གནས་ཚུལ་གཏོང་མཁན། དགེ་བཤེས་སྨོན་ལམ་མཐར་ཕྱིན།
བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་གནང་སྟེ་ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༧ ནས་༡༥ བར། སྤྱི་འཐུས་རྣམས་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་རྒྱ་གར་གྱི་བློན་ཆེན་དང་། བློན་ཆེན་གཞོན་པ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན། གཞན་ཡང་ད་ལྟ་རྒྱ་གར་གྱི་གྲོས་ཚོགས་ཀྱི་འཐུས་མི་ལས་ཐོག་ཡིན་པ་གང་ཞིག་ལ་དེ་སྔོན་གྱི་སྲིད་བློན་ཟུར་པ་དང་བློན་ཆེན་ཟུར་པ། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ། སྤྱི་ཁྱབ་བློན་ཆེན་ཟུར་པས་གཙོས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། སྲིད་དོན་ཚོགས་པའི་དབུ་ཁྲིད་བཅས་ཁྱོན་མི་སྣ་༡༠༠ ཐམ་པར་མཇལ་འཕྲད་དང་། ཕྱི་ཚེས་༡༥ དགོང་མོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཐུབ་པ་བཅས་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༧༠ དོན་གྲངས་ནང་སྐུ་ཞབས་ཨེམ་སི་ཅག་ལ་(M.C.Chagla) མཆོག་གིས་གཙོ་སྐྱོང་འོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་འབྲེལ། སྐབས་སོ་སོའི་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུ་ཟིན་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་འཐུས་མི་གསར་དུ་ཕེབས་པ་གང་མང་ལ་མཇལ་འཕྲད་ཀྱིས་སྲིད་དོན་ཚོགས་པ་སྣ་ཚོགས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའམ། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུ་ཡིན་ནས་འགན་ཁུར་གྱིས་ལས་དོན་འགོ་འཛུགས་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཡང་སྐབས་༡༦ པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་གྲུབ་རྗེས་ཕྱི་ཟླ་༧ པའི་ནང་སྤྱི་འཐུས་ལྔ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ཆེད་བཅར་གྱིས་སྲིད་དོན་ཚོགས་པ་མ་འདྲ་བ་༡༣ ནས་གྲོས་ཚོགས་གོང་འོག་གི་འཐུས་མིས་གཙོས་པའི་གལ་ཆེའི་མི་སྣ་༣༡ ཙམ་མཇལ་འཕྲད་ཞུ་ཐུབ་པ་བྱུང་ཡོད།
ད་སྐབས་རྒྱ་གར་གྲོས་ཚོགས་ཚོགས་བཞིན་པ་དང་སྟབས་བསྟུན་ཕྱི་ཟླ་༡༢ ཚེས་༦ ཉིན་རྡ་ས་ནས་སྤྱི་འཐུས་ཚོ་ཁག་གཅིག་ལྡི་ལིར་ཆེད་བཅར་དང་། ལྡི་ལིའི་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་བཅས་ཕྱི་ཚེས་༧ ཉིན་བོད་སྒར་བསམ་ཡས་གླིང་དུ་ལྷན་འཛོམས་ཀྱིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱི་ལས་རིམ་འཆར་སྒྲིག་ལྟར་སྤྱི་འཐུས་ཀྱི་ཚོགས་ཆུང་ཁག་གསུམ་པོ་སོ་སོས་མཇལ་འཕྲད་བྱ་སའི་གྲོས་ཚོགས་འཐུས་མི་ཆ་བགོས་གནང་བ་ཁག་སུ་ཡིན་ངོ་སྤྲོད་དང་། གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་ཕྱོགས། མཇལ་འཕྲད་ཟིན་མཚམས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱ་ཕྱོགས་སྐོར་སོགས་ལ་གོ་བསྡུར་གནང་།
རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་ཆེད་ཚོགས་ཆུང་གསུམ་དུ་ཆ་བགོས་ཡོད་པ་ལྟར། ཚོགས་ཆུང་དང་པོར། སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་ཀྱིས་སྣེ་ཁྲིད་པའི་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་བློ་བཟང་བསྟན་འཛིན་བཅས་དང་། ཚོགས་ཆུང་གཉིས་པར། སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་སྣེ་ཁྲིད་པའི་འོག སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་གངས་ལྷ་མོ་བཅས་དང་། ཚོགས་ཆུང་གསུམ་པར། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གིས་སྣེ་ཁྲིད་པའི་འོག སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་བསྟན་འཛིན་དཔལ་འབྱོར་བཅས་མཉམ་ཞུགས་ཀྱིས་ཕྱི་ཟླ་༡༢ ཚེས་༨ ནས་བཟུང་ཚེས་༡༥ བར་ཞོགས་པ་ཆུ་ཚོད་ ༦།༠༠ པ་ཡས་མས་ནས་དགོང་མོ་ཆུ་ཚོད་ ༨།༠༠ པ་ཡས་མས་བར་གྲོས་ཚོགས་འཐུས་མི་རྣམས་ལ་ཆེད་བཅར་གྱིས་མཇལ་འཕྲད་ཡོང་ཐབས་འབད་བརྩོན་ཞུས་པ་ལྟར། སྲིད་དོན་ཚོགས་པའམ་མི་སྒེར་པ་བཅས་སྡེ་ཚན་ཁག་༣༠ མ་ཟིན་ཙམ་ནས་ཁྱོན་མི་སྣ་༡༠༠ ཐམ་པར་མཇལ་འཕྲད་ཞུ་ཐུབ་པ་བྱུང་ཡོད།
མི་སྣ་དེ་དག་མཇལ་འཕྲད་སྐབས་ཐོག་མར་འཚམས་འདྲི་དང་། དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སོགས་ངོ་སྤྲོད། ད་བར་རྒྱ་གར་གཞུང་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་དང་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་སྐོར། མ་འོངས་ཐབས་ལམ་ཇི་དགེའི་རེ་སྐུལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བརྒྱུད་རིམ་གསལ་བཤད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མཉམ་ཞུགས་ཀྱིས་བོད་དོན་ཐོག་དམིགས་བསལ་ཐུགས་འགན་བཞེས་ཐབས་སོགས་ཡིག་ངག་གཉིས་ཐོག་ནས་ཞུས་པར་ཁོང་རྣམ་པས་ཐུགས་ཚོར་ཆེན་པོ་དང་འབྲེལ་སྐབས་བསྟུན་གྱི་ལམ་སྟོན་དང་གནང་ཐབས་ཇི་ཡོད་སོགས་ཀྱི་བཀའ་མོལ་ལྷུག་པོར་བསྩལ་གནང་མཛད་ཡོད།
ཕྱི་ཚེས་༡༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལྡི་ལིར་ཆེད་ཕེབས་གནང་བ་དང་། ཕྱི་ཚེས་༡༤ སྔ་དྲོ་རྒྱ་གར་གྱི་གནད་ཡོད་མི་སྣ་མཇལ་འཕྲད་དང་སྤྱི་འཐུས་ཀྱི་ཚོགས་ཆུང་གསུམ་པོའི་ཚོགས་མི་རྣམས་ཀྱི་ལྷན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་སྟངས་དང་། མུ་མཐུད་མཇུག་སྐྱོང་གནང་ཕྱོགས་སྐོར་སོགས་ནང་མོལ་གནང་། ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚུགས་བཞིན་པའི་ཧི་མ་ལ་ཡའི་དུས་སྟོན་དང་། བོད་ཀྱི་དུས་སྟོན་གཉིས་སོ་སོའི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་།
ཕྱི་ཟླ་༡༢ ཚེས་༡༥ དགོང་མོ་ཆུ་ཚོད་ ༧།༠༠ པའི་ཐོག་རྒྱལ་ས་ལྡི་ལིའི་ Shangrila མགྲོན་ཁང་ནང་རྒྱ་གར་གྱི་བློན་ཆེན་དང་གྲོས་ཚོགས་འཐུས་མི་སོགས་གལ་ཆེའི་མི་སྣ་ ༣༠ ལྷག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཚོགས་ཆུང་གསུམ་པོའི་སྤྱི་འཐུས་རྣམས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་ངོ་སྤྲོད་གསུང་བཤད་གནང་རྗེས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་(Shri.Shanta Kumar) མཆོག་ལ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་རེ་སྐུལ་ཞུས་དོན་ལྟར་ཁོང་ནས་ཞལ་བཞེས་དང་འབྲེལ། རྒྱ་དཀར་ནག་གི་ཆབ་སྲིད་གནས་བབ་སྤྱི་དང་། བྱེ་བྲག་བོད་དོན་དང་འབྲེལ་བའི་སྐབས་བསྟུན་གསུང་བཤད་ཟབ་བསྩལ་མཛད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་སོགས་ཀྱིས་སྐབས་འདིའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་བའི་ལས་དོན་རེ་ཞིག་གྲུབ་པ་བཅས།།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གསུམ་ཐུན་མོང་གིས་ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡༦ ཉིན།
སྤྱི་འཐུས་རང་རེད་རྫིག་འདུག་་་།་རྒྱ་གར་ནང་མི་ལོ་ལྔ་བཅུ་ང་ལྔ་བསྡད་ནས་
ད་དུང་བོད་ངོ་སྑྲོད་བྱེད་པ་དེ་བོད་དོན་ངོ་སྑྲིད་་རེད་དམ་་སྤྱི་འཐུས་ངོ་སྤྲོད་རེད་
་་ཧ་ཧ་ཧ་དུས་ཚོད་་བསྐྱེལ་་་་་་་་་་་་་་