ཚེ་བརྟན་འགྱུར་མེད།
༈ ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སང་ཞོག་པ་ཆོུད་ ༡༠ ཙམ་ལ་ང་རང་ནམ་རྒྱུན་ལྟར་ཞོག་ཇ་ཞིག་གྲ་སྒྲིག་ཏུ་ཡིད་འཐད་པའི་སྐབས་ཁོག་བྲང་ཕྲན་ཙམ་རྒྱས་ངལ་མཉམ་ཡིད་བསམ་གཉིས་ཀྱང་ངལ་དུབ་དུ་འཁོལ་ལགས། གོང་ཞུས་བྲང་རྒྱས་ངལ་མཉམ་ཡིད་བསམ་གཉིས་ཀྱང་ངལ་དུབ་ཀྱི་བྱུང་རྐྱེན་གང་ཡིན་ཞིབ་སྐབས་གནད་དེ་རང་རེ་གཞིས་བྱེས་བོད་མིའི་ཡིད་ལ་བརྣག་པའི་འདོད་དོན་ཁ་བ་གངས་ཅན་ལྗོངས་སུ་མཉམ་འཛོམས་ཐད་རང་རེའི་སྤྱི་ཚོགས་ནང་དོ་འཁུར་དབེན་པའི་ཐབས་སྐྱོ་དང་བྱ་བྲལ་གྱི་རང་བཞིན་ཞིག་མཐོང་བཞིན་པ་དེ་ཡིན་འདུག
དུས་ཚོད་གང་འཚམས་རྗེས་སོ་སོའི་ལྟོ་གོས་སླད་ལས་ཀར་འགྲོ་ལམ་དུ་དོ་འཁུར་དབེན་པའི་ཐབས་སྐྱོ་དང་བྱ་བྲལ་གྱི་རང་བཞིན་དེར་བསམ་ཞིབ་སྐབས་ཆུ་དཀྲོག་སྟེ་མར་ཐོན་རེའི་བསམ་པ་འཕར་བཞག་རང་རེའི་བདེན་དོན་ལ་ཡང་རེ་བསམ་ཞན་སྐྱོིན་ནམ་སྤྱི་བསམ་སྐྱོ་བའི་རྟགས་ཤིག་སྤྱི་སྒེར་གཉིས་ཕྱོགས་སུ་ལྷགས། དེ་ཡང་རྒྱུ་རྐྱེན་དུ་དོན་ངེས་ཞན་གནས་སམ་དོགས་གནས། སྒེར་སྤྱི་སེམས་དབེན་མཉམ་སྤྱི་ཚོགས་དང་དེའི་འགན་པོས་གཞན་ལ་དགེ་སྐུལ་དཀོན་གནད་དམ་གལ་པོ་ཆེ་ལ་ནན་གཏན་ཉུང་སྐྱོན་སོགས་གནས་དོན་མི་ཉུང་ཙམ་ཞིག་ལས་གྱར་གནས། སྒེར་དེ་ཡང་ཚང་མ་སྤྱི་སེམས་དབེན་བ་ཞིག་ག་ལ་ཡིན། ང་རང་གིས་ཤེས་ཚོར་ཡོད་པའི་བོད་རིགས་མི་དཀྱུས་མ་བསྟན་པ་འཇམ་དབྱངས་ལགས་ཞུ་བ་ཞིག་ནས་ཨ་རི་སེན་ཕ་རན་སིས་ཁོ་རྒྱ་གཞུང་ལས་ཁུངས་ (Chinese Consulate, San Francisco ) མདུན་རོགས་ཡོད་མིན་མ་ལྟོས་པར་བོད་ཀྱི་དར་ཆ་སོགས་འཆར་ནས་རྒྱ་ལ་ངོ་རྒོིལ་ཞུས་བཞིན་པ་ད་ལྟའང་ཡོད་ཆེ་རེ། དེ་བཞིན་ཨ་རི་བྷོས་ཊོན་ཧར་ཝཊ་སློབ་གཉེར་ཁང་དང་ཉེ་འགྲམ་ས་དབུས་སུ་(Harvad