བསམས་ཀྱི་འདུག ང་རང་ཚོས་དཔའ་དང་དཔང་པ་མཉམ་གཤིབས་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱེད་ནས་ཉམ་ཆུང་གདོང་དམར་བོད་མིའི་རྒྱབ་ལངས་དང་། སྒེར་གཅོད་པ་མགོ་གཏིང་བསློགས་ནས་བོད་མི་རིགས་ལ་བདེ་སྐྱིད་ཉི་གཞོན་ཞིག་བསུ་བ་བྱེད་ཐུབ་པའི་རེ་བ་ཆེའོ།
སྟོབས་ཆེན་རྒྱ་ནག་གིས་བོད་སྤྲུལ་མང་པོ་ལོ་མང་རིང་བསད་བཏུབ། བརྩོན་འཇུག་་སྤྲུལ་གསར་ངོས་འཛིན་བྱེད་མི་ཆོག་སོགས་བྱེད་ཀྱང་སྤྲུལ་སྐུ་མང་དུ་འགྲོ་བས་སྤྲུལ་སྐུ་ལུགས་སྲོལ་མེད་པ་བཟོ་རྒྱུ་དེ་དཀའ་ལས་རང་རེད། སྨོན་ལམ་འདྲ་རྒྱོབ་དང་ཕན་ཐོགས་ཤས་ཆེ། མ་གཞི་སྤྲུལ་སྐུ་ཡོད་གནོད་པ་དེ་ཙམ་འདུག་ག?
ཤར་པ་ཟེར་མི་དེས་གང་ཟེར་གྱི་ཡོད་རེད། པད་ནོར་རིན་པོ་ཆེའི་གཟིམས་ཁྱི་ཕར་བཞག ཁོང་གི་ལྕམ་སྲིང་དང་ཚ་བོ་ཚ་མོ་ཐམས་ཅད་མི་ཕལ་པ་ནང་གི་ཕལ་པ། དགོན་པའི་ནང་དབང་ཆ་སྤུ་ཙམ་ཡང་མེད་པར་བཞུགས་ཡོད་པ་རེད། ཁྱི་ཞིག་ལ་གང་བྱུང་སུས་བཤད་ཀྱི་རེད།
རྩོམ་ཡིག་འདི་འབྲི་བ་པོ་དང་། བོད་ནུབ་ཕྱོགས་པའི་ཡི་གེའི་དག་ཆ་དང་། མིང་ཚིག་སྤྱད་སྟངས་ལ་མི་འདྲ་བ་མང་པོ་འདུག དེ་དག་ལས་འགའ་ཞིག་གླེང་ན། དགའ་རོགས། ཞེས་པར་བོད་ནུབ་ཕྱོགས་པས་དགའ་གྲོགས་དང་། དོན་ངོ་མར་ཡང་། ཞེས་པར་དོན་དངོས་མ་དང་། འབྲེལ་བ། ཞེས་པར་འབྲེལ་པ་དང་། ཐེངས་མང་པོ། ཞེས་པར་ལན་མང་པོ་ཞེས་ཁ་ནས་འབྱུང་བ་དང་ཡིག་ཐོག་ཏུ་ཡང་བཀོལ། གང་དེ་ཉིད་་བོད་ཀྱི་བཀའ་བསྟན་གྱི་སྐད་དང་སུ་མཐུན་པ་འདུག དཔྱོད་ལྡན་རྣམས་ཀྱིས་གཟིགས་པར་མཛོད། ཅེས་སོ།
དྲ་གྲོགས་བློ་མཐུན་ཅོ་རི་ཉི་མ་ལགས། ཁྱེད་ནས་སྤོབས་མཐའི་སྐོར་ལ་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ།
རེད་མི་ཟེར་མཁན་འདི་ཡི་བསམ་ཚུལ་ཕྱོགས་ཡོངས་ནས་གཅིག་གྱུར་ཅིག་ཡོང་བ་ཁག་པོ་རེད། དེ་ཡིན་དུས་སྤོབས་མཐའ་ངེད་གཉིས་ཀྱི་བསམ་ཚུལ་ཀྱང་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཡོད། དེའི་ནང་ནས་ཁྱེད་ཀྱིས་གསུངས་པ་ལྟར། སྤོབས་མཐས་སྐབས་ཤིག་ལ་དཔལ་དགྱེས་དང་ཨོ་ཉི་གཅན་བཟོད་རྒྱམ་སོགས་འགས་བོན་ལ་དམའ་འབེབས་དང་བསྐུར་འདེབས་མང་པོ་བྱས་སོང། ང་ཡང་ཆོས་ལུགས་གར་གཏོགས་མ་གཏོགས་ཁྱེད་པར་མེད་ཀྱང། ཁྱེད་བཞིན་ཉམས་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མཁན་ལ་དགའ་བོ་རྩ་བ་ཉིད་ནས་མེད། འོན་ཀྱང་ཉེ་ཆར་ཀླུ་སྨྱོན་གྱིས་གསུངས་པ་བཞིན་སྤོབས་མཐའ་འདི་ལ་ས་གནས་མི་འདྲ་བ་གསུམ་དུ་ཡོད་པའི་ཚུལ་ཞིག་བཤད་སོང། བྱས་ཙང་ངས་ཀྱང་དེ་ལ་མོས་མཐུན་བྱས་ཡིན། སྔར་དང་མི་འདྲ་བར་སྤོབས་མཐའི་དེང་དུས་ཀྱི་རྩོམ་གྱི་བརྗོད་གཞི་དང་མཆན་བུ་དེ་ཚོར་འགྱུར་བ་ཞིག་ཏན་ཏན་འདུག ངས་རྟག་ཏུ་དྲ་གྲོགས་ཅོ་རི་ཉི་མ་ཁྱེད་ཀྱི་མཆན་ལ་དོ་སྣང་ཆེན་པོས་ཀློག་བཞིན་ཡོད། སྔོན་མ་ཁྱེད་ནས་དུས་བབ་ནང་དུ་མཆན་བུ་མང་དུ་སྤེལ་ཡོད་དེ་དུས་ངས་དགའ་བོ་ཆེ་ཤོས་བྱེད་ས་དེ་ཁྱེད་ཀྱི་མཆན་བུ་ཡིན། ཡིན་ནའང་སྤོབས་མཐའི་རྩོམ་དང་མཆན་བུར་ཟུར་ཟ་བྱེད་དགོས་མིན་ནི་སྐབས་དེ་དུས་བལྟ་རྒྱུ་རེད། ཁོས་དྲང་བདེན་གྱིས་རྩོམ་དང་མཆན་བུ་བྲིས་ཚེ་རྒྱབ་སྐྱོར་དང་དགའ་བསུ་ཞུ་རྒྱུ་ཡིན།
ཡ་ཡ། བན་དེ་བ་ལ་ཕོག་འདུག་ཡ། ཧ ཧ
ཨོ་ཡ་་བློ་མཐུན་བན་དེ་བ་ལགས། ཐུགས་རྗེ་ཆེ། དགའ་པོ་བྱུང་། ང་རང་གཉིས་ལ་ད་དུང་བློ་མཐུན་ཞིག་ཡོད་རེད། སྔོན་མ་གསེར་འབྲུག་སྡེར་ལྔ་དང་་དེང་སང་ཞོལ་གཡག་འབྲོང་རྒྱུད་ཅེས་པའི་དྲ་མིང་བརྗེས་ཚར་བ་རེད། དེ་ཡང་དྲ་གྲོགས་མང་པོས་འབྲུག་མིང་ལ་དགའ་པོ་མེད་པས་རེད། ཁོང་ཡང་ང་རང་གཉིས་ཀྱི་བློ་མཐུན་རེད། ཁོང་གི་བཏབ་པའི་མཆན་བརྒྱ་ཆ་བརྒྱད་ཅུ་ལ་བསམ་ཚུལ་མཐུན་པོ་ཡོད། དེ་བརྟེན་ངས་བློ་མཐུན་ཞེས་འབོད་ཀྱི་ཡོད།
ཞོལ་གཡག་འབྲོང་རྒྱུད་ལ་ཁྱད་ཆོས་མང་པོ་ཡོད། ཁྱད་ཆོས་གཙོ་བོ་ཁོང་གི་བདེན་སྐྱོང་སྙིང་སྟོབས་ཡིན། འགྲོ་བ་མིའི་རིགས་ལ་བདེན་སྐྱོང་སྙིང་མེད་སོང་ན་དུར་འགྲོ་དང་གཅིག་པ་ཆགས་པ་ཡིན། ལས་རྒྱུ་འབྲས་མགོ་གཏིང་ལོག་པ་ཡིན། ང་རང་ཚོའི་བོད་མི་རིགས་ལ་ཡོད་པ་ནི་ལྷན་སྐྱེས་ཀྱི་ཐོབ་ཐང་བདེན་པ་དེ་ཡིན། ལྷན་སྐྱེས་ཐོབ་ཐང་བདེན་པ་འདི་འཐོབ་པ་ལ་བོད་མི་ཚོའི་རྒྱུད་ལ་བདེན་སྐྱོང་སྙིང་སྟོབས་དགོས།
བདེན་སྐྱོང་སྙིང་སྟོབས་འདི་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཕྱོགས་ནས་བཤད་ནའང་ནོར་བུ་ངོ་མ་ཞིག་ཡིན། བདེན་སྐྱོང་སྙིང་སྟོབས་ཡོད་པའི་མི་ཞིག་ཡིན་ན་སྒེར་གཅོད་པ་དང་ལྐོག་ས་རུལ་སུངས་ཀྱི་མདུན་དུ་པུས་མོ་འཛུགས་མི་སྲིད་ལ་ཉམ་ཆུང་མི་དམངས་ལ་བཙན་གནོན་བྱེད་མི་སྲིད། མ་གྱུར་སེམས་ཅན་ཐམས་ཅད་ཅེས་འབོད་མི་དགོས་ལ་ཉམ་ཆུང་མི་དམངས་ཀྱི་བདེ་སྡུག་མ་བརྗེད་ན་དེའི་ཆོག
མགོ་ནག་བོད་མིའི་བདེན་པའི་ཐོབ་ཐང་འདིར།
སྒེར་གཅོད་གཡོ་ཅན་ལྐོག་གཟན་པ་ཚོས་ཕྲོགས།
བདེན་སྐྱོང་སྙིང་སྟོབས་ཅན་གྱི་མི་བུ་ཚོ།
ས་ཕྱོགས་གང་དུ་ཡོད་ན་དེར་ཕྱག་འཚལ།།
སྤོབས་པས་དོན་དག་ཅིག་བཤད་ཡོད་ན་ཡང་བརྗོད་དོན་གཙོ་བོ་དེ་བཤད་མི་འདུག ལྷག་པར་དུ་གསལ་པོ་བྱས་ནས་དེ་བས་ཀྱང་བཤད་མི་འདུག མ་གེ་མོག་གེ་དང་ར་བེ་རི་བེ་ཅིག་གིས་རྩྭ་དང་རྩོ་གཉིས་མཉམ་གཅིག་ཏུ་སྤུངས་འདུག དེ་བཞིན་དུ་གཤམ་མཆན་པ་ཚོ་ཡང་རྩོ་དྲིས་བཟི་འདུག
