ཤར་ཕྱོགས་ཁུག་རྟ།
——
ལོ་འདིའི་ཟླ ༣ ཚེས ༡༦ ནས་དེ་རིང་ཟླ ༡༠ ཚེས ༢༧ བར་ཕ་ཡུལ་གངས་ཅན་ལྗོངས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བ་དང་། གསེར་རྟ་ནས་ཞི་བའི་སྐད་འབོད་བྱེད་མཁན་ཚོར་མེ་མདའ་རྒྱབ་སྟེ་ཡན་ལག་གཅོད་དགོས་བྱུང་བ་དང་ཚེ་དབང་སྐྱིད་སོགས་བཙོན་འཇུག་བྱས་པ། ལྷ་སར་སྡེ་དགེ་རྫོགས་ཆེན་སྟོབས་ལྡན་གྱིས་ཁྲི་ཟུར་འཇུ་ཆེན་ལགས་ཀྱི་ཞེ་དགུའི་མཆོད་འབུལ་ཙམ་ཡང་བྱས་མ་ཆོག་པར་བཙོན་འཇུག་བྱས་པ། དེ་བཞིན་བཀུར་འོས་རྩོམ་པ་པོ་གྲགས་ཅན་མེ་ལྕེ་ལགས་དང་ངྷི་ཚ་དགོན་གྱི་དགེ་བཤེས་རྨོག་རུ་ཚུལ་ཁྲིམས་རྣམ་གཉིས་རིག་གནས་ལས་དོན་གནང་བཞིན་པའི་སྐབས་སུ་རྒྱ་གཞུང་དམག་མིས་བཙན་ཁྲིད་བྱས་པ་སོགས། ༢༠༠༨ ནས་ཉི་མ་དེ་རིང་བར་རང་རེའི་གངས་ཅན་པ་རྣམས་སྔར་ལས་ཉིན་གཅིག་ལའང་སེམས་བག་ལྷོད་པོ་བྱུང་མ་མྱོང་བའི་སྐབས་འདིར། ཕྲན་ཡང་ཚོར་བ་དེ་དག་གི་སྒུལ་ཤུགས་འོག་དེང་རབས་ཀྱི་ཁྱད་ཡོན་བླ་ན་མཐོ་བའི་བཀའ་ཁྲི་གསར་བར་རང་ནུས་མཉམ་སྤུངས་ཀྱི་ལྷག་བསམ་ཀུན་ནས་བསླངས་ཏེ་སེམས་ཚོར་ཡིག་གཟུགས་སུ་བྲིས་པ་ཁ་རྒྱ་ནག་ཏུ་གཏད་པ་རང་གཞུང་ལན་འདེབས་དྲ་བར་གསལ་བ་དེ་དག་དང་། ཁ་ནང་དུ་གཏད་པ་༼ བཀའ་བློན་འདི་གཉིས་ཀྱིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་བཅུག་སོང་༽ཞེས་པ་དང་༼ སེང་གེའི་བཀའ་ཤག་གི་མདུན་ལམ་༽བཅས་བོད་མི་ཚོར་བསམ་འཆར་གྱི་ཚུལ་དུ་ཕུལ་བ་ཡིན།
རླུང་རྟ་ངན་པ་ཞིག་ལ་བཀའ་ཁྲི་གསར་པའི་སྤྱན་དང་སྙན་གྱི་དྲུང་དུ་ཁ་ནང་གཏད་ཀྱི་རྩོམ་ཡིག་དེ་གཉིས་ཡོངས་སུ་ནག་པོ་ནག་རྐྱང་ཞིག་ཏུ་གྱུར་ནས། ཕྲན་གྱི་རང་རིགས་ལ་སྲི་ཞུ་སྒྲུབ་གནས་ཅམ་འཇོག་དགོས་པའི་བཀའ་ལྕི་ཕེབས་ཚུལ་རྣམས་དྲ་གནས་འདི་དག་ཏུ་གསལ་བ་བཞིན། སྔ་ཕྱིའི་གནས་ཚུལ་རྣམས་ཀུན་གྱི་སྤྱན་མདུན་འགྲིམས་ཡོད་པས། རང་གིས་རང་གི་མི་རིགས་ལ་ལོ་ཚད་ལས་བརྒལ་བའི་བསམ་སྤྱོད་ཚད་ལྡན་བསྟན་ཚུལ་ཞིབ་ཏུ་སྤྲོས་རྒྱུ་མིན།
ཡིན་ཡང་ཕྲན་གྱི་རྩོམ་ཡིག་དང་ཕྲན་གྱི་མདུན་ལམ་ཐད་ད་ལམ་བཀའ་ཁྲི་གསར་པས་བླང་དོར་སྒྲིག་གཞིའི་ལྕགས་སྒྲོག་སྐོར་གཡུག་བྱས་པ་ནི། བླང་དོར་སྒྲིག་གཞིའི་ཁྱབ་ཡུལ་དུ་གཞུང་ཞབས། རང་ཁུངས། ཆོད་གན། འཕྲལ་སེལ་ལས་གཞན་མེད་པ་སྒྲིག་གཞི་རིན་པོ་ཆེ་རང་གིས་ཁ་གསལ་གྲགས་ལྟར། ཉིན་གླའི་ལས་བྱེད་ཅིག་དེའི་ཁྱབ་ཁོངས་སུ་བཙན་སྦྱར་བྱས་ཏེ་ཐག་གཅོད་འདི་ལྟར་གནང་བ་ནི་ཁྲིམས་ལུགས་ཆེད་མཁས་འབུམ་རམས་པས་ཁྲིམས་ལུགས་ལོག་སྤྱོད་བྱས་པར་ངོས་འཛིན་མི་བྱེད་ཐབས་མེད་བྱུང་།