Square) ཕྱི་ལོ་ ༢༠༠༨ ཀྱི་བོད་ཆོལ་གསུམ་མི་དམངས་ནས་རྒྱའི་དབང་བསྒྱུར་ལ་ངོ་རྒོལ་ཞུས་པའི་དཔའ་འཛངས་ལ་གདུང་སེམས་མཉམ་སྐྱེད་ཆེད་གཟའ་ལྷག་པ་ལྷག་དཀར་ཉིན་ས་གནས་བོད་མིས་སྐད་འབོད་ངོ་རྒོལ་སྤེལ་བ་དུས་ད་ལྟའང་རང་དོན་རང་གཅེས་ཀྱིས་མུ་མཐུད་འགྲོ་མུས་སུ་ཡོད། དེ་མིན་གྱི་ངོ་རྒོལ་བ་བསྟན་འཛིན་བརྩོན་གྲུས་ལགས་སོགས་བོད་མི་གནས་ཡུལ་འདྲ་མིན་ནང་རྗེ་མི་ལ་རས་པ་མཆོག་གིས་བཀའ་སྟོན་བཞིན་སྒེར་སོ་སོའི་ལྟོ་གོས་ལ་གྱོང་གཏོང་མཁན་བཙན་བྱོལ་བོད་མིའི་མི་འབོར་ལ་ཞིག་ན་ཉུང་ཆེ་ཡང་མེད་པ་མིན་པ་མ་ཚད་མང་དུ་འོང་རྒྱུའི་གཞི་རྩ་ཡང་ཆེར་མངོན་ལགས།
གོང་དུ་བྷོས་ཊོན་ལྷག་དཀར་སྐད་འབོད་སྐོར་ཡིག་ལྟར་རེ་གཉིས་ཤིག་འདྲི་འདོད་ནི། ས་གནས་མི་དམངས་ནས་ལོ་ཤས་རིང་མཉམ་བཞུགས་གང་མང་ཡོད་ཀྱང་ཉི་མ་རིང་དུ་རིང་དུ་འགྲོ་སྐབས་མི་ཉུང་ནས་ཉུང་དུ་ཕྱིན་ནས་མཐར་འགའ་ཤས་ལས་མེད། དེ་རྣམས་ཀྱང་མང་པ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་འབྲེལ་བ། དེ་འདྲའི་ས་གནས་གནད་ཡོད་ཅིག་དུ་ཞུ་བྱའི་ལས་དོན་རང་རེའི་བདེ་སྐྱིད་ཀྱི་རྩ་དོན་ཞིག་ལ་དོ་འཁུར་ཞན་སྐྱོན་ལ་བསམ་ཞིབ་སྐབས་དང་ཐོག་ཏུ་བོད་བཙན་སློབ་ཕྲུག་ཚོགས་པ་དང་འབྲེལ་བའི་ཚོགས་མིའི་མཉམ་སྐད་དར་ནང་བོད་བཅིངས་དཀྲོང་གཏོང་ངམ་བོད་རང་བཙན་གཙང་མ་(Free Tibet) སོགས་བརྒྱན་པའི་འབོད་སྐད་དང་དར་ཡིག་དག་དབུ་མའི་ལམ་དང་འགལ་བའི་བསམ་སྦྱོར་ལས་བྱུང་མིན་ནམ་བསམས། ལྷག་ཏུ་རང་དོན་ལས་ཀར་འབད་ནས་སྤྱི་དོན་ལྷག་དཀར་སྐད་འབོད་ལ་ཡོང་མ་ཐུབ་གདའ་སྙམ་ཀྱང་། སྔར་ལོའི་ལོ་འཇུག་ཙམ་ནས་ས་གནས་སུ་དེང་སྐབས་ཀྱི་ལྷ་དཀར་སྒོར་གཞས་མགོ་བཙུགས་ནས་ཕེབས་མི་ཀྱང་ལྷ་དཀར་སྐད་འབོད་དུ་ཕེབས་མཁན་ལས