ནམ་ཡིན་ན་ཡང་བསྟོད་པ་དང་སྨད་པ་གཉིས་གཞི་གཅིག་ལ་དུས་མཉམ་དུ་མི་ཡོང་བ་བཞིན་དགྲ་གྲོགས་གཉིས་ཀྱང་དུས་མཉམ་དུ་མི་ཡོང་ལ། ཡོད་མེད་གཉིས་དང་ཡིན་མིན་གཉིས་ཀྱང་དེ་བཞིན་རེད། བདེན་དོན་དེ་གསལ་པོ་མ་བྱུང་བའི་མི་ཁག་ཅིག་ག་དུས་ཡིན་ན་ཡང་མགོ་ཐོམ་འགྲོ་གི་ཡོད།
སྤོབས་མཐའ་དང་ཇོ་རི་གཉིས་དགོངས་མཛོད། བོད་ཀྱི་བླ་ཆེན་ཞིག་གིས་ངས་བོད་དོན་ལ་དཀའ་ལས་བརྒྱབ་པ་པ་ནི་་བོད་མིའི་ཁེ་ཕན་གཞི་རྩ་བྱས་པའི་མདོ་སྔགས་རིག་གནས་དང་བཅས་པའི་ནང་ཆོས་གནས་ཐབས་ཡིན་གསུང་ཡོད། དེ་བཞིན་རྒན་པོ་མང་པོས་ནང་ཆོས་མེད་པའི་བོད་རིགས་ཅིག་བྱུང་དང་མ་བྱུང་མེད་ཅེས་ཐག་ཆོད་པོའི་སྒོ་ན་བཤད་ཀྱིན་ཡོད། ངའི་བླ་མ་དང་སྤྲུལ་སྐུ་ཚོ་ནི་ཁྱོད་ཅག་གི་བཤད་པ་དང་འགལ་བས་ང་ཚོའི་གྲོང་དགོན་ཐམས་ཅད་བསོད་ནམས་ཆེ་བ་འདྲ། ༡༽ལས་འབྲས་ལ་ཡིད་ཆེས་ན་སྤྲུལ་སྐུ་ཚོའི་རྒྱུ་བསོད་ཁོ་རང་ཚོའི་བསོད་ནམས་ལས་བྱུང་། མ་བྱས་པ་དང་མི་འཕྲད། ༢༽སྐྱོན་ཤ་སྟག་ཏུ་མཐོང་བ་ལས་སྣང་མ་དག་པ་རེད། མུ་སྟེགས་པས་རང་རེའི་སྟོན་ལ་ལ་སྨོད་པ་བཞིན་ནོ། །༣༽མི་མང་གིས་འབུལ་བ་བྱེད་མིན་རང་དབང་རེད། རྒྱན་དང་ཆོ་ལོ་དམག་དང་དུག་རྫས་ཀྱི་ཆེད་དུ་འགྲོ་སོང་གཏོང་བ་ལས་བླ་མ་ལ་ཕུལ་ན་འབུལ་མཁན་རང་ལ་སྡིག་པ་མི་འབྱུང་བར་ངེས། ༤༽དད་ལྡན་མི་མང་གི་དད་མོས་བྱ་ཡུལ་ལ་སྨད་པ་ནི་དད་མོས་ཅན་ལ་བརྙས་བཅོས་ཡིན། ༥༽ དད་པ་མེད་པའི་མི་ཞིག་གིས་དད་ལྡན་གྱི་ཆོས་སྤྱོད་བྱ་ཚུལ་འགོགས་པ་ནི་སྒེར་གཅོད་མངོན་གྱུར་པ་ཡིན། ༦༽བན་བོན་སྤྲུལ་སྐུ། གདུང་བརྒྱུད། དགེ་བཤེས་གང་ལ་དད་མོས་བྱེད་ནའང་རང་དབང་རེད། དེ་བཞིན་དད་པ་མི་བྱེད་ནའང་རང་དབང་ཡོད། ༧༽ཕན་ཚུན་གྱི་དད་མོས་ལ་བརྩི་བཀུར་དགོས་པ་ལས་སྐྱོན་བརྗོད་བྱེད་པའི་དབང་ཆ་སུ་ལའང་མེད། ༨༽སྤྲུལ་སྐུའི་དོནནི་་དེ་ལ་ཡིད་ཆེས་བྱེད་མཁན་དང་སྤྲུལ་སྐུ་ཡིན་ཟེར་མཁན་ཚོས་ཐག་གཅོད་པ་ལས་ཡིད་ཆེས་མེད་མཁན་ཚོར་ཐེ་གཏོགས་མེད། ཟུར་དུ་སྡོད། ༩༽ཁ་ཆེའི་ཀོ་རན་གྱི་མདོ་ལ་ཡེ་ཤིས་ཁ་བཏང་བ་དང་། ཡེ་ཤི་ཚོའི་འཕགས་པའི་མདོ་ལ་ཁ་ཆེས་སྐྱོན་བརྗོད་བྱེད་པ་འཁྲུགས་རྩོད་ཀྱི་རྩ་བ་ཞིག་རེད། དེ་བཞིན་སྤྲུལ་སྐུ་དགོས་མིན་ཀྱང་དཀྲུགས་ཤིང་གི་གཞི་རེད། ༡༠༽མི་གཞན་གྱི་དད་མོས་ལ་བརྙས་པ་ནི་ཁྲག་དྲི་བྲོ་བའི་བཙན་གནོན་ཡིན། ༡༡༽དད་མོས་བྱ་ཡུལ་ས་སྒོང་ཞིག་གམ། རྡོ་རིལ་ཅིག་ཡིན་ཀྱང་དེ་ལ་བརྙས་པ་བྱེད་པའི་དབང་ཆ་སུ་ལའང་མེད། ༡༢༽རང་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་བརྩེ་དུང་ཀྱི་ཆེད་དུ་གཏོང་ངམ། སློབ་སྦྱོང་གི་ཆེད་དུ་གཏོང་། དད་མོས་ཀྱི་ཆེད་དུ་གཏོང་དོ་བདག་སོ་སོ་ལ་དབང་ཆ་ཡོད། ༡༣༽རང་གི་རྒྱུ་ནོར་ཇི་ལྟར་ཆོས་ཕྱོགས་སུ་གཏོང་རང་ཉིད་ལས་གཞན་གྱིས་བཀག་འགོགས་བྱས་ན་ཁྲིམས་འགལ་རེད། ༡༤༽སྤྲུལ་སྐུ་ཡིན་སྙམ་པའི་ཡིད་ཆེས་ཡོད་ན། རང་ཉིད་ཀྱི་བྱ་བར་རང་ཉིད་ཡིད་ཆེས་པ་དེ་ལས་དབང་བཙན་ཞིག་སུ་ལའང་མེད། ༡༥༽མི་རབས་སྔ་མའི་དད་མོས་བྱ་སྲོལ་རྒྱུན་སྐྱོང་བྱེད་པའི་ཐོབ་ཐང་མི་ཐམས་ཅད་ཡོད། ཁྲིམས་ཀྱི་ངོས་ནས་བརྩི་འཇོག་དང་སྲུང་སྐྱོབས་ཀྱང་བྱེད་དགོས། ༡༦༽རྒྱུ་ནོར་ཧམ་བཅོམ་དང་མགོ་སྐོར་བྱས་ནས་ཁྱེར་བ་ཡིན་མིན་སྤྲད་མཁན་དང་ལེན་མཁན་ཁོ་རང་གཉིས་ཀ་ལ་རྩོད་པ་ཡོད་མེད་དང་། སྤྱི་ཚོགས་ཀྱི་ཚོང་རའི་ཁྲིམས་དང་འགལ་བ་ཡོད་མེད་བལྟ་རྒྱུ་ཡིན། ༡༧༽མཆོད་སྦྱིན་སོགས་སྤྱི་ལ་བཏང་བ་ཡིན་ནམ་སྒེར་ལ་སྤྲད་པ་ཡིན་ཕན་ཚུན་བརྡ་འཕྲོད་ཅིང་རྩོད་པ་མེད་ན་རྒྱལ་ཁྲིམས་ཀྱི་རྩད་གཅོད་བྱེད་མི་ཆོག ། ༡༨༽མི་སོ་སོའི་འཚོ་བ་སྐྱིད་པོར་རོལ་བ་ལ་རང་གིས་ནོར་བཏང་བ་ཡིན་ནམ།གཞན་གྱིས་སྦྱིན་བདག་བྱས་པ་གང་ཡིན་ཀྱང་འགལ་བ་མེད། ༡༩༽ཕོ་མོའི་འབྲེལ་བ་རྒྱལ་ཁབ་སོ་སོའི་ཁྲིམས་མི་འདྲ་བས་རང་ཉིད་གང་དུ་སྡོད་པའི་ས་གནས་དེའི་ཁྲིམས་དང་མ་འགལ་ན་ཆོག ༢༠༽བསླབ་པ་འབུལ་བ་སོགས་རྒྱལ་ཁྲིམས་ཀྱི་སྒོ་ནས་རང་དབང་ཡིན། འདུལ་ཁྲིམས་དང་ཡང་མི་འགལ་ལོ། །༢༡༽ཡོན་ཏན་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་ལ་བརྙས་པ་བྱས་ན་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ལ་འགལ།༢༢༽སྤྲུལ་སྐུ་རེ་གཉིས་ལ་སྐྱོན་འདུག་པས་ཚང་མ་མེད་པ་བྱེད་ཟེར་བ་ནི་བོད་མི་ཁ་ཤས་ཀྱི་ནོར་འཁྲུལ་བཟོ་པས་བོད་མི་ཡོངས་རྫོགས་ལ་ཁྲིམས་ཆད་ཕོག་པ་དང་གཉིས་སུ་མེད། །མདོར་ན་སྤྲུལ་སྐུ་ལ་དགག་པ་བྱེད་པ་འདིའང་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་དང་འགལ་བ་ཞིག་གོ། །
་་་་་་་་་་། །མདོར་ན་སྤྲུལ་སྐུ་ལ་དགག་པ་བྱེད་པ་འདིའང་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་དང་འགལ་བ་ཞིག་གོ། །་་་་་ཟེར།
སྒོ་དམུ་རྒོད་ལགས།
༡༽ལས་འབྲས་ལ་ཡིད་ཆེས་ན་སྤྲུལ་སྐུ་ཚོའི་རྒྱུ་བསོད་ཁོ་རང་ཚོའི་བསོད་ནམས་ལས་བྱུང་། མ་བྱས་པ་དང་མི་འཕྲད། ལན་་་གུན་ཁྲན་ཏང་གིས་ཀྱང་ལས་བསོད་ནམས་བསགས་པས་རེད་དམ།
༢༽སྐྱོན་ཤ་སྟག་ཏུ་མཐོང་བ་ལས་སྣང་མ་དག་པ་རེད། མུ་སྟེགས་པས་རང་རེའི་སྟོན་ལ་ལ་སྨོད་པ་བཞིན་ནོ།
ལན་་་ང་ཚོས་སྐྱོན་མཐོང་བ་འདིར་ནོར་མེད། ཚད་མས་གྲུབ། དངོས་ཡོད་བཤད་པ་ཡིན།
།༣༽མི་མང་གིས་འབུལ་བ་བྱེད་མིན་རང་དབང་རེད། རྒྱན་དང་ཆོ་ལོ་དམག་དང་དུག་རྫས་ཀྱི་ཆེད་དུ་འགྲོ་སོང་གཏོང་བ་ལས་བླ་མ་ལ་ཕུལ་ན་འབུལ་མཁན་རང་ལ་སྡིག་པ་མི་འབྱུང་བར་ངེས།
ལན་་་འདི་ནི་སྤྲུལ་སྐུ་ཐབས་ཀྱིས་རྐུ་མ་བརྒྱབ་པ་ཡིན།
༤༽དད་ལྡན་མི་མང་གི་དད་མོས་བྱ་ཡུལ་ལ་སྨད་པ་ནི་དད་མོས་ཅན་ལ་བརྙས་བཅོས་ཡིན།
