བློ་གྲོས་རབ་བརྟན།
འདས་པའི་ལོ་མཇུག་ནས་བཟུང་སྟེ། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱིས་མི་རྣམས་དངངས་སྐྲག་དང་འཇིག་སྣང་ལ་དེད། ནད་ཡམས་དེས་མི་མང་པོ་འཆི་ལམ་དུ་བརྫངས་དང་རྫོང་མུས་ཡིན་ཞིང་། ནད་ཀྱིས་མནར། མི་རྣམས་སྔོན་འགོག་ལ་ཞུགས་ནས་ཟང་ཟིང་གི་གནས་བབ་འོག་འཛམ་གླིང་འདི་ཁྱིམ་ལ་བཅུག་སྟེ་ཕྱི་རོལ་དུ་མཐོང་བ་ཇེ་དཀོན་དང་། མི་ཡི་བྱ་བཞག་ཐམས་ཅད་ལ་འགོག་རྐྱེན་འཕྲད། ཐབས་སྐྱོ་བོ་འདིའི་འོག་ནས་མི་རྣམས་ལ་འདྲི་བ་མང་པོ་ཡོང་གི་ཡོད་ཅིང་། འདྲི་བ་གཅིག་ནི། དོན་དམ་པར་མི་ལ་དགོས་པ་འམ་མི་སྲུང་སྐྱོབ་ཐད་ཚན་རིག་ཡང་རྩེར་སོན་པར་གྲགས་པའི་དུས་འདིར། ནད་ཡམས་འདི་ལྟ་བུའི་ཐད་ལ་ཅི་ཡང་བྱ་ཐུབ་ཀྱིན་མེད་པ་འདིས། ཚན་རྩལ་གྱི་ཁ་ཕྱོགས་དེ་མིའི་དགོས་མཁོའི་ཕྱོགས་ན་མེད་པ་འང་ར་སྤྲོད་བྱས་ཡོད།
འཇིག་རྟེན་གྱི་འདུ་འཛི་ཁོ་ནའི་ཁྲོད་འཆམ་དགོས་པའི་དེང་མི་རྣམས། ནད་ཡམས་ཀྱིས་ཁྱིམ་ལ་བཅུག་སྐབས་དུས་ཚོད་འགྲོ་དཀའ་བ་དང་། ཕྱི་རོལ་ལ་སོང་ན་ནད་ཡམས་འགོ་མི་ཡོང་ངམ་སྙམ་སྟེ། སེམས་ཁྲལ་གཉིས་ཀྱི་བར་ནས་སེམས་ཁྲལ་ཐོལ་བ་ཡོང་གི་ཡོད། རང་སེམས་རང་གིས་གནོན་ཐབས་མ་བྱས་ན། ནད་ཡམས་མ་ཡིན་པའི་སེམས་ཀྱི་ན་ཚ་མང་པོ་ཕོག་གཉེན་ཡོད། ནད་ཡམས་ཕོག་པའི་ཁར་སེམས་ཁྲལ་བསྡོམས་ན་ན་ཚ་ཤུགས་ཆེ་རུ་སོང་སྟེ། བཅོས་ཐབས་ལ་འགོག་རྐྱེན་འཕྲད་དེ་འཆི་ལམ་དུ་མགྱོགས་པོར་འགྲོ་སྲིད། ནད་ཡམས་ཕོག་ནའང་སེམས་ཁྲལ་ཡོད་མེད་ཀྱིས་ན་ཚ་ཡང་ལྕི་འགྲོ་བ་དངོས་ཡོད་རེད། ནད་ཚ་ཕོག་ནའང་སེམས་ཁྲལ་དེ་ཙམ་མེད་ན། ནད་པ་མགྱོགས་པོར་སངས་དྲག་ཡོང་བར་འགྲོགས་བྱེད་ཀྱིན་ཡོད། སེམས་ཁྲལ་ཡོད་མེད་ཀྱིས་ན་ལས་གྲོལ་དང་མ་གྲོལ་ལ་ཁྱད་པར་འགྲོ་བཞིན་ཡོད་པ་ཡོངས་གྲགས་རེད།