་མང་བ་ཡོད་གནས་གོ་སྐབས་གོང་ཞུས་རྒྱུ་མཚན་གཉིས་ནས་ལས་ལ་འབད་ནས་དུས་ཚོད་མེད་གནས་དེ་ངས་བསམ་ནོར་ཡིན་འདུག་པས་ཧ་ལས་ཧང་སངས་སོང་། སྒོར་གཞས་ལས་རང་རེའི་རིག་གཞུང་དུ་ཕྲན་བུའི་ཕན་ཡོད་སྲིད་ཀྱང་རྩ་བ་རང་རེའི་ཕ་ཡུལ་བོད་དེ་རྒྱ་དམར་གྱིས་བཙན་འོག་ནས་བཅིངས་བཀྲོལ་གཏོང་ཐུབ་པའམ། ཡང་ན་བོད་དང་བོད་མིར་འགྲོ་བ་མིའི་ཐོབ་ཐང་གི་བདེ་སྐྱིད་དུ་སྤྱོད་རྒྱུ་བྱུང་ན་དེ་ལས་གཞན་པའི་ཡལ་ག་དང་། ཡལ་གའི་ཡལ་ག ལོ་མ་ཁག་རང་བཞིན་ལས་ཀྱི་འཁོར་ཡོང་ངེས། རྩ་བ་བརྗེད་པའམ་རུལ་ན་ག་ལེར་ག་ལེར་ཡན་ལག་མེད་བ་གྱུར་རྒྱུ་ཡིན་གནས་ཞུ་ཐལ་ན་དགོངས་འགལ་མེད་པའི་མཉམ་གང་ལྕོག་ཅིག་ལྕོག་མིན་པར་ཡིད་ཟབ་ལས་གོ་སྐབས་ནམ་རག་ལོངས་སུ་སྤྱད་ཏེ་རྩ་བ་བཟང་བས་ཡལ་འདབ་རྒྱས་ཐབས་སུ་འབད་དུ་གསོལ། བོད་ནང་གི་དཀའ་སྡུག་སྐོར་འཛམ་གླིང་ནང་གསལ་འགྲེལ་ལས་བཅོས་ཐབས་རེ་སྐུལ་སྐབས་སྐབས་བབ་ཀྱི་དཀའ་གནད་ཁེ་རུང་མིན་པར་དེ་ཡོངས་ཀྱི་འབྱུང་རྩ་བོད་ལ་རྒྱའི་དབང་བསྒྱུར་དེ་མ་བརྗེད་པའམ་ལོགས་སུ་མ་བཞག་པར་མཉམ་རྩོད་བྱུང་ན་སྡུག་བསྔལ་རྩ་ཆད་ཀྱིས་ནུས་ཕན་རླབས་མི་ཆེའམ།།
གོང་གི་ཚིགས་བཅད་གཉིས་པ་སྟར་གསུམ་པའི་ནང་རང་རེའི་བདེ་དོན་དུ་བསམ་བརྩོན་སྐྱོ་གནས་ཀྱི་རྒྱུ་རྐྱེན་དུ་དོན་ངེས་ཞན་གནས་སམ་དོགས་གནས་སུ་བཅད་སྐྱོན་ཐད། བོད་མི་མང་པོ་ཞིག་དང་ལྷག་དོན་དུ་ལམ་དབུ་མར་དད་བརྟན་ཚོས་རྒྱ་ལ་ངོ་བརྒོལ་གྱིས་སྐད་འབོད་ཞུས་ན་ལམ་དབུ་མའི་དགོངས་དོན་དང་འགལ་བའི་དགོངས་ཚུལ་ཞིག་མེད་དམ་སྙམ། ཡིན་ཀྱང་དམངས་གཙོའི་ལམ་ལུགས་ནང་བསམ་ཚུལ་འདྲ་མིན་ཡོང་མཆོག་པའི་བཀའ་བཞེས་ཕེབས་ཡོད། བོད་རྒྱ་གཉིས་སྨན་དབུ་མའི་ལམ་ཡིན་པ་རྒྱ་མིར་གོ་ཤེས་ཡོད་ཀྱང་ད་དུང་བོད་དང་བོད་མིར་མནར་སྤྱོད་དྲག་