ལན་་་དད་ལྡན་གྱི་དད་མོས་ལ་བརྙས་བཅོས་བྱེད་ཀྱི་མེད། དད་ཡུལ་རྫུན་མ་ཡིན་པཏ་ངོ་སྤྲོད་ཙམ་ཡིན།
༥༽ དད་པ་མེད་པའི་མི་ཞིག་གིས་དད་ལྡན་གྱི་ཆོས་སྤྱོད་བྱ་ཚུལ་འགོགས་པ་ནི་སྒེར་གཅོད་མངོན་གྱུར་པ་ཡིན།
ལན་་་ང་ཚོ་དད་པ་མེད་པའི་མྱི་མིན།་་ཡིན་ཀྱང་སྤྲུལ་རྫུན་ལ་དད་པ་མེད།
༦༽བན་བོན་སྤྲུལ་སྐུ། གདུང་བརྒྱུད། དགེ་བཤེས་གང་ལ་དད་མོས་བྱེད་ནའང་རང་དབང་རེད། དེ་བཞིན་དད་པ་མི་བྱེད་ནའང་རང་དབང་ཡོད།
ལན་་་རང་དབང་ཡིན་པར་བདེན།
༧༽ཕན་ཚུན་གྱི་དད་མོས་ལ་བརྩི་བཀུར་དགོས་པ་ལས་སྐྱོན་བརྗོད་བྱེད་པའི་དབང་ཆ་སུ་ལའང་མེད།
ལན་་་འཛམ་གླིང་ཐོག་ཏུ་སྐྱོན་ལ་སྐྱོན་བརྗོད་མི་ཆོག་པ་ཞིག་སྒེར་གཅོད་པའི་མངའ་འོག་ཏུ་མ་གཏོགས་མེད།
༨༽སྤྲུལ་སྐུའི་དོནནི་་དེ་ལ་ཡིད་ཆེས་བྱེད་མཁན་དང་སྤྲུལ་སྐུ་ཡིན་ཟེར་མཁན་ཚོས་ཐག་གཅོད་པ་ལས་ཡིད་ཆེས་མེད་མཁན་ཚོར་ཐེ་གཏོགས་མེད། ཟུར་དུ་སྡོད།
ལན་་་ང་ཚོ་ཡང་སྤྲུལ་སྐུ་ལ་ཡིད་ཆེས་ཡོད་ཀྱང་སྤྲུལ་རྫུན་ལ་ཡིད་ཆེས་མེད།
༩༽ཁ་ཆེའི་ཀོ་རན་གྱི་མདོ་ལ་ཡེ་ཤིས་ཁ་བཏང་བ་དང་། ཡེ་ཤི་ཚོའི་འཕགས་པའི་མདོ་ལ་ཁ་ཆེས་སྐྱོན་བརྗོད་བྱེད་པ་འཁྲུགས་རྩོད་ཀྱི་རྩ་བ་ཞིག་རེད། དེ་བཞིན་སྤྲུལ་སྐུ་དགོས་མིན་ཀྱང་དཀྲུགས་ཤིང་གི་གཞི་རེད།
ལན་་་འདི་ལ་བདེན་ཆ་འདུག་་་འཛམ་གླིང་འདིར་ཁྲག་དཀྲུགས་དཀྲུགས་བྱེད་མཁན་ཆོས་ལུགས་དང་ཆོས་ལུགས་པ་ཚོ་ཡིན།
༡༠༽མི་གཞན་གྱི་དད་མོས་ལ་བརྙས་པ་ནི་ཁྲག་དྲི་བྲོ་བའི་བཙན་གནོན་ཡིན།
ལན་་་་གཞན་གྱི་དད་མོས་བརྙས་བཅོས་བྱས་ཀྱི་མེད། གཞན་ལ་སྒེར་གཅོད་བྱས་པ་ནི་མཐའ་ཁྱོག་པའི་ལས་ཀ་ཞིག་མིན།
༡༡༽དད་མོས་བྱ་ཡུལ་ས་སྒོང་ཞིག་གམ། རྡོ་རིལ་ཅིག་ཡིན་ཀྱང་དེ་ལ་བརྙས་པ་བྱེད་པའི་དབང་ཆ་སུ་ལའང་མེད།
ལན་་་་བརྙས་བཅོས་བྱེད་ཀྱི་མེད།
༡༢༽རང་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་བརྩེ་དུང་ཀྱི་ཆེད་དུ་གཏོང་ངམ། སློབ་སྦྱོང་གི་ཆེད་དུ་གཏོང་། དད་མོས་ཀྱི་ཆེད་དུ་གཏོང་དོ་བདག་སོ་སོ་ལ་དབང་ཆ་ཡོད།
ལན་་་་སྐད་ཆ་འདི་བདེན་ན་ཆོས་འདུལ་བའི་ཁྲིམས་བཅའ་འཁུར་དགོས། སྤྲུལ་སྐུས་ཁ་ཆེ་ཆོས་ལ་དད་མོས་བྱེད་ན་འགྲིག་གམ།
༡༣༽རང་གི་རྒྱུ་ནོར་ཇི་ལྟར་ཆོས་ཕྱོགས་སུ་གཏོང་རང་ཉིད་ལས་གཞན་གྱིས་བཀག་འགོགས་བྱས་ན་ཁྲིམས་འགལ་རེད།
ལན་་་ཧཧཧ་་་ང་ཚོས་ཁྱོད་ཚོའི་བཀོར་ཟས་བཀག་གི་མེད།
༡༤༽སྤྲུལ་སྐུ་ཡིན་སྙམ་པའི་ཡིད་ཆེས་ཡོད་ན། རང་ཉིད་ཀྱི་བྱ་བར་རང་ཉིད་ཡིད་ཆེས་པ་དེ་ལས་དབང་བཙན་ཞིག་སུ་ལའང་མེད།
ལན་་་་་བཙན་དབང་གཏོང་མཁན་སུ་གང་ཡང་མི་འདུག
༡༥༽མི་རབས་སྔ་མའི་དད་མོས་བྱ་སྲོལ་རྒྱུན་སྐྱོང་བྱེད་པའི་ཐོབ་ཐང་མི་ཐམས་ཅད་ཡོད། ཁྲིམས་ཀྱི་ངོས་ནས་བརྩི་འཇོག་དང་སྲུང་སྐྱོབས་ཀྱང་བྱེད་དགོས།
ལན་་་་སྐད་ཆ་བསམས་ནས་ཤོད། མི་རབས་སྔ་མའི་མི་གསོད་དང་ལྕེ་གཅོད། མིག་བཏོན་པའི་སྲོལ་རྒྱུན་ངན་པ་དེང་སང་ཁྲིམས་འགལ་ཡིན།
༡༦༽རྒྱུ་ནོར་ཧམ་བཅོམ་དང་མགོ་སྐོར་བྱས་ནས་ཁྱེར་བ་ཡིན་མིན་སྤྲད་མཁན་དང་ལེན་མཁན་ཁོ་རང་གཉིས་ཀ་ལ་རྩོད་པ་ཡོད་མེད་དང་། སྤྱི་ཚོགས་ཀྱི་ཚོང་རའི་ཁྲིམས་དང་འགལ་བ་ཡོད་མེད་བལྟ་རྒྱུ་ཡིན།
ལན་་་་བདེན།
༡༧༽མཆོད་སྦྱིན་སོགས་སྤྱི་ལ་བཏང་བ་ཡིན་ནམ་སྒེར་ལ་སྤྲད་པ་ཡིན་ཕན་ཚུན་བརྡ་འཕྲོད་ཅིང་རྩོད་པ་མེད་ན་རྒྱལ་ཁྲིམས་ཀྱི་རྩད་གཅོད་བྱེད་མི་ཆོག །
ལན་་་བདེན།
༡༨༽མི་སོ་སོའི་འཚོ་བ་སྐྱིད་པོར་རོལ་བ་ལ་རང་གིས་ནོར་བཏང་བ་ཡིན་ནམ།གཞན་གྱིས་སྦྱིན་བདག་བྱས་པ་གང་ཡིན་ཀྱང་འགལ་བ་མེད།
ལན་་་་བདེན།
༡༩༽ཕོ་མོའི་འབྲེལ་བ་རྒྱལ་ཁབ་སོ་སོའི་ཁྲིམས་མི་འདྲ་བས་རང་ཉིད་གང་དུ་སྡོད་པའི་ས་གནས་དེའི་ཁྲིམས་དང་མ་འགལ་ན་ཆོག
ལན་་་་་ཧཧཧཧ་་་ནུབ་ཕྱོགས་ཡུལ་བསླེབས་ན་འདུལ་ཁྲིམས་ཁུར་མི་དགོས་སམ།
༢༠༽བསླབ་པ་འབུལ་བ་སོགས་རྒྱལ་ཁྲིམས་ཀྱི་སྒོ་ནས་རང་དབང་ཡིན། འདུལ་ཁྲིམས་དང་ཡང་མི་འགལ་ལོ། །
ལན་་་་འདི་ནི་གྲྭ་ལོག་ང་ལ་དགོས་ཀྱི་སྐད་ཆ་རེད།་ཧཧཧ
༢༡༽ཡོན་ཏན་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་ལ་བརྙས་པ་བྱས་ན་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ལ་འགལ།
ལན་་་་བདེན་བདེན།
༢༢༽སྤྲུལ་སྐུ་རེ་གཉིས་ལ་སྐྱོན་འདུག་པས་ཚང་མ་མེད་པ་བྱེད་ཟེར་བ་ནི་བོད་མི་ཁ་ཤས་ཀྱི་ནོར་འཁྲུལ་བཟོ་པས་བོད་མི་ཡོངས་རྫོགས་ལ་ཁྲིམས་ཆད་ཕོག་པ་དང་གཉིས་སུ་མེད། །མདོར་ན་སྤྲུལ་སྐུ་ལ་དགག་པ་བྱེད་པ་འདིའང་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་དང་འགལ་བ་ཞིག་གོ། །
ལན་་་་ས་སྐྱའི་ལེགས་ལས་་་བ་མོ་གཅིག་འགྲོ་བའི་ཞིང་ཟས་ནས་བ་མོ་ཐམས་ཅད་འགྲོ་བའི་ལམ་བུ་བཀག་ཅེས་གསུངས་འདུག མདོ་ན་སྤྲུལ་སྐུ་ལམ་ལུགས་ལ་དགག་པ་བརྒྱབ་པ་ནི་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་དང་མཐུན།
༡་་་སྤྲུལ་སྐུ་ལམ་ལུགས་ཡོད་པའི་སྤྱི་ཚོགས་ནང་དུ་དམངས་གཙོ་ཡང་དག་པ་ཞིག་ཡོང་ཡ་མེད།
༢་་་བརྒྱ་ཁ་གཅིག་གཅོད་ཅན་གྱི་སྤྱི་ཆོགས་ནང་དུ་མི་དམངས་ཀྱིས་སྤྱི་དོན་འགན་ལེན་ཐུབ་པའི་དུས་ཚོད་ཡོང་མི་སྲིད།
༣་་་མི་དམངས་ཀྱིས་རྒྱལ་ཁབ་སྤྱི་པའི་བྱ་བཞག་ལ་འགན་ཁུར་མ་ཐུབ་ན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་མི་ཐུབ།
༤་་་སྤྲུལ་སྐུ་ལམ་ལུགས་ཡོད་པའི་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་ལ་རིན་ཐང་མེད།
