ཟླ་བ་དབང་ཕྱུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་མང་གཙོའི་ཀ་བ་གསུམ་གྱི་གཙོ་བོ་ཆགས་ཀྱིན་ཡོད། སྤྱི་འཐུས་ཀྱི་ཐག་གཅོད་མེད་པར་བཀའ་ཤག་གིས་ལས་དོན་བསྒྲུབ་ཐབས་དཀའ་བ་དང་། སྤྱི་འཐུས་ཀྱི་བཀའ་འཁྲོལ་མེད་པར་འཛིན་སྐྱོང་གི་འགྲོ་སོང་གཏོང་ཐབས་མེད། དེའི་ཕྱིར། མང་གཙོའི་ཀ་བ་གསུམ་ལས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་འགན་དབང་གཉིས་ཀྱི་གོང་བུ་ཆགས་ཡོད།
མི་མང་ནང་སྤྱི་འཐུས་ལ་བཟང་ངན་གཉིས་ཀྱི་ལྟ་སྟངས་ཡོད་ལ། བཟང་ངན་གཉིས་ཀྱི་གླེང་སློང་ཡོད། འོན་ཀྱང་། མཁས་དབང་ཟམ་གདོང་བའི་ཁ་གཡང་བཏོན་པ་ལྟར་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བ་ནི་བཟང་པོའི་རྩེ་མོར་སོན་པའི་གྲུབ་ཆ་ཞིག་ཡིན་པར་བརྗོད་ཡོད་ལ། ཁོང་གིས་གསུང་བ་དེ་ལུང་བསྟན་དུ་བབ་མིན་གང་ལྟར་ཡང་། ད་ལྟའི་ཆར་སྐབས་བཅོ་ལྔ་བའི་སྤྱི་འཐུས་དག་ལ་བཟང་ངན་གཉིས་ཀྱི་གླེང་སློང་ཁྲོད་བཟང་ཕྱོགས་ཀྱི་གྲགས་འགུལ་ཆེ་ཙམ་ཡོད།
ཟླ་བ་བདུན་ཙམ་ལས་ནར་མ་སོན་པའི་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་གླེང་རྙོག་དང་པོ་ནི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རྒྱ་གར་གྲོང་ཁྱེར་པུ་ན་ནས་ཆང་འཐུང་བའི་གནས་ཚུལ་དེ་ཡིན་མོད། བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ནི་དེ་ནས་བཟུང་ཀརྨ་ཆོས་འཕེལ་ལགས་ཀྱིས་ནང་སྒོའི་ཕྱི་ཕྱོགས་སུ་ཐོན་ཚེ་ཆང་མི་འཐུང་བའི་དམ་བཅའ་བྱས་ཡོད་ཚོད་འདུག སློབ་སྦྱོང་དང་། ཉམས་མྱོང་གང་ཕྱོགས་ནས་ཧ་ཅང་བཟང་པོའི་མི་ཞིག་ཆང་གི་ར་བ་ལས་ཐར་ཏེ་བཟང་ཕྱོགས་ཀྱི་ལམ་དུ་ཕྱིན་པ་འདི་ཡང་རྐྱེན་ངན་ལ་བརྟེན་ནས་གྲོགས་བཟང་གི་ཉི་མ་ཤར་བ་ཞིག་ཡིན།
ཉེ་ལམ་སྤྱི་འཐུས་ཚོས་སྣེ་ཁྲིད་འོག་ལྡི་ལིར་ལས་འགུལ་སྤེལ་སྐབས་སུ་སྤྱི་འཐུས་རེ་ཟུང་ཞིག་གིས་ལས་འགུལ་སྤེལ་སའི་ཉེ་ཕྱོགས་ཤིག་ནས་ཆང་འཐུང་བའི་གནས་ཚུལ་སྐྱུག་བྲོ་བོ་ཞིག་འཕྲེད་དར་འཐེན་མཁན་གྱི་ལས་མི་རེ་ཟུང་ནས་མཐོང་ཡོད་ཚོད་འདུག་མོད། རྗེས་ཕྱོགས་གནས་ཚུལ་འདི་རིགས་བྱུང་སྐབས་ང་ཚོ་མི་རེ་ངོ་རེ་ནས་དམར་དམར་རྗེན་རྗེན་གྱིས་འཛིངས་རེས་བྱེད་མ་ཆོག་པ་མིན་པས་སྤྱི་འཐུས་ཚོས་ཀྱང་ཡིད་གཟབ་གནང་བའི་ཡིད་ཆེས་ཡོད།
སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནི་བོད་མི་མང་གི་སྤྱི་འཐུས་ཚོས་མགོ་བོ་བཏེགས་ནས་བལྟ་ས་ཡིན་པས། ཁོང་གཉིས་ལ་བཟང་སྤྱོད་དང་སློབ་སྦྱོང་གང་ཕྱོགས་ནས་འབུར་ཏུ་ཐོན་པའི་ཁྱད་ཆོས་རེ་དགོས་པ་སྨྲོས་མེད་དང་། ད་ལྟའི་ཆར་ཚོགས་གཙོ་རྣམ་པ་གཉིས་ཆར་སྐྱོན་འཛུགས་ཆེན་པོ་བྱེད་སའི་གླེང་ཉེས་བྱུང་མེད་ལ། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་སྟངས་འཛིན་བྱེད་སྟངས་དང་། གཏམ་བཤད་གནང་ཕྱོགས་མང་པོ་ཞིག་ཚད་ལྡན་ལྟ་བུར་མི་མང་གིས་བསྔགས་བརྗོད་བྱས་ཡོད། ཡིན་ནའང་། ཚོགས་གཙོ་མཆོག་གཞུང་འབྲེལ་གྱིས་ཕྱི་རྒྱལ་དུ་ཕེབས་སྐབས་དེ་རིང་གཞུང་དོན་ཚར་ན་སང་ཉིན་ལོག་མ་ཡོང་བར་གྲོགས་པོ་ནང་ཚགས་དང་། ངོ་ཤེས་ཀྱི་བར་ཏུ་འཁྱམས་ཉུལ་བྱེད་བཞིན་ཡོད་པའི་ལྟ་ཚུལ་ཞིག་ནུབ་ཕྱོགས་ཡོ་རོབ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མི་སྡེ་སྤྱི་ཚོགས་སུ་ཡོང་བཞིན་ཡོད་པས་གཞུང་འབྲེལ་མི་སྣ་སུས་ཀྱང་གཞུང་དོན་ལ་ཁ་གཡར་ཏེ་ཉ་དང་ཉུང་མ་མཉམ་བསྲེས་མི་གནང་བར་འབོད་ སྐུལ་ཞུ་བཞིན་ཡོད།
སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་དང་། མི་མང་གི་བདེ་སྡུག་ཞུ་ས། བདེ་སྡུག་ལ་ཉན་མཁན་ཡིན་པས་ངོས་འཛིན་དགོས་རྒྱུ་དེ་གལ་ཆེན་པོ་འདུག སྤྱི་འཐུས་ཁ་ཤས་ཀྱི་ཞལ་ལ་༥༩་ལོའི་ལོ་ནག་ཟླ་བུའི་སྡུག་གི་མུན་པ་འཐིབས་བཞིན་ཡོད་པས། འདི་ལྟར་མུན་ནག་གི་གཡོག་པའི་ཞལ་རས་ནི་མི་མང་གི་བདེ་སྡུག་ཞུ་ས་ག་ལ་ཉན། ཕྲག་དོག་དང་ང་རྒྱལ། ཞེན་ཁོག་གི་དབུགས་ཀྱིས་བརྒྱངས་བའི་རྐུབ་སྟེགས་ནི་མི་མང་གི་བདེ་སྡུག་དང་ལེན་བྱེད་ས་ག་ལ་ཆགས།
དེའི་ཕྱིར། འཛུམ་ཤིག་ཤིག་ངང་མི་མང་གིས་གང་ཞུས་ལ་ཉན་པ་ཙམ་གྱིས་ཀྱང་ཕ་རོལ་བོར་སེམས་ཚོར་ཅིག་སྤྲད་འགྲོ་བ་ཆོས་ཉིད་ཡིན་པས་སྤྱི་འཐུས་ཚོས་མི་མང་གི་མིག་སྔར་རང་ཉིད་བོད་མི་མང་གིས་སྐུ་ཚབ་དང་། མི་མང་གིས་གདམ་པའི་འཐུས་མི་ཡིན་པའི་རྣམ་འགྱུར་དང་ལེན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན།
ཡག་པོ་བྲིས་འདུག རྒྱུ་མཚན་དང་གནས་ལུགས་ཡང་འདུག