པོ་གཏོང་དགོས་དོན་གང་གིས། བཙན་བྱོལ་བོད་གཞུང་ནས་རྒྱ་ལ་ངོ་བརྒོལ་ཞུ་ཡི་མེད་སྟབས་རྡ་སར་གསུམ་བཅུའི་དུས་དྲན་གྱིས་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་རྒྱ་ལ་ངོ་བརྒོལ་ཁྲོམ་སྐོར་དག་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཞུ་བཞིན་དུ་ད་དུང་ཡང་རྒྱའི་དོགས་པ་བསལ་མེད། དེར་སོང་རྒྱའི་མིག་གིས་མཐོང་། རྣ་བས་གོ་བའི་འབོད་སྒྲ་ཤིག་མ་རྒྱབ་ན་བོད་མིར་དཔའ་ནུས་མེད་པ་ཆ་འཛིན་ལས་སྡིག་པ་མིག་རྩུམ་གྱིས་ཡ་མེད་རྡོག་རོལ་དུ་བཏང་དང་གཏོང་རྒྱུ་ཡིན་ངེས། དེ་ན་དབུ་ལམ་ལ་རྒྱ་ཕྱོགས་ནས་བྱ་ལམ་དགོས་པའི་འབོད་སྒྲ་ཞིག་མ་རྒྱབ་ན་བོད་རང་བཙན་དགོས་ཅེས་བདེན་སྐད་རྒྱབ་པ་ལས་སྡུག་ཆེ། བྱ་ཡང་མིན་ཙི་ཙི་ཡང་མིན་པའི་བྱ་མ་བྱིའམ་ཕ་ཝང་ཞིག་ཏུ་གྱུར་བ་ཡིད་ལ་མི་ཚོར་རམ། བོད་ལ་རང་བཙན་ཞིག་རྒྱ་མིར་སྤྲོད་འདོད་མེད། ཡིན་ཀྱང་བོད་མི་ཚང་མར་དགོས་རྒྱུ་ཞིག་ཡིན་ངེས། རྒྱ་ལ་འདོད་མེད་དང་བོད་མིར་འདོད་དགོས་གཉིས་ཀྱི་དབུས།་དཀྱིལ་ལམ་བར་དེ་གཉིས་ཕྱོགས་སུ་མི་འདོད་བཞིན་དུ་འདོད་ཐབས་མིན་འདུག་གམ། དེར་སོང་རང་བཙན་ལ་ཕྱོགས་ན་དབུ་མའི་ལམ་དུ་ཤུགས་ཀྱི་ཕྱོགས་པས་དེང་སང་གི་བྱ་དང་བྱིའུ་གཉིས་སུ་ངོ་འཕྲོད་པའི་བྱ་མ་བྱི། ཕ་ཝང་གི་ཡོན་ཏན་དེ་རེད་མི་གདའ། བདེན་གདའ་ན་རང་བཙན་གྱི་འབོད་སྒྲ་འུར་རྡིར་ནས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ན་འཕང་སྤྱོད་ཤོག གཏམ་དྲིས་ནས་མ་བཤད་སྐོར་ནས་ཤེས་པའི་འདོད་ཡོན་ལ་དཔྱད་དུ་འཚལ།།