༥་་་ཤེས་ཡོན་ཅན་ལ་རིན་ཐང་མེད་པའི་སྤྱི་ཚོགས་ནང་དུ་གསར་གཏོད་ཡོང་མི་ཐུབ།
༦་་་གསར་གཏོད་བྱེད་མི་ཐུབ་པའི་སྤྱི་ཚོགས་ནི་ག་དུས་ཡིན་ནའང་རྗེས་ལུས་ཡིན།
སྐུ་ཞབས་སྤོབས་མཐའ་ལགས་ཀྱིས་ཆེད་རྩོམ་ཐུང་ངུའི་འདིའི་སྐོར་ལ་བསམ་འཆར་ཅུང་ཞུ་རྒྱུར།
སྔོན་ཆད་སྤྲུལ་སྐུ་མང་ཆེ་ཤོས་ཤིག་ལོ་ནར་མ་སོན་པའི་དུས་སུ་ཁྲིར་འདོན་མཚན་གསོལ་བྱས་ཡོད་ཀྱང་། ད་སྐབས་ལོ་ནར་སོན་པའི་སྐྱེས་པ་མང་བོ་ཞིག་སྤྲུལ་སྐུར་འགྱུར་གྱི་ཡོད། མི་ཁ་ཤས་ཤིག་རྒྱ་ནག་དང་ཐེ་བན་ནུབ་ཕྱོགས་སུ་ཕྱིན་ནས་ལམ་འགྲོ་བྱུང་ཚེ། ཕར་རྒྱ་གར་རམ་བོད་ཡུལ་གྱི་བླ་ཆེན་ཞིག་གི་རྩར་སོང་ནས་སྤྲུལ་སྐུའི་གོ་ས་དང་ཆོ་ལོ་ཉོས་ནས། ལོ་རེ་ཟུང་གི་རྗེས་ནས་བླ་མ་གཞན་པ་ཞིག་ཡང་སྲིད་ཡིན་ཚུལ་བསྒྲགས་ནས་དུག་སློག་བཞིན་དུ་སྐྱེ་བ་སྔ་མ་བརྗེ་པོ་བརྒྱབ་ཀྱིན་འདུག །ལྷག་ཏུ་བོད་ཀྱི་སྤྱི་ཚོགས་ཀྱི་རུལ་སུངས་མ་ཚོར་བའི་དག་སྣང་ཅན་གྱི་མི་རིགས་གཞན་པ་ཚོའི་ནང་ཁུལ་དུ་སྤྲུལ་སྐུའི་མིང་ཡོད་ཚེ་དངུལ་དང་བརྩི་བཀུར་ལས་སླ་པོར་ཐོབ་ཀྱི་ཡོད། དེས་ན་སྤྲུལ་སྐུ་མང་བོ་ཞིག་ནི་གཞན་གྱིས་བཙན་པོ་དབང་ཡོད་སྒོ་ནས་སྤྲུལ་སྐུའི་ཞྭ་མོ་དབུར་བསྐོན་པ་མ་ཡིན་པར། ཐབས་ཇུས་སྣ་ཚོགས་བཏང་ནས་སྤྲུལ་སྐུའི་མིང་ཉོ་གི་ཡོད་པ་རེད། བོད་མི་ཙམ་མ་ཡིན་པར། མི་རིགས་གཞན་དག་ནང་ལའང་སྤྲུལ་སྐུའི་མིང་ཉོ་མཁན་མི་ཉུང་བ་ཞིག་ཡོད། དཔེར་ན་རྒྱ་མི་ཞིག་གིས་ཁོ་རང་རྡོ་རྗེ་འཆང་རློན་པ་ཡིན་ཚུལ་བསྒྲགས་པར། བོད་ཀྱི་བླ་ཆེན་དུ་མས་ཕྱག་ཡིག་བཏང་ནས་རྒྱབ་སྐྱོར་གནང།
ངས་སྤྲུལ་སྐུ་མང་བོ་མཇལ་མྱོང་ཞིང་། ཁ་ཤས་ལ་དད་པ་ཆེན་པོ་ཡོད་ཅིང་། དེ་ནི་ཁོང་ཚོ་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་ཁོ་ན་མ་ཡིན་པར་རང་ངོས་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བས་ཡིན། འོན་ཀྱང་དེང་སང་སྤྲུལ་སྐུ་མང་བོ་ཞིག་ནི་བླ་མ་ཆེན་པོའི་ཁྱིམ་དང་ཉེ་འཁོར་ལ་འཁྲུངས་ཀྱིན་ཡོད་པ་དང་། དེའི་ཐད་ལ་དོགས་པ་འཆང་མཁན་དང་དགག་པ་བརྒྱབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། རླུང་ནང་གི་མར་མེ་བཞིན་དུ་སྤྲུལ་སྐུའི་ལུགས་སྲོལ་འདི་མི་རིང་བར་ནུབ་་འགྲོ་བར་ཐེ་མི་ཚོམ།
དུས་རབས་ཉེར་གཅིག་པའི་ནང་ལ། མི་ཚང་མ་བསམ་བློའི་གོ་རྟོགས་ཇེ་སད། ཤེས་ཡོན་ཇེ་མཐོར་འགྲོ་བཞིན་པ་དང་། བདེན་དོན་དང་དྲང་བོའི་ལུགས་སྲོལ་གཙོ་བོར་འཛིན་གྱི་ཡོད་སྟབས། སྤྲུལ་སྐུའི་ལུགས་སྲོལ་ལ་ཡིད་ཆེས་བྱེད་མཁན་ཇེ་ཉུང་དང་། ནམ་ཞིག་ལ་སྤྲུལ་སྐུའི་མིང་འཁྱེར་མཁན་ཚང་མ་ཟོག་པོར་མཐོང་བའི་དུས་སྐབས་ཤིག་སླེབས་འོང་། ཁ་བརྡའི་ནང་ལ་རྩོམ་པ་བོ་བསམ་བློ་གཏོང་མཁན་གྱིས་སྤྲུལ་སྐུའི་ལུགས་སྲོལ་ལ་དོགས་སློང་གནང་བ་ཙམ་མ་ཡིན་པར། བོད་ཀྱི་མང་ཚོགས་ནང་ཁུལ་ནས་སྐྱ་སེར་མང་བོས་དེ་ལ་དགག་པ་བརྒྱབ་ཀྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད།
དྲ་གྲོགས་ཅོ་རིས་གསུངས་པ་དེ་ག་རང་རེད།
བོད་ཀྱི་དགོན་སྡེ་མང་པོ་ཞིག་སྤྲུལ་སྐུ་དང་གདུང་རྒྱུད་ཅན་གྱིས་བདག་ཏུ་བཟུང་ནས་ཡོད། དེ་ཚོར་དུས་རབས་གསར་པའི་དམངས་གཙོའི་འགྲོ་ལུགས་མེད། དེ་མེད་དུས་བརྒྱ་ཁ་གཅིག་ཆོད་རང་རེད། དེ་མེད་དུས་ཡར་རྒྱས་ཡོང་ཐབས་མེད། སྤྲུལ་སྐུ་དེའི་རིགས་ཁོང་རང་ཚོ་ཕྱི་ལོགས་སུ་རྟག་པར་འཁྱམ་འགྲོ་བ་ལས་ནང་དུ་བསླབ་པ་སློབ་གཉེར་གྱི་སྐོར་ལ་ཇུས་གཏོགས་བྱེད་ཀྱི་མེད། དཔེར་ན། བལ་ཡུལ་དུ་བླ་མ་སྤྲུལ་སྐུ་འགའ་ཞིག་གིས་རང་གི་ཐེ་ཝན་སྦྱིན་བདག་དགོན་པ་ལ་ཡོང་དུས་དགོན་པ་གཞན་ནས་གྲ་བ་གཡར་པོ་ཞུས་ཏེ་བླ་མ་དང་སྦྱིན་བདག་ལ་སེར་འཕྲེང་བསྒྲིག་གི་ཡོད་པར་གོ་ཐོས་བྱུང། ད་དེ་འདྲ་རེད། བལ་བོད་སོགས་སུ་དགོན་པས་གང་ཡོད། དགོན་པའི་ནང་དུ་བླ་གྲྭ་འདུག་མཁན་མེད་འོན་ཀྱང་བླ་སྤྲུལ་དེ་ཚོས་སྦྱིན་བདག་དེ་ཚོར་ལུང་པ་བཅོ་བརྒྱད་བཤད་ནས་དངུལ་བསྡུ་གི་ཡོད།
་་་་་་་་་ བལ་ཡུལ་དུ་བླ་མ་སྤྲུལ་སྐུ་འགའ་ཞིག་གིས་རང་གི་ཐེ་ཝན་སྦྱིན་བདག་དགོན་པ་ལ་ཡོང་དུས་དགོན་པ་གཞན་ནས་གྲ་བ་གཡར་པོ་ཞུས་ཏེ་བླ་མ་དང་སྦྱིན་བདག་ལ་སེར་འཕྲེང་བསྒྲིག་གི་ཡོད་པར་གོ་ཐོས་བྱུང། ་་་་་་་་ཟེར།
རྣམ་པ་ཚོས་གོ་རྒྱུ་ཅན་མང་པོ་གསུངས་འདུག །སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོས་ནས་བོད་པ་ཚང་ལ་ཁེ་ཕན་ཞིག་རེག་རྒྱུ་ཡོད་ན་གནས་ཚུལ་ཁ་ཁ་རེད། །སྤྱི་ཡོངས་ཀྱི་ཆ་ནས་དབྱེ་གསལ་བྱེད་ན་དགོན་པ་ལ་སྤྲུལ་སྐུའི་ལམ་ལུགས་ཡོད་ན་ཡག་པོ་འདུག །དེ་མིན་དགོན་པ་སྒོ་རྒྱག་དགོས་ཐུག་ས་རེད། གྲོང་བ་རྒན་རྒོན་ཚོ་ལའང་སྤྲུལ་སྐུའི་ལམ་ལུགས་ཡོད་ན་བཟང་བ་ལས་མེད་ན་གཞོན་སྐྱེས་ཚོ་ཆོས་མེད་ཀླ་ཀློར་འགྱུར་ངེས་རེད། རུང་མི་རུང་མི་ཤེས། དགེ་མི་དགེ་མི་ཤེས། བོད་མི་རིགས་འདི་གློ་བ་ཁ་ཁྲ་ལྟ་བུར་འགྱུར་ཉེན་ཆེ། སྤྲུལ་སྐུའི་མིང་བཏགས་ན་སྤྲུལ་སྐུ་ཡིན་མི་དགོས་པ་དང་སངས་རྒྱས་ཀྱི་མིང་བཏགས་ན་སངས་རྒྱས་ཡིན་མི་དགོས་པ་འདྲ་མོད། སྤྲུལ་སྐུའི་མིང་བཏགས་པའི་འོག་ཏུ་དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་པ་ཡང་མང་ཐག་ཆོད་རེད། བོད་མི་རིགས་འཆི་གསོན་གྱི་དཀའ་ངལ་ལ་ཐུག་དུས་རྒྱལ་བ་པཎ་ཆེན་སོགས་བོད་ཀྱི་བླ་ཆེན་ཁག་ནི་གནད་འགག་ཅིག་ལ་ཐུག་ཡོད་པ་མངོན་སུམ་རྟགས་ཀྱིས་ར་འཕྲོད་པ་རེད། དགོན་པ་ཆེན་པོ་སེ་འབྲས་དགའ་གསུམ་ལ་དགོན་བདག་འདི་ཡིན་ཟེར་བ་ཞིག་མེད་ཀྱང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བའི་དཔེ་ལྟར་རེད། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱ་ཁྱུང་སྡི་ཚ་རེབ་གོང་སོགས་ནང་བསྟན་འཆད་ཉན་གྱི་བསྟི་གནས་ཕལ་ཆེ་བར་དགོན་བདག་སྤྲུལ་སྐུས་བཟུང་བ་རེད། དེ་བཞིན་ཁམས་ཕྱོགས་དང་དབུས་གཙང་གི་ཕྱོགས་སུ་ཡང་དེ་དེ་བཞིན་རེད། གང་ལྟར་རང་རང་སོ་སོའི་དགོན་པ་ལ་དགོན་བདག་ཅིག་མེད་སོང་ན་དགོན་པ་དེ་སྟོང་འགྲོ་བ་ནི་མངོན་སུམ་རྟགས་ཀྱིས་ར་འཕྲོད་པ་རེད། སྔུན་ཆད་དང་མི་འདྲ་བར་དེང་སང་དགོན་བདག་ཕལ་ཆེ་བར་སྦྱིན་བདག་རང་མོས་ཀྱིས་བྱེད་པ་མ་གཏོགས་བཙན་གྱིས་བསྐུལ་བ་དེ་འདྲ་རྩ་བ་ནས་ཡོད་པ་མ་རེད། བོད་རང་གི་སྐད་ཡིག་རིག་གཞུང་དང་བཅས་པའི་ཆ་ནས་དབྱེ་གསལ་བྱེད་ན་ཡང་ཉེ་རབས་ཀྱི་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་དང་དུང་དཀར་སོགས་མཁས་པའི་གྲལ་ལ་བྱོན་ཟིན་པའི་ཨ་ལགས་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་པ་སླར་གསོའི་མཛད་རྗེས་གཟེངས་སུ་ཐོན་པ་བཞག་མྱོང་ངོ་། །
ཨ་ལགས་མེད་ན་དགོན་པ་མེད།།
དགོན་པ་མེད་ན་རིག་གཞུང་མེད།།
རིག་གཞུང་མེད་ན་བོད་པ་མེད།།
མེད་པ་འདི་གསུམ་ཕམ་གྱུར་ཅིག།
ཨ་ལགས་ཡོད་ན་དགོན་པ་ཡོད།།
དགོན་པ་ཡོད་ན་རིག་གཞུང་ཡོད།།
རིག་གཞུང་ཡོད་ན་བོད་པ་ཡོད།།
ཡོད་པ་འདི་གསུམ་རྒྱལ་གྱུར་ཅིག།
ག་དུས་ཡིན་ཡང་བླ་མ་སྤྲུལ་སྐུས་མ་འཇོན་པ་རྐྱང་རྐྱང་བཤད་བསྡད་པ་དེ་ཚོས་ཡང་སྙིང་ཅི་ཞིག་འདོད་པ་ཡིན་ནམ།
སྤྲུལ་སྐུ་ཡོད་ན་དམངས་གཙོ་མེད་ཟེར། ཧ་ཧ་གད་མོ་འཆོར་བ་རང་རེད། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད།།གསུངས་པ་ལྟར་བླ་མ་དེ་དག་གིས་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་བའི་དུས་ལ་བསླེབས་འདུག །དེ་བས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་འདོད་ཡོད་ན་དགོན་པ་ལ་རྒྱབ་སྐྱོར་བྱེད། བླ་མ་སྤྲུལ་སྐུ་ལ་མཐོང་ཆེན་སྤྲད་པ་དེ་ལས་ལྷག་ཅིག་ལམ་ཁ་མེད་པ་གསལ་བོར་ཤེས་ཐུབ། །
བོད་མི་རིགས་བོད་ཀྱི་སྤྲུལ་སྐུ་ལ་དྲིན་ཆེ་བ་ཡོད་དམ། བོད་ཀྱི་སྤྲུལ་སྐུ་བོད་མི་རིགས་ལ་དྲིན་ཆེ་བ་ཡོད་དམ། དྲི་བ་ཡིན།
ངས་བལྟས་ན་བཟང་ལན་ངན་གྱིས་འཇལ་ཇ་ལན་གཅན་གྱིས་འཇལ་མཁན་བོད་མི་དམངས་མིན་ཚོད་ཡིན།
༡༠༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
རྩོམ་ཡིག་འདི་འབྲི་བ་པོ་དང་། བོད་ནུབ་ཕྱོགས་པའི་ཡི་གེའི་དག་ཆ་དང་། མིང་ཚིག་སྤྱད་སྟངས་ལ་མི་འདྲ་བ་མང་པོ་འདུག དེ་དག་ལས་འགའ་ཞིག་གླེང་ན། དགའ་རོགས། ཞེས་པར་བོད་ནུབ་ཕྱོགས་པས་དགའ་གྲོགས་དང་། དོན་ངོ་མར་ཡང་། ཞེས་པར་དོན་དངོས་མ་དང་། འབྲེལ་བ། ཞེས་པར་འབྲེལ་པ་དང་། ཐེངས་མང་པོ། ཞེས་པར་ལན་མང་པོ་ཞེས་ཁ་ནས་འབྱུང་བ་དང་ཡིག་ཐོག་ཏུ་ཡང་བཀོལ། གང་དེ་ཉིད་་བོད་ཀྱི་བཀའ་བསྟན་གྱི་སྐད་དང་སུ་མཐུན་པ་འདུག དཔྱོད་ལྡན་རྣམས་ཀྱིས་གཟིགས་པར་མཛོད། ཅེས་སོ།༽
ཞེས་པར་མདོར་ཙམ་ཞུ་ན་འདོད། སྤྱིར་རོགས་དང་གྲོགས་ཅེས་པའི་ཚིག་གཉིས་ཀྱི་བར་ཚིག་དང་དོན་གཉིས་ཆ་ཐ་དད་རེད། དེས་ན་དགའ་རོགས་དང་དགའ་གྲོགས་གཉིས་ཀྱི་བར་ཚིག་གི་གོ་དོན་མི་འདྲ་བས་ཁྱད་པ་ཆེན་པོ་ཡོད། དོན་ངོ་མར་ཡང་། ཞེས་པར་དོན་དངོས་ཡང་། ཞེས་གསུང་པ་ཡིན་ན་འབྲེལ་ཆགས་འདུག་ཀྱང་། དོན་ངོ་མར་ཡང་ཅེས་པར། དོན་དངོས་མ་ཡང་གསུངས་པ་དེ་མ་དག་པ་རེད་བསམ་གིན། སྤྱིར་བོད་ཀྱི་ཡུལ་ལུང་སོ་སོའི་མིང་ཚིག་སྐོལ་སྤྱོད་མི་འདྲ་བ་ཡོད་དུ་ཆོག། འོན་ཀྱང་དེའི་རིགས་ལ་དག་པ་དང་མ་དག་པ་གང་ཡིན་གཞི་འཛིན་ས་ནི་བོད་ཀྱི་བརྡ་དག་གི་གཞུང་ལུགས་དང་མཐུན་མིན་དཔྱོད་རྒྱུ་ལས་བཀའ་བསྟན་གྱི་སྐད་དང་མཐུན་མིན་དཔྱོད་དགོས་གསུངས་པ་དེ་ཚད་ཐུབ་པ་ཞིག་མ་རེད། བོད་ཀྱིབཀའ་བསྟན་གྱི་སྐད་དེ་ཡང་དག་དང་མ་དག་གམ་མཐུན་དང་མི་མཐུན་ནི་བོད་ཀྱི་བརྡ་དག་གི་གཞུང་ལུགས་དང་མཐུན་མིན་དཔྱོད་རྒྱུ་དེ་རེད།
བོད་ལ་སྤྲུལ་སྐུ་མི་དགོས་ལབ་ན་རྒྱལ་པན་དང་ཀརྨ་པ་སོགས་ལ་ཟུར་ཟ་དང་། མ་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་པའི་སྤྲུལ་སྐུ་དག་མ་དགོས། དེ་ནས་ལོངས་སྐུའི་ཞིང་ཁམས་མི་དགོས། ཆོས་སྐུའི་གནས་ལུགས་མི་དགོས་ཟེར་རྒྱུ་ཡིན་ནམ། སྤྲུལ་སྐུ་རྫུན་མ་མི་དགོས་བཤད་ན་ཡག་པོ་རེད། ཆོས་རྫུན་བོན་མི་དགོས་བཤད་ན་འགྲིག་གི་འདུག་ག དགེ་རྒན་ངན་པའི་དགེ་ཕྲུག་ཚོས་ནང་བསྟན་ལ་དགྲ་བཞིན་ལྟ་བའི་བོན་པོ་ཚོ་དང་དམར་ཕྱོགས་ཚོགས་པ་ནང་བཞིན་ཆགས་ན་བོད་བརླགས་ཚར་བ་རེད་གདའ།
http://www.khabdha.org/?p=38899#more-38899
དྲ་ཐག་འདི་ཡི་ནང་དུ་གཟིགས་དང་་་་་ཨ་ཕྱི་རྐུབ་རལ་གྱིས་ཀརྨ་པ་མཆོག་ལ་ལྟ་ཚུལ་དང་པདྨ་དང་དཔལ་དགྱེས་སོགས་ཀྱིས་བསམ་ཚུལ་གཅིག་པ་གཅིག་རྐྱང་རེད།
༤༦༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༡༨ སྐར་མ་ ༢༤
ཨ་ཙི། ཅི་ཞིག་གི་ཀརྨ་པ། ཁྱེད་ཕེབས་ལམ་དུ་སི་ཞྭ་གཉིས་ནང་མཆེད་དམག་འཁྲུག་གིས་དམ་ཚིག་ཤོར། ཀཾ་ཚང་པ་དུམ་བུ་གཉིས་སུ་གཏོར། མཆོད་འོས་བསླུས། འགྱོད་མེད་ལ་འགྱོད་པ་བྱིན། དམ་པའི་སྐྱེ་སྲིད་ལ་སྒྲོ་བཀུར་ཕུལ། འགྲོ་བར་གཡོ་སྒྱུས་གནང་སྦྱིན་མང་དྲག་ནས་སྤྲུལ་སྐུ་ཕལ་ཆེར་བློ་གཏད་མེད་པར་བྱས། རྒྱ་ནག་གི་པན་ཆེན་དང་ཁྱེད་གཉིས་ལ་ཁྱད་པར་སུ་ཞིག་འགྱེད་ནུས་སམ། གསར་འབྱོར་གཞིས་ཆགས་བོད་མི་རྒྱ་ཆ་བདུན་ཅུ་ལྷག་གི་འཚོ་གནས་ནག་ཚོང་དུ་ཁང་དུ་བཟོས།