སེམས་ཁྲལ་བྱས་ན་ཕན་ཐོགས་མེད་པ་ཤེས་ནའང་། སེམས་ཁྲལ་མེད་པར་བཟོ་རྒྱུ་ལས་སླ་བོ་ཞིག་གཏན་ནས་མིན། ང་ཚོ་ཚང་མ་ང་དང་ངའི་ནང་མི་ཟེར་ནས་གཅེས་འཛིན་དམ་པོ་ཡོད་ཡོད་པ་རེད། དེར་བརྟེན་རང་ལ་དཀའ་ངལ་འཕྲད་ཡོང་དུས། བསམ་བློ་འདྲ་མིན་བཏང་སྟེ་སེམས་ཁྲལ་ནང་ལ་ལྷུང་རྒྱུ་ཉག་གཅིག་རེད། ཡིན་ནའང་གདོང་ལེན་བྱེད་རྒྱུ་མེད་པ་དེ་འདྲ་མ་རེད། གདོང་ལེན་བྱེད་སྟངས་ཐད་བོད་མི་ཚོར་དམིགས་བསལ་ཆ་རྐྱེན་འཛོམས་ཡོད། ང་ཚོའི་རིག་གཞུང་ངམ་ནང་ཆོས་ནས་བསྟན་པའི་འཁོར་བ་མི་རྟག་པའི་རང་བཞིན་ཡིན་པ་དང་། ནང་བསམ་བློའི་འཁྱེར་སོ་དག་གི་ཐད་བསླབ་བྱ་གནང་བ་དག་ཉམས་ལེན་ཕྲན་བུ་རེ་བྱེད་ཐུབ་ན། ནད་ཀྱིས་མནར་བཞིན་ཡོད་ནའང་ནད་པ་གཞན་དང་མི་འདྲ་བ་ཞིག་ཏན་ཏན་ཡིན་ངེས། རྒྱུ་མཚན་ནི་ཁྱོད་ལ་སེམས་ཁྲལ་ཉུང་བ་དང་ནད་ལ་གདོང་ལེན་བྱེད་པའི་མཚོན་ཆ་ཐོལ་བ་ཡོད་པས་རེད། ནང་པའི་གཞུང་ནས་སེམས་ཀྱི་འཁྱེར་སོ་དག་གི་ཐད་བཤད་པ་རྒྱ་ཆེན་པོ་རེད་དེ། དེ་དག་ཐམས་ཅད་པོ་ཉམས་ལེན་བྱེད་དགོས་པའི་སྐད་ཆ་མ་རེད། གཙོ་བོ་གཙོ་བོ་དེ་ཁྱེད་རང་ལ་ནད་བྱུང་བ་འམ། ཡང་ན་ནད་ཡམས་ཀྱི་དབང་གིས་ཁྱིམ་ལ་སྡོད་དགོས་དུས་དམིགས་བསལ་འགའ་ཉམས་ལེན་བྱས་ན་ཕན་ཐོགས་ཡོད་པ་སྐོར་ཞིག་ཡོད།
ནང་ཆོས་ལས་རྐྱེན་དང་བར་ཆད། དཀའ་ངལ་ཅི་ཞིག་འཕྲན་ནའང་དེ་དག་རྒྱུ་གཅིག་ཁོ་ནར་ལ་བརྟེན་ནས་བྱུང་བ་མ་ཡིན་པར་རྒྱུ་རྐྱེན་མང་པོ་འཛོམས་དགོས་ཀྱི་ཡོད་པའི་དངོས་ཡོད་དེ་ཤེས་ན། གནད་དོན་ལ་བལྟ་བར་ཁྱད་པར་འགྲོ་བ་དང་། གནད་དོན་ལ་ཁྱད་པར་འགྲོ་སོང་ན་ནད་ཁོ་རང་སྡང་འཛིན་གྱི་བསམ་བློ་ལ་ཁྱད་པར་སོང་སྟེ། ནད་དེ་རང་གི་མཐུན་ཕྱོགས་སུ་བསྒྱུར་ཐུབ་ཀྱིན་་ཡོད། དེ་བསྒྱུར་ཐུབ་སོང་ན་དོན་ལ་ནད་ལས་གྲོལ་པར་གྲོགས་སུ་འགྱུར་གྱིན་ཡོད། ད་དུང་ཁ་གསལ་དུ་བཏང་ན། ནད་བྱུང་ན་འང་རེད། སྨན་ཁང་དུ་ལས་ཀ་བྱེད་དགོས་ན་རེད། ཁྱིམ་དུ་སྡོད་དགོས་ནའང་རེད། དེ་དག་ཐམས་ཅད་པོ་ཁྱེད་ཀྱི་མགོ་ལ་བྱུང་བ་རེད། ཁྱེད་རང་གཡོལ་མ་ཐུབ་པ་རེད་ལ་གཡོལ་སའང་མེད་སོང་བ་རེད། དེ་ཡིན་དུས་ད་དུང་སེམས་ཁྲལ་འཐོར་བ་ཞིག་འཁྱེར་ནས་བསྡད་ན་བླུན་པོ་རེད། དེ་ལས་སེམས་ཁྲལ་བྱས་པ་དེས་ཕན་ཐོགས་མེད་པ་མ་ཟད། སེམས་ལ་དཀའ་ངལ་ཇེ་མང་དུ་བཏང་སྟེ་ན་ཚ་སྡུག་ཏུ་གཏོང་གི་ཡོད་པ་ཤེས་ནས། སེམས་ཁྲལ་སྤང་བའམ་ཇེ་ཉུང་དུ་བཏང་སྟེ། ན་ཚ་དེ་ཉམས་ལེན་གྱི་ངོ་བོ་འཁྱེར་ཐུབ་ན། ནད་ཀྱི་གཡུལ་ལས་རྒྱལ་བའི་ཐབས་ལམ་གནད་ཅན་ཞིག་རེད།
རང་ལ་མི་འདོད་པ་ན་ཚ་ལྟ་བུ་ཞིག་ཐོག་ལ་བབས་སོང་ན། བསམ་བློ་འདྲ་མི་འདྲ་འཁོར་ཏེ། སེམས་ཁྲལ་རྐྱང་རྐྱང་བྱས་ནས་མ་བསྡད་པར་བསམ་བློ་གཞན་ཞིག་སྟེ། མི་འདོད་ནའང་མྱོང་དགོས་འདི་དག་ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས་དང་འབྲེལ་བ་ཡོད་སྲིད། ད་ལྟ་འདི་ལྟར་མྱོང་དགོས་པའི་རྒྱུ་རང་གིས་ཚེ་སྔོན་མར་བསགས་པའི་ལས་ཞིག་སྨིན་པ་ཡིན་ཆོག་ཅིང་། དེ་ལྟར་ཡིན་ན་སྔ་ཕྱི་མ་གཏོགས་མྱོང་དགོས་པ་ཟློག་མེད་ཡིན་དུས། ད་ལྟ་མྱོང་བཞག་པ་ཡིན་ན་རྗེས་མ་མྱོང་མ་དགོས་པ་རེད། སྡུག་བསྔལ་ལམ་སྡུག་པའི་ལས་ཤིག་ཟད་སོང་བ་རེད། སྡུག་ལས་གཅིག་ཟད་སོང་ན་རང་ལ་དགོས་པའི་དོན་ཞིག་གྲུབ་སོང་བ་ཡིན་པས། བསམ་བློ་གཏང་ཐུབ་ན་དགའ་བ་སྒོམ་པའི་གནས་རེད།
འཇིག་རྟེན་འདིའི་བཟང་ངན་དང་བདེ་སྡུག་ཀུན་པོ་མིའི་བསམ་བློ་གཏོང་སྟངས་ལ་འབྲེལ་བ་དམ་པོ་ཡོད། ནད་ཀྱིས་མནར་པའི་སྐབས་སུ་བསམ་བློ་རྒྱ་ཆེ་ཙམ་བཏང་ན། ང་གཅིག་པུ་ནད་པ་ཆགས་པ་མ་རེད། ས་སྟེང་འདིར་ནད་པ་ཁྲི་འབུམ་རེད། ནད་ལ་འང་ཡང་ལྕི་མ་འདྲ་བ་རེད། ནད་པ་ཚབས་ཆེན་གཞན་དང་བསྡུར་ན་ངའི་ན་ཚ་དེ་ལས་སླ་བོ་རེད་འདུག་བསམ་པ་དང་། དེ་བཞིན་མི་མང་པོ་ཞིག་ལ་བཀྲེས་ལྟོག་སྐོམ་གསུམ་སོགས་ཀྱི་དཀའ་ངལ་ག་ཚོད་མྱོང་གིན་འདུགདེ་དག་ད་བར་མྱོང