དེ་བཞིན་གོང་གི་ཚིགས་བཅད་གཉིས་པ་སྟར་གསུམ་པའི་ནང། སྒེར་སྤྱི་སེམས་དབེན་མཉམ་སྤྱི་ཚོགས་དང་དེའི་འགན་པོས་གཞན་ལ་དགེ་སྐུལ་དཀོན་གནད་དམ་གལ་པོ་ཆེ་ལ་ནན་གཏན་ཉུང་སྐྱོན་སོགས་གནས་དོན་མི་ཉུང་ཙམ་ཞིག་ལས་ཀྱང་གྱར་གནས་ཞུས་ཡོད། སྤྱི་ཚོགས་ཀྱི་འགན་པོ་དེ་གཙོ་ཆེར་སྐྱབས་བཅོལ་གཞུང་དང་གཞུང་འབྲེལ་ལས་ཁུངས་ཁག དེ་བཞིན་སྤྱི་ཚོགས་ནང་ངོས་ལེན་འཕེལ་པའི་ཚོགས་སྡེ། དགོས་མེད་ཀྱི་གཏམ་གླེང་མང་པོ་གནང་མཁན་གྱི་ཆོས་སྲིད་ཀྱི་ཚོགས་སྡེའི་མིང་ལེན་ཁག་ཡིན། མི་མང་ན་རོ་མང་ཞེས་རོ་དེ་ཕན་མེད་ཅིག་ཏུ་ང་རེས་དོན་བཅད་ནས་ཐབ་ཆུང་མེ་ཚ་བའི་ཚོགས་པ། བོད་ཀྱི་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་(ICT) བོད་ཀྱི་བུད་མེད་ཚོགས་པ་སོགས་གྲངས་ཉུང་འགས་བོད་ཀྱི་བདེན་རྩོད་ཞུ་བ་ལས་དེ་མིན་གོ་རྒྱུ་མཐོང་རྒྱུ་མིན་འདུག རང་གནས་ཨ་རིར་ཆ་བཞག་ན་ལོ་ལྟར་རམ་ལོ་ངེས་ཅན་ནང་བོད་རིགས་སྤྱི་མཐུན་ཚོགས་པའི་འཚོགས་འཛོམས་སྐབས་བོད་མིའི་བདེ་དོན་རང་བཙན་ནམ་ལམ་དབུས་མའི་འཐབ་རྩོད་ཀྱི་ལས་འགུལ་རྒྱ་ཆེ་གནད་འཁེལ་སྤེལ་དུ་ཆར་འདོད་བྱིའུ་ལྟར་ངང་འགུག་ཏུ་ཡོད་ཀྱང་རེ་བསམ་བྲལ་བ་ཞིག་ཨེ་ཡིན་སྙམ་འདུག གནས་འགྲེལ་པ་རང་ཉིད་ཀྱི་བདེ་དོན་བོད་ལ་སྐྱིད་པའི་ཉི་མ་ཤར་སླད་ཀྱིས་ལས་འགུལ་ཆེད་དུས་ཚོད་ནམ་ཐོབ་ཏུ་དགའ་འབད་ཀྱང་སྒེར་གཅིག་པོས་སྤེལ་གནས་ཕལ་ཆེར་མེད། དེ་འདྲའི་སེམས་འགུལ་བ་ཆེར་མང་ངེས་པའི་མཉམ་ཤུགས་ཀྱི་ལས་དོན་སྤེལ་ཐབས་སུ་འགན་སྐུལ་སྣེ་འཁྲིད་མང་ཙམ་དགོས་གལ་མཐོང་། དམའ་མཐར་ཡང་བོད་མིའི་འཐབ་རྩོད་ཀྱི་རེ་འགུལ་ཕྱིས་ཀྱི་ཕལ་ཆེར་ཁེ་རུང་། གསུམ་བཅུའི་དུས་དྲན་བཞིན་ལོ་གསུམ་ཐོག་ཙམ་དུ་གནས་ཡུལ་སོ་སོའི་རྒྱལ་ས་དཔེ་ན་ཝ་ཤིན་ཊོན་ལྟ་བུར་འདུ་འཛོམས་ཐུབ་ན་བོད་མི་མང་པོའི་དཔུང་འཚོགས་ཀྱི་དགེ་ཕན། ས་གནས་གནད་ཡོད་ཀྱི་དགེ་ཕན། བོད་མི་མང་པོ་ཞིག་འདུ་འཛོམས་ལས་སྤྱི་སེམས་སྤྲོ་སྤེལ་གྱི་དགེ་ཕན་སོགས་དམིགས་བསལ་ཕན་རླབས་དུ་མ་ཞིག་ཀྱང་མངོན་ལགས་པའི་གཞུང་འབྲེལ་དང་། དེ་མིན་སྤྱི་ཚོགས་སྡེ་ཁག