བྷོ་དྡྷི་གྷ་ཡ་ནས་བསྟན་པའི་ཞབས་འདྲེན་བཞག ། རྨོངས་པའི་གྲགས་རྒྱུགས་ཚོ་ཟ་ཁ་དར། ཨ་ཙི། སྤྲུལ་པའི་རྐུ་ཕྲེང་གི་མཚན་ཉིད་པ་ཞིག་ཡིན་ནམ། ཨ་ཕྱི་ང་འཁྲུལ་སོང་བ་མིན་ན། ད་དུང་བོད་མི་ཤི་གསོན་ཁྲི་མ་འབུམ་གྱི་མཆོད་གནས་ལགས། འདི་ནི་འགྲོ་མགོན་བཀའ་བརྒྱུད་པའི་ཆེ་ཆོས་སུ་བརྩི་ས་མི་འགྲོའོ། རྒྱལ་བསྟན་སྤྱི་ཡི་ཆག་སྒོ་ཞིག་མིན་ནམ།
༧༡༽ པདྨ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ གི་ཆུ་ཚོད་ ༡༤ སྐར་མ་ ༤༣
དྲི་བ་དེ་ལ་ལན་ལས་སླའོ་རེད་འདུག བོད་བརྒྱུད་ནང་བསྟན་བདག་པོ་སོ་སོའི་སེམས་འདུལ་བ་དེ་རེད། དེ་མིན་མགོ་གཙོ་དམིགས་བསལ་བ་གང་ཡང་དགོས་མ་རེད། དགོས་ན་སངས་རྒྱས་རྗེས་སུ་དྲན་དེ་རེད། དེ་མིན་ལས་ངན་གྱིས་རྒྱུ་བྱས། །རྐྱེན་ངན་གྱིས་གྱིས་སྣ་འདྲེན་པའི་དམ་ཉམས་རུ་ཁག་ཚོ་བསྟན་པའི་བདག་པོ་ཡིན་ན་ལབ་ན་སངས་རྒྱས་བསྟན་པའི་མཐའ་ལ་ཐུག་པ་མ་རེད་དམ།
༼ཀརྨ་པ་མཆོག་བོད་རྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་རེད་དམ།༽
་་་་་་་ །དེ་བས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་འདོད་ཡོད་ན་དགོན་པ་ལ་རྒྱབ་སྐྱོར་བྱེད། བླ་མ་སྤྲུལ་སྐུ་ལ་མཐོང་ཆེན་སྤྲད་པ་དེ་ལས་ལྷག་ཅིག་ལམ་ཁ་མེད་པ་གསལ་བོར་ཤེས་ཐུབ། །་་་་་ཟེར།
གཞན་ལ་བསྟོད་པ་བྱས་གྱུར་ན། །
རང་ཉིད་གཞན་གྱས་བསྟོད་པར་བྱེད། །
གཞན་ལ་ཇི་ཙམ་སྨད་བྱས་པ། །
དེ་ཙམ་རང་ཉིད་གཞན་གྱི་སྨད། །
གཞན་གྱི་ཡོན་ཏན་དང་རང་གི་སྐྱོན་ལ་ལྟ།
ཅོ་རི་ཉི་མ་ལ་ལན།
༡་་་སྤྲུལ་སྐུ་ལམ་ལུགས་ཡོད་པའི་སྤྱི་ཚོགས་ནང་དུ་དམངས་གཙོ་ཡང་དག་པ་ཞིག་ཡོང་ཡ་མེད།
ལན། སྤྲུལ་སྐུ་དམངས་གཙོའི་སྣེ་ཁྲིད་ཡིན། གྲྭ་མང་དང་མི་དམངས་ཀྱི་རེ་བ་སྐོང་མཁན་ཡིན། གོང་ས་མཆོག་གིས་དམངས་གཙོ་བྱེད་བྱས་རྗེས་རླབས་ཆེན་བཞག་པ་བཞིན་ནོ།
༢་་་བརྒྱ་ཁ་གཅིག་གཅོད་ཅན་གྱི་སྤྱི་ཆོགས་ནང་དུ་མི་དམངས་ཀྱིས་སྤྱི་དོན་འགན་ལེན་ཐུབ་པའི་དུས་ཚོད་ཡོང་མི་སྲིད།
ལན། དགའ་ལྡན་དང་ཕོ་བྲང་དང་དམངས་གཙོའི་གཞུང་སོ་སོ་བྱས་ཟིན། རང་གིས་མ་འཇོན་པའི་ཡས་བླ་སྤྲུལ་མི་བསྔོབར་ཞུ།
༣་་་མི་དམངས་ཀྱིས་རྒྱལ་ཁབ་སྤྱི་པའི་བྱ་བཞག་ལ་འགན་ཁུར་མ་ཐུབ་ན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་མི་ཐུབ།
ལན། འགན་ཁུར་དགོས་པ་བདེན་ཀྱང་། ཚང་མས་བཀའ་བློན་ཁྲི་བ་བྱེད་ཐབས་མེད། ལས་ཀྱི་སྣེ་མོ་བ་ཞིག་ངེས་པར་དགོས།
༤་་་སྤྲུལ་སྐུ་ལམ་ལུགས་ཡོད་པའི་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་ལ་རིན་ཐང་མེད།
ལན། རིན་ཐང་མི་དམངས་དང་རྒྱལ་སྤྱིའི་ཚོང་རའི་ངོས་ནས་འཇོག་དགོས་པས། རིན་ཐང་གཞལ་མཁན་མེད་ན་དེ་ལ་རིན་ཐང་མེད་པ་ཡིན།
༥་་་ཤེས་ཡོན་ཅན་ལ་རིན་ཐང་མེད་པའི་སྤྱི་ཚོགས་ནང་དུ་གསར་གཏོད་ཡོང་མི་ཐུབ།
ལན། ཤེས་ཡོན་དེས་སྤྱི་ཚོགས་ཀྱི་འདོད་པ་སྐོང་མི་ཐུབ་ན་དེ་སྤྱི་ཚོགས་ཀྱི་གད་སྙིགས་ཡིན། སྤྱི་ཚོགས་ཀྱི་ཕན་བདེ་སྤྱི་ཚོགས་ཀྱི་འདོད་པ་སྐོང་ཐུབ་མིན་ཀྱིས་འཇོག་དགོས། མི་མང་ཀྱི་རེ་བ་དང་རྒྱབ་འགལལ་བྱེད་མཁན་མི་མང་གི་དགྲ་བོ་ཡིན། མི་མང་གི་ཕན་བདེ་ལ་གནོད་པའི་གསར་བཏོད་ནི་རྡུལ་ཕྲན་མཚོན་ཆ་དང་འདྲ། སྔོན་འགོག་བྱེད་དགོས།
༦་་་གསར་གཏོད་བྱེད་མི་ཐུབ་པའི་སྤྱི་ཚོགས་ནི་ག་དུས་ཡིན་ནའང་རྗེས་ལུས་ཡིན།
ལན། གསར་བཏོད་བྱེད་ཆེ་བའི་རྒྱལ་ཁབ་སུ་ཡིན་ཀྱང་ས་སྒང་འདིའི་སྲོག་གཅོད་ཀྱི་གཤེད་མ་དང་མཚུངས། འཁོར་ཡུག སྐྱེ་དངོས། མཁའ་དབུགས། སའི་གོ་ལའི་ཚེ་ཚད་ཀྱང་ཐུང་དུ་བཏང་བས་སོ། །༧ནང་གྲོས་ཤིག་བྱེད་ན། སྤྱི་ཚོགས་ཀྱི་སྒྲྱུར་བཅོས་གང་ཡིན་ཀྱང་དུས་དང་བསྟུན་དགོས། ད་ལྟ་བོད་མི་རྣམས་དུམ་བུར་འཐོར་བའི་སྐབས་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་ཡོངས་ཐབས་ལ་འབད་པ་སྐབས་བབས་ཀྱི་དོན་དག་གལ་ཆེན་ཞིག་ཡིན། དེ་ལ་ཆོས་ལུགས་དང་ཆོལ་ཁ། ཆོས་དད་ཡོད་མེད་ཀྱིས་རྩོད་པས་སྔར་ཡོད་པ་དེ་ཡང་དུམ་བུར་བགོས་ན་སྤྱི་ཚོགས་ལ་གཏོར་བཤིག་བཏང་བ་ལས་ཕན་བདེ་སྒྲུབ་པ་མིན། སྤྲང་པོ་ཟས་འཚོལ་གཉིས་ཀྱིས་ཟས་ཀྱི་བྲོ་བ་བརྩད་དེ་སྤྲང་ཟས་ཅུང་ཟད་ཡོད་པ་དེའང་ཐང་ལ་བོར་བ་དང་གཉིས་སུ་མེད། སྤྱི་ཚོགས་ལ་བསྒྱུར་བཅོས་དང་། སྤྲུལ་སྐུའི་ལམ་ལུགས་ལ་ལེགས་བཅོས་བྱུང་ན་ངའི་ཡང་འདོད་པ་ཡིན། དེ་ལ་བླ་མ་ཆེ་ཆུང་གིས་ཚད་འཛིན་པ་དང་། སྤྲུལ་སྐུ་ཟེར་ཚད་རྩིས་མེད་དུ་གཏོང་བ་ནི་དགག་པ་ཁྱབ་ཆེ་བའི་སྒེར་གཅོད་དང་། བརྙས་བཅོས་ཀྱི་རྣམ་པ་ཞིག་ཡིན་ས་དེ་ལ་ངོས་ལེན་ནམ་ཡང་དད་མི་སྲིད།
་་་་་ བཀའ་བརྒྱུད། ས་སྐྱ། དགེ་ལུགས་འབྱུང་རིམ་མཐུན་པར་ཡོད་ཀྱང་བོན་ལ་མེད། སྙིང་རྗེ། མཚམས་རེ་ལས་ངན་གདོན་གཟུགས་བསྟན་པ་ལ་ཡིད་ཆེས་བྱེད་པ་ཁྱེད་ཚོ་ལ་ཤ་ཚ་བཞིན་ཡོད། ང་ཚོ་ཤ་ཁྲག་རུས་རྒྱུན་གཅིག་ཡིན་ཀྱང་བོན་རྣམས་ལོག་ལམ་དུ་སོང་བ་བོད་ཀྱི་གྱོང་ཁ་ཞིག་རེད། ཕ་མགོ་བུས་གཡོགས། བུ་མགོས་བོན་གྱིས་གཡོགས་ཟེར་བ་དེ་རེད། ངོ་མ་བཤད་ན་ནང་ཆོས་རྫུན་བཟོ་བྱས་མེད་ན། ཁ་ཆེའི་ཨ་ལ་དག་ཞིང་དང་བོན་གྱི་གཤེན་རབ་ཡོལ་མོ་ལུང་རིང་གཉིས་འདྲ་བོ་འདུག་གདའ།། ་་་་་་་ཟེར།