་མ་དགོས་པ་དེ་ལས་ཅན་རེད་བསམ་པ་དང་། དོན་དངོས་དེ་དག་བསམ་བློ་འཁོར་ཐུབ་ན། ནད་ན་ཚ་དང་དཀའ་ངལ་གཞན་དང་གཞན་ལས་སླ་རུ་འགྲོ་བཞིན་ཡོད། འདི་དག་ནི་བསམ་བློ་གཏོང་སྟངས་ཤིག་རེད། ནང་ཆོས་ཀྱི་ཤེས་ཚད་མཐོན་པོ་མེད་ནའང་མི་མང་དཀྱུས་མ་ཞིག་གིས་ཀྱང་བྱེད་ཐུབ་པ་ཞིག་རེད། བྱས་ན་ཕན་ཐོགས་ཡོད་པའང་དཀའ་ངལ་འཕྲད་མཁན་ཚོའི་དངོས་ནས་ར་སྤྲོད་བྱེད་ཀྱིན་ཡོད།
རང་གཞན་ཚང་མ་ནད་ཡམས་ལས་ཐར་ཕྱིར་ཁྱིམ་དུ་སྡོད་དགོས་པའི་གནས་སྐབས་འདིར། ཁྱིམ་ལ་སྡོད་དགོས་པ་དེ་དཀའ་ངལ་ཞིག་ཏུ་མ་བརྩིས་པར་གོ་སྐབས་ཤིག་ཏུ་འཁྱེར་ཐུབ་དགོས། ནང་མི་མཉམ་དུ་ལྷོད་སྡོད་ཀྱི་གོ་སྐབས་རྩ་ཆེན་ཞིག་དང་། རང་གི་བྱེད་དགོས་པའི་ལས་དོན་གལ་ཆེན་དུས་ཚོད་ཀྱིས་དབང་གིས་བྱེད་མ་ཐུབ་པ་ཡོད་ན་ད་ཐེངས་གོ་སྐབས་རེད། ད་དུང་རང་གི་ཤེས་ཡོན་དང་སྐད་ཡིག་གང་ཞིག་ཡར་རྒྱས་ལ་གཏང་དགོས་ན་གོ་སྐབས་འདི་སྤྱད་ཐུབ་སོང་ན། རྐྱེན་ངན་གྲོགས་སུ་ཤར་བ་རེད། ནད་ཡམས་ཀྱིས་ཁྱིམ་ལ་བཅུག་པ་དེས་ཁྱོད་ལ་ལྡོག་ཕྱོགས་ནས་ནུས་པ་ཐོན་པ་རེད། ཁྱོད་ནད་ཡམས་ལས་རྒྱལ་བ་རེད།
མཐའ་དོན། ད་ཐེངས་བོད་མི་ཚོར་མཚོན་ན་རང་ཉིད་ཀྱི་ནང་པའི་རིག་གཞུང་གི་སྙིང་བཅུད་རང་ཐོག་ནས་ངོམ་པའི་དུས་རེད། ནད་ཡམས་ཀྱིས་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་དུས་འདིར། སེམས་ཁྲལ་མི་བྱེད་པར་སེམས་གུ་ཡངས་དང་། བཟང་ཕྱོགས་ལ་བསམ་བློ་འཁོར་བ། དངངས་སྐྲག་སློང་བའི་གསར་འགྱུར་དང་གང་ཟག་དག་ལས་རིང་དུ་གནས་པ། གཞུང་དང་ཚད་ལྡན་གྱི་ཚོགས་སྡེ་ཁག་གི་གསལ་བཤད་དང་ལམ་སྟོན་ཁག་ལག་ལེན་དུ་བསྟར་ཏེ། བདུན་ཕྲག་གཅིག་གཉིས་ག་ཚོད་ཁྱིམ་དུ་སྡོད་དགོས་ན་འང་དཀའ་ངལ་ཞིག་མ་རེད། གཙོ་བོ་རང་སེམས་རང་གིས་སྲུང་ཐུབ་སོང་ན། ཕྱི་རོལ་གྱི་དཀའ་ངལ་ནི་རང་བཞིན་གྱིས་ཆུང་དུ་འགྲོ་བ་ཆོས་ཉིད་རེད།