ཆོས་ལུགས་དང་སྐྱིད་སྡུག དེ་མིན་སྒེར་བསམ་མཐུན་དགའ་རོགས་དང་སྒེར་དོ་དག་སུ་རུང་ནས་འབད་ཐབས་ལས་མཐར་རང་བཙན་པ་དང་དབུ་ལམ་པ། དེ་གཉིས་ལས་བར་མ་ཞིག་ཡོད་ན་དེ་བཅས་པའི་ཁུངས་དང་ཁུངས་མིན། བོད་ཤ་རྩ་གདོང་དམར་བའི་རིགས་སུ་ལ་རྒྱ་ཡོད་ན་བོད་མི་ཡོངས་ཀྱི་བསམ་དོན་བོད་ལ་སྐྱིད་པའི་ཉི་མ་ཤར་ཐབས་སམ་བོད་མིའི་བསམ་སྤྱོད་སྒོམ་གསུམ་བོད་མིར་དབང་ཆེད་དུ་ལེ་ལོ་སྒྱིད་ལུག་བོར་ནས་བརྩོན་པའི་ཆུ་རྒྱུན་དུ་གཞོལ་བའི་དགའ་སྨོན་ཞུ།།
སླར་ནན་གཏན་དུ་སྐྱབས་བཅོལ་བོད་མི་ང་ཚོ་༧གོང་ན་མཆོག་གི་དབུ་འཁྲིད་པའི་གཞུང་གི་ཀྲིང་མོག་གིས་མ་དྲོས་པ་ཞིག་ཆེར་དཀོན།༧ཁོང་ནི་ཕྱི་ལོ་༦༠སོགས་ནས་སྐྱབས་བཅོལ་ཚོགས་སྡེ་ཁག་ནང་ཚར་ལོངས་བྱུང་བའི་ཐུགས་དབྱིངས་སུ་བཅངས་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་སུ་ཟས་བཅུད་སྐྱོ་ནས་ལྟོ་ཆགས་ཐེབས་པའི་ཐུགས་སྐྱོ་སྣང་ཞིག་དུས་ད་ལྟའམ་མི་ལོ་སུམ་ཅུ་བཞི་བཅུའི་རྗེས་སུ་ཡང་བཀའ་ཕེབས་བཞིན་འདུགདེ་ན་སོན་རྩ་ང་ཚོས་བོད་ཀྱི་བདེ་དོན་སླད་༧ཁོང་གི་ཐུགས་དགོངས་སྒྲུབ་ཕྱིར་འབད་དཔུང་མ་ཞུས་ན་ལས་འབྲས་སུ་མ་འགྲོ་མ་ཚད་ཕྱིས་འབྱུང་གི་སོན་རྩ་རྣམས་སུའང་དམིགས་དཔེ་བཟང་པོ་ཞིག་འཇོག་ཐབས་ག་ནས་ཡོང་།ཡར་མཐོན་ཅན་གྱི་མི་རིགས་ཚོས་བོད་པ་ཟེར་དུས་རྒྱལ་ཞན་མེད་པའི་མི་རིགས་མཐའ་ཞན།མཐོང་ཆུང་ཆ་མོད་ཀྱི་ཡུལ་ཤིག་ཏུའང་མ་གྱུར་བའི་གནས་ཀྱང་ཡོང་མི་སྲིད་མིན་སྟབས་ད་ལྟ་ཕྱི་རང་ཆགས་མེད་ན་དེ་དོན་རང་དོན་རང་གཅེས་ཀྱི་བོད་མི་ང་ཚོའི་བདེ་དོན་ལ་གང་ཐུབ་ཅི་ཐུབ་མིན་པར་དུས་ཚོད་ནམ་ཐོབ་ཏུ་འབད་བརྩོན་ལྷག་ཏུ་གསོལ།།།།