དཔལ་གྱེས་དང་ཨ་ཕྱི་ཆོས་སྒྲོན། སྤོབས་མཐའ་དང་ཟླ་མེད། བན་དེ་དང་ཅོ་རི་ཉི་མ་ཁྱེད་ཚོ་དྲུག་ག་མཁྱེན་རྒྱ་ཆེ་ཐག་ཆོད་འདུག སྨྱུག་མིང་མ་འཛིན་པར། རང་མིང་འཁུར་ནས་ཁ་བརྡར་ཕེབས་ཐུབ་པ་ཡིན་ན། བོད་ཡིག་དང་བོད་སྐད། ཆོས་དང་རིག་གཞུང་གི་བགྲོ་གླེང་ལ་ཕན་ཐོགས་འདི་ལས་ཆེ་ཙམ་འོངས་ངེས་པར་འདུག་པས་་་་་་ འདི་ནི་ཁྱེད་རྣམས་ཀྱི་མཚན་དངོས་དང་སྨྱུག་མིང་ལ་རྨོངས་པའི་དྲ་གྲོགས་ཀརྡོའི་རེ་སྐུལ་ཙམ་མོ།།
བོད་ཀྱི་རྒྱལ་མཚན་མཆོག་ལ། བོད་ཀྱི་བརྡ་དག་གི་གཞུང་ལུགས་དེ་གང་ལ་བརྟེན་ནས་བྱུང་བ་དང་། བོད་ཀྱི་བརྡ་དག་གི་གཞུང་ལུགས་དེ་དག་ལས་བརྡ་དག་གི་དཔེ་ཆ་གང་དང་གང་གཙོ་ཆེ་བ་་ཡིན་ནམ། ཞེས་དྲི་བ་མཆིས་སོ།
ངས་བསམ་ན་སྤྲུལ་པའི་སྐུ་ཟེར་བ་བསམ་བཞིན་དུ་འགྲོ་བའི་དོན་ལ་ཕེབས་མཁན་ཞིག་ཡིན་ན་དེ་ལ་བླ་མ་ག་གེ་མོའི་ཡང་སྲིད་རེད་ཟེར་ནས་ངོས་འཛིན་དགོས་ཡ་མི་འདུག སོ་སོ་རང་ཉིད་རང་བཞིན་གྱིས་འབུར་དུ་ཐོན་ཡོང་གི་རེད། དཔེར་ན་རྒྱ་གར་གྱི་པན་གྲུབ་རྣམས་དང་། བོད་ཀྱི་ཆོས་ལུགས་སོ་སོའི་ཤིང་རྟ་རྣམས་ལ་གཟིགས་དང་སུ་གང་གིས་ངོས་འཛིན་པ་ཡོད་མ་རེད།
ཅོ་རི་ཉི་མས་སྤོབས་མཐའ་ལ་བསྟོད་ཁུལ་གྱིས་རང་ཉིད་ཡག་ཐག་ཆོད་བཀྱག་འདུག མི་རིག་པ་ཅན་ཟེར་ན་རེད། བསྡུས་གྲྭ་སྦྱང་མྱོང་མཁན་འདི་འདྲ་ས་མི་འདུག ཧཧཧ
ཁྱེད་རྣམ་པ་སུ་ཡིན་ཡང་བརྗོད་གཞི་དང་འབྲེལ་ཞིང་དོན་རྩ་རྡོག་ལ་འགྲིལ་བའི་གསུང་གླེང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་དུ་མི་གཅིག་གིས་སྤྲུལ་སྐུ་ཇེ་མང་ལ་འགྲོ་གི་ཟེར་བ་དེ་བདེན་པ་འདྲ་ཞིག་ཀྱང་འདུག ལྷག་པར་ཡང་ད་རྒྱ་དམར་གཞུང་གིས་སྤྲུལ་སྐུ་བཟོ་བསྐྲུན་བྱ་རྒྱུའི་མགོ་ཚུགས་ཚར་བ་རེད། བཟོ་བསྐྲུན་ཁང་མཐོ་ཤོས་གཞན་པ་དེས་ཀྱང་ཇེ་མང་དུ་མ་བཏང་ན་ཇེ་ཉུང་དུ་གཏང་མདོག་ཁ་བོ་མ་རེད། དེ་གཉིས་ཀྱིས་མཚམས་མ་བཞག་ན་དེའི་འོག་ན་བཟོ་གྲྭ་ཆུང་བ་བརྒྱ་སྟོང་མང་པོ་ཡོད་པ་རེད། དེ་ཚོས་མཚམས་འཇོག་ཤེས་གི་མ་རེད།
དེ་ཡིན་དུས་སྤྲུལ་སྐུའི་རྙོགས་དྲ་འདི་ཇེ་ཆེ་ཇེ་མང་ལ་འགྲོ་ས་རེད། སྤྲུལ་སྐུ་ལ་དད་པ་ཡོད་མཁན་ཚོས་དེ་ནས་མྱང་གི་རེད། སྡུག་ག་ལ།
གོང་དུ་མི་ཞིག་གིས་སྤྲུལ་སྐུ་ཁ་ཤས་ཡག་པོ་ཡོད་ཚུལ་བཤད་པ་དེ་བདེན་པ་རེད། ལྷག་པར་ཡང་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཡི་སློབ་ཚན་རིན་པོ་ཆེ་དེ་ཚོ་བརྒྱུད་ནས་ཡོང་མཁན་གྱི་སྤྲུལ་སྐུ་མང་ཆེ་བས་ཁོ་རང་ཚོ་མི་ཞིག་ཡིན་པ་ངོ་ཤེས་ཡོད་པ་རེད། དེ་ཚོའི་གྲས་ན་ཡག་པོ་ཡོད་པ་རེད། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་ཁར་སང་དེ་རིང་གི་སྤྲུལ་སྐུ་ལས་ངན་འདི་ཚོའི་མགོ་ཐོག་ལ་ནི་དམངས་གཙོ་བཅོས་བསྒྱུར་རིག་གནས་གསར་བརྗེ་ཟེར་བའི་བསྐལ་བ་རྫོགས་ལྡན་གྱི་དུས་བཟང་དེ་ཚོ་ལ་སྨོན་ལམ་བརྒྱབ་རུང་ཤར་རྒྱུ་ཡོད་ས་མ་རེད།
ཕྱི་ཡི་ལུས་པོ་དབང་སྒྱུར་བྱེད་མཁན་མི་དམངས་བཅིངས་གྲོལ་དམག་མི་རེད།
ནང་གི་སེམས་པ་དབང་སྒྱུར་བྱེད་མཁན་གནམ་བསྐོས་སྤྲུལ་སྐུ་ཆེན་མོ་རེད།
ལུས་སེམས་གཉིས་ཀ་དབང་འོག་ཤོར་བའི་བྲན་གཡོག་བོད་ཀྱི་འབངས་མི་ལ།
དམངས་གཙོའི་རང་དབང་ལོངས་སུ་སྤྱད་པའི་ཆ་རྐྱེན་ཚང་བ་གང་ཞིག་ཡོད།།
ཡག་པོ་འདུག
༤༨༽ ནེ་གི་རབ་དགའ་ལགས། གཞན་ལ་རྒས་པོ་ལབ་ནས། གཞན་ལ་གནོད་མིན་མི་ཤེས་ཀྱང་། རང་ཉིད་ཀྱི་གནོད་པར་ཐེ་ཚོམས་མེད། རྒན་ལ་དྭགས་པས་བྲིས་པའི་དགག་བཞག་སོགས་རང་ངོས་ན་སྐྱོན་མཐོང་ན་དགག་དགོས་པ་ལས། ལ་དགས་རྒས་པོ། དང་། སྭ་མ་ཡ་ཛ་ཛ། ཡིས། སུ་ལ་ཡང་ཕན་ཐོགས་མི་འདུག་པས་་་་་་་
རྣམ་པ་ཚོས་དྲང་པོ་གནང་བར་བཀའ་དྲིན་ཆེ་ཞུ། །
ནེ་གི་ཞེས་པའི་མིང་ཚིག་ལ་དཔྱད་ན། ཁུ་ནུ་སྟོད་སྨད་གང་རུང་ཞིག་ཏུ། རབ་དགའ་མཆོག་འཁྲུངས་པར་རྗེས་སུ་དཔགས། སྔ་དྲོ་ལས་བྱེད་པར་མ་འགྲོ་གོང་ནས་ཁྱེད་ཀྱིས་མ་རངས་པ་འགའ་ཞིག་གསུངས་པ་བདག་གིས་བཀླགས་ཀྱང་འབྲི་ཁོམ་མ་བྱུང་། བྱེད་ལས་ཀྱི་རྗེས་སུ་ངོ་ཤེས་འགའ་ཞིག་ཐུག་ཕྲད་ཏུ་དགོས་པ་སོགས་ཀྱིས་དགོངས་དྲོའི་ཆུ་ཚོད་བཅུ་དང་ཕྱེད་དཀའ་ཙམ་ལ་ནང་དུ་སླེབས། ངའི་ན་ཚོད་བོད་ལྟར་ན་བརྒྱད་ཅུ་གྱ་གཅིག་ཏུ་གསོན་ཀྱང་། ད་དུང་ལས་གཡོལ་དུ་མ་སོང་བར་བོད་རིག་གཞུང་ལ་ཞབས་ཏོག་འབུལ་ཐུབ་པ་དེ་བདག་གི་སྐལ་བ་མཆོག་ཏུ་གྱུར་པ་ཞིག་ཏུ་སེམས་པར་བྱེད།
“རྒྱ་གར་བྲམ་ཟེའི་གཡོ་སྒྱུ་སླར་བརྩམས་ནས།” ཞེས་པ་ལ་བརྟགས་ན། རྒྱ་གར་གྱི་རིག་གཞུང་ལ་ ནེ་གི་རབ་དགའ་ཁྱེད་ལ་མོས་པ་མེད་པ་ལྟ་བུ་ཞིག་ཏུ་མཐོང་། རྒྱ་གར་གྱི་རིག་གཞུང་ལ་མ་བརྟེན་ན། “དབྱངས་གསལ་སོ་བཞི།” ཞེས་པའི་དབྱངས་དང་གསལ་བྱེད། ཅེས་པའི་མིང་ཚིག་དག་ཀྱང་། དེ་འདྲ་མ་ཡིན་པར་གཞན་ཞིག་ཡིན་དགོས། འདི་ཉིད་ཁྱེད་ཀྱིས་གོ་མ་ཐུབ་ན། སྤྱིར་བཏང་སྐད་ཀྱི་འགྲོ་སྟངས་ལ་ཞིབ་ཏུ་སྦྱང་ན། གོ་ཐུབ་ངེས།
བདག་གིས་བོད་པ་རྣམས་སྐད་ཡིག་ཏུ་སྒྲིལ་བར་བསམས་ནས། དིང་སང་བོད་པ་རྣམས་ཀྱིས་རང་རང་སོ་སོའི་ལུང་སྐད་ཤར་ལྷོ་ནུབ་བྱང་སོགས་ཀྱི་ལུང་ཚན་སྐད་བཀོལ་བར་མཐོང་ནས། བོད་ཤར་ཕྱོགས་པ་དང་། ནུབ་ཕྱོགས་པ་ཞེས་རང་བཞིན་བརྗོད་པས། དབྱེན་སྦྱོར་བ་ཞིག་ཏུ་ག་ལ་འགྱུར། དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་པ་ཞིག་གིས་སྔར་གྱིས་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་སོ་སོ་ཀློག་པ་ན། ལུང་པ་འདི་དང་འདི་ཡིན་པ་ངོས་འཛིན་དཀའ་བ་དང་། དིང་སང་དེ་འདྲ་མ་ཡིན་པར་བཤད། དེར་མ་ཟད་ལོ་ངོ་བརྒྱད་བརྒྱ་ཙམ་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་གྱིས།
རིག་གཞུང་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
ཞེས་གསུངས། དེས་ན། རང་རེས་སྔོན་བྱོན་བོན་གྱི་མཁས་པ་རྣམས་དང་། བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་བོད་ཀྱི་མིང་ཚིག་གི་རྗེས་སུ་འབྲང་དགོས།
ལུང་རིགས་ཡང་དག་གིས་དགག་ལན་ལ་ཁོ་བོ་ཤིན་ཏུ་དགའ།
ཁྱེད་ཀྱི་མཆན་ན། བདག་གིས་མ་གོ་བའི་མིང་ཚིག་དང་། ཡི་གེ་དག་ཆ་ནོར་ཡོད་པ་ཡང་འགའ་ཞིག་མཐོང་། དེ་བཞིན་དུ་བདག་གི་མཆན་ན་ཡང་། ཁྱེད་ཀྱིས་མ་གོ་བ་དང་། ཡི་གེ་དག་ཆ་ནོར་བ་སོགས་ཡོད་པ་གདོན་མི་ཟ། འོན་ཀྱང་ཀུན་སློང་བཟང་པོའི་ངང་ནས་དེ་དག་བསྟན་ཐུབ་ན། རང་གཞན་གྱི་རིག་པ་འཕེལ་བ་ལ་ཕན།
བོད་ཀྱི་སྐད་ཡིག་འདི་ལ་སྲུང་སྐྱོབ་ཀྱི་ཀུན་སློང་བཟང་པོའམ། བློ་གཟུ་བོར་གནས་པའི་ལྷག་བསམ་ཡོད་ན། འདོན་པ་དགེ་སྐྱོར་གྱི་དོན་དག་ཚང་ཡོད་པ་ངས་ཡིད་ཆེས་བྱེད། ཅེས་སོ།
ལོ་ངོ་བརྒྱད་བརྒྱ་ཙམ་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་གྱིས།
རིག་གཞུང་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
དུས་བབ་ལས།
༸གོང་ས་མཆོག་གིས། ་་་་་ གང་ལྟར། ནཱ་ལེནྜའི་གཙུག་ལག་སློབ་གྲྭ་དེར་རྒྱ་གར་ནང་སྙན་གྲགས་ཡོད་པ་ཞིག་ཆགས་ཡོད་པ་རེད། དེ་ནས་མར་དར་ནས་ང་ཚོ་བོད་ལ་ཡོད་བསྡད་པ་འདི་རེད།
ང་ཚོ་བོད་པར་བོད་རང་ལ་སྔར་ནས་ཡོད་བསྡད་པའི་ཞང་ཞུང་བོན་ལུཊ་ཀྱི་རིག་གཞུང་ནང་ཡོད་བསྡད་པའི་ལེཊ་ཆ་དེ་འདྲ་ཡང་མཉམ་དུ་ཉམས་ལེན་བྱེད་བསྡད་པ་ཞིག་རེད་འདུག
ཧ་ལམ་འཛམ་གླིང་འདིའི་ཐོག་ཁུངས་ལྡན་དང་གཏིང་ཟབ་པོ། ད་ལྟའི་དུས་རབས་དང་འབྲེལ་བ་ཡོད་པའི་ལྟ་གྲུབ་རིག་གཞུང་ཞིག་ཆཊ་བསྡད་ཡོད། ་་་་་གསུངས་སོང་ཟེར།
ཚེ་འདིའི་མགོན་སྐྱབས་ལྟོ་གོས་གཏམ་གསུམ་གྱི་འབྱུང་གནས། །ཕྱི་མའི་ལམ་འདྲེན་རྣམ་གྲོལ་ཐར་བ་ཡི་ས་མཁན། །དམངས་ཀྱིས་བཀུར་བའི་དགེ་འདུན་འདུས་པ་ཡི་གཙུག་རྒྱན། །མཁྱེན་རབ་བསོད་ནམས་ལྡན་པའི་སྤྲུལ་སྐུ་རྣམས་བསྟོད་དོ། །
བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་ཞུ་བ་དེ་ག་དུས་བོད་ལ་ཕེབས་པ་རེད། ཧཧཧཧཧཧཧཧ། ཀརྡོ་གཉེར་པས་ཟེར། ཟེར། ཟེར། ཅེས་སྤེལ་རྒྱུ་ལས་རང་ཉིད་ཀྱིས་ཟུར་མཆན་དག་ལ་ནོར་སྐྱོན་མེད་པར་ཡོང་བཟོ་མི་འདུག།
༤༤༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་པ་ཞིག་གིས་སྔར་གྱིས་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་སོ་སོ་ཀློག་པ་ན། ལུང་པ་འདི་དང་འདི་ཡིན་པ་ངོས་འཛིན་དཀའ་བ་དང་། དིང་སང་དེ་འདྲ་མ་ཡིན་པར་བཤད། དེར་མ་ཟད་ལོ་ངོ་བརྒྱད་བརྒྱ་ཙམ་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་གྱིས།
རིག་གཞུང་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
ཞེས་གསུངས། དེས་ན། རང་རེས་སྔོན་བྱོན་བོན་གྱི་མཁས་པ་རྣམས་དང་། བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་བོད་ཀྱི་མིང་ཚིག་གི་རྗེས་སུ་འབྲང་དགོས། ་་་་་་་་་་་་་་་་་་་ཟེར་བ་འདི་ལ་ལྟོས་དང་།
དྲ་གྲོགས་༤༨༽རོང་བཙན་ཁ་བ་དཀར་པོ་ལགས།
རོང་བཙན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ གི་ཆུ་ཚོད་ ༡༠ སྐར་མ་ ༠༥
བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་ཞུ་བ་དེ་ག་དུས་བོད་ལ་ཕེབས་པ་རེད། ཧཧཧཧཧཧཧཧ། ཀརྡོ་གཉེར་པས་ཟེར། ཟེར། ཟེར། ཅེས་སྤེལ་རྒྱུ་ལས་རང་ཉིད་ཀྱིས་ཟུར་མཆན་དག་ལ་ནོར་སྐྱོན་མེད་པར་ཡོང་བཟོ་མི་འདུག།
བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་ཞུ་བ་དེ། སྤྱི་ལོ་༡༡༨༢ ནས་༡༢༥༡ བར་དུ། བོད་དེ་ས་སྟེང་འདིར་བྱོན་ཏོ།
རྒན་ལ་དྭགས་བློ་འཇམ་ལགས་དང་ཀརྡོ་ལགས་རྣམ་གཉིས་ཀྱི་གསུངས་བབ་ལ་གཞིགས་ན་ས་པཎ་ཀུན་དགའ་རྒྱལ་མཚན་སྐོར་ཡིན་པ་འདྲ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལགས་ཀྱི་མཚན་གྱི་རྣམ་གྲངས་སུ་ས་སྐྱ་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་ཞུས་བ་ཞིག་ངས་མཇལ་མྱོང་མེད། གལ་སྲིད་དེ་འདྲ་ཞིག་ཡོད་ན་དེ་ནི་ངར་བློ་དགྱེས་ཡིན། དེ་འདྲ་ཞིག་ས་པཎ་གྱི་མཛད་རྣམ་གང་དུ་གསལ་ཡོད་དམ་གསུང་རོགས་ཞུ་རྒྱུ་ཡིན།
རོང་བཙན་མཆོག་ལ་དགོངས་དག་ཞུ་བ་ལས་གཞན་ཅི་ཡོད། འོན་ཀྱང་ས་པཎ་ཀུན་དགའ་རྒྱལ་མཚན་ལ་ས་པཎ་ཆོས་ཀྱི་རྒྱལ་མཚན་ཞུར་ཐལ་བ་དེ་གཅིག་ན་བོད་ལ་ཆོས་ཀྱི་རྒྱལ་མཚན་འཛུགས་པའི་རྟེན་འབྲེལ་ཞིག་ཡིན་ཤས་ཆེའོ།
ས་པཎ་གྱིས།
རིག་གཞུང་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
ཡང་ཁོང་གིས།
སྲིག་ཆག་འགྲོག་མ་མིག་མེད་ཀྱང་། །
མིག་ལྡན་གཞན་ལས་ལྷག་པར་མགྱོགས། །
གསུངས་པ་ལ། ཕྱིས་སུ་གོ་བོ་རབ་འབྱམས་པས།
ས་སྐྱ་པཎ་ཆེན་མཐོང་རྒྱ་ཆེ། །
རྟ་ལས་འགྲོག་མ་མགྱོགས་པར་མཐོང་། །ཞེས་པའི་ཚིག་སྐྱག་འཕེན། ཧཧཧ།
རྒན་ལ་དྭགས་བློ་འཇམ་ལགས་ཀྱིས་ནོར་འགྱོད་མཛད་པར་དགའ་ནི་ཡོད། དེས་རང་སྐྱོན་ཕྲ་མོ་ཙམ་ལ་ཡང་ངེས་ལེན་ཐུབ་པས་སྐུ་ཉིད་ཀྱི་རང་གཤིས་དེ་མཐོང་སོང་། ཀརྡོ་འདི་དེ་འདྲ་མ་རེད། ཁོང་གིས་བོད་ལ་ཆོས་ཀྱི་རྒྱལ་མཚན་བཙུགས་པ་རེད། ཀུ་རེ་ཚུལ་གྱི་ཡིན།
དྲ་གྲོགས་བོད་ཀྱི་རྒྱལ་མཚན་དང་། །
ཆོས་ཀྱི་རྒྱལ་མཚན་ལེགས་པར་བཙུགས། །