དེ་ལྟ་ནའང་། རྒྱ་ཆེའི་དད་ལྡན་མང་ཚོགས་ནང་འདི་ནི་བཀའ་ཤག་ལྷན་རྒྱས་ཀྱི་ཁྲིམས་མཐུན་ཐག་གཅོད་ཅིག་ཏུ་ངོས་འཛིན་ཐེ་ཚོམ་མེད་པར་བྱེད་སྲིད་པས། ཕྲན་ནས་ཐག་གཅོད་འདི་བཞིན་བཀའ་བློན་ལྷན་རྒྱས་ཀྱི་བཀྲུས་ན་མ་དག་པའི་དགོངས་ཚུལ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ། དེ་བཞིན་བཀའ་ཁྲི་རང་གི་སྒེར་གཅོད་འོག་བཀའ་བློན་རེ་གཉིས་ཤིག་ཚུད་ནས་ཐག་གཅོད་གནང་བ་ལས་འབྲས་དང་བདེན་པ་དཔང་དུ་བཞག་ནས་ཚིག་ཐག་ཆོད་པོས་སྨྲ་ཐུབ་པས། ཕྲན་ཐད་འདི་ལྟར་ཐག་གཅོད་གནང་བའི་དངོས་དོན་ཅི་ཡིན་ད་དུང་གསལ་རྟོགས་མ་བྱུང་ཁར། ཉིན་རེ་ནས་ཉིན་རེར་འདིའི་ནང་དོན་མ་རྟོགས་པའི་བསམ་གཞིག་སྤྲིན་ནག་ལྟར་འཁྲུག་མུས་ཡིན།
བདེན་པ་རྣམ་པར་རྒྱལ་བ་རང་རེའི་གཞུང་གི་གཞུང་རྟགས་དང་ལས་ཐམ་དག་ཏུ་བཀོད་པ་ལྟར། རྩོམ་པ་པོ་རྣམས་པ་དང་ཤེས་ཡོན་ཅན་ཚོས་འཛམ་གླིང་ས་ཕྱོགས་གང་ས་ནས། ཕྲན་ལ་དངོས་ཤུགས་བརྒྱུད་གསུམ་ནས་བདེན་པའི་སྙིང་སྟོབས་འཕེལ་དུ་བཅུག་ཅིང་ཞལ་པར་ཚུད་ཆད་གནང་ནས་ཕ་སྐད་རིག་གཞུང་གི་རྩ་དོན་ལ་མྱོང་བ་མངོན་སུམ་གྱི་ཆིག་སྒྲིལ་རྒྱུད་ལ་སྨིན་པར་བྱས། ཐ་ན་བོད་ནང་ནས་ཀྱང་དྲ་རྒྱ་སོགས་སུ་དམ་དྲག་ཡོད་མེད་ལ་མ་ལྟོས་པར་ཕྲན་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ། མི་ཚེ་རང་མི་རིགས་ཀྱི་ཕ་སྐད་རྩོམ་རིགས་ལ་བསྔོས་པའི་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དྲང་བདེན་གྱི་དར་ཆ་འཕྱར་བ་བཅས་ཀྱི་རིན་ཐང་ཡོད་ཚད། ང་ཚོ་ཚང་མས་བོད་ཀྱི་ཕ་སྐད་དང་རིག་གཞུང་ མི་ཉམས་ཡུན་བརྟན་གྱི་ཕྱིར་དུ་བསྔོས་པའི་བྱུང་རབས་དེབ་ཐེར་ཁྲོད་ཀྱི་གསེར་མདོག་གི་ཡིག་འབྲུ་རེ་རེར་གྱུར་སོང་བ་རེད།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་བཅུ་བཞི་པ་མཆོག་དང་༧པཎ་ཆེན་བཅུ་བ་ཆེན་པོ་རྣམ་གཉིས་ཀྱིས་བོད་མི་རིགས་ཀྱི་བྱུང་རབས་སུ་མ་གྲགས་པའི་བོད་སྐྱོབ་མཛད་འཕྲིན་གྱི་རླབས་ཆེན་བྱས་རྗེས་ཀྱི་འཐུ་འོག་ཏུ་ཕྲན་རང་བོད་མིར་སྐྱེས་བ་དང་། བོད་དོན་སྲི་ཞུ་སྒྲུབ་རྒྱུ་བྱུང་བའི་སྙིང་བོ་གང་དེ་ཉིད་ཀྱང་དེ་རིང་ང་ཚོས་རང་ནུས་གང་ལྕོགས་ཀྱིས་བོད་ཀྱི་ཕ་སྐད་རིག་གཞུང་ལ་སྲོག་གིས་བདག་པོ་རྒྱབ་པ་འདི་ལས་སྲི་ཞུ་གཞན་ཞིག་སྲིད་ན་དཀོན་པས། བཀའ་ཁྲི་མཆོག་གིས་བོད་ཀྱི་ཕ་སྐད་དང་བོད་ཀྱི་སྲོག་སྐྱོབ་བྱ་བའི་བསམ་འཆར་ཉེས་པར་བརྩིས་པའང་མདོར་དེད་ན། ཁོང་གི་སྐུ་ཚེའི་ནང་གི་ནག་ཉེས་བཀྲུས་ན་མི་དག་པར་གྱུར་སོང་བ་ལས། རང་ཅག་ཉམས་ཆུང་རྩོམ་པ་པོ་རྣམས་ལ་ནི་ལོ་རྒྱུས་ཀྱི་ནག་ཐིག་གང་ཡང་མེད་པའང་ཁ་གསལ་བོས་ཞུ་འདོད་བྱུང་།
སླད་མའི་ཆར། ཕྲན་རང་སེང་གེ་མ་འཕོས་པར་རང་གཞུང་གི་སྲི་ཞུར་ཞུགས་མི་ཐབས་ཀྱང་། རང་གི་སྒོ་གསུམ་གྱི་བྱ་སྤྱོད་ཚང་མས་སྔར་ལྷག་བོད་མི་རིགས་ཀྱི་སྲི་ཞུར་འབད་འབུངས་ཞུ་རྒྱུ་ཡིན་ལ། རང་གི་ལངས་ཕྱོགས་དང་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞིར་མཐུན་པའི་ལས་མཇུག་མུ་མཐུད་རྒྱུར་ཕྲན་ལ་སྤོབས་པས་ཁེངས་ཏེ་ཡོད་པར་བདེན་པ་དང་བཀུར་འོས་རྒྱུ་འབྲས་བློ་མིག་གི་བདག་པོ་ཤེས་ལྡན་པ་རྣམས་པས་ལམ་སྟོན་ལྷོད་མེད་གནང་བར་སེམས་ཤིང་། རང་གིས་ཉིན་མཚན་དབྱེར་མེད་དུ་དམ་ཚིག་བསྲེས་ལྷད་མ་བཏང་བའི་གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང་གདོང་གྲོགས་བྱ་ར་དམིགས་བསལ་ཡོད་པའི་ཡིད་ཆེས་བརྟན་པོ་བཅས།། །།
གྱི་ན་བ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་ལས་མཚམས་བཞག་སྟེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་བྱས་རྗེས། ཁྱམས་རྭའི་རྐུབ་སྟེགས་སྟེང་ཁ་༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་དུ་ཕྱོགས་ནས་ཤར་མར་སྦྱར།།
༢༠༡༡། ༡༠། ༢༧།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱི་བརྩམས་ཆོས་རྣམས་ཀྱིས་དུས་རབས་ཀྱི་ཚབ་མཚོན་བྱ་བཞིན་འདུག་ན།
མདུན་གྱི་སྤྲིན་དཀར་ལྟ་བུའི་དཀར་ཐིགས་ཡོད་པ་དེ། མདུན་ལམ་གྱི་དར་དཀར་དེ་ཡིན་ངེས། བློ་མ་འཕམ།
སྨྱུ་རྩེ་དྲང་མོ་ལས་འབྱུང་བའི་སྣ་ཚའི་ནག་ཐིགས་རེ་རེ་ལ་གངས་ཅན་པའི་ལ་རྒྱའི་དམ་ཚིགས་རེ་རེ་ཡོད་དུས། ཡིད་མ་ཞུམ།
གངས་འདབས་ཀྱིས།
ཁྱོད་ལའང་ཁག་མེད་པ་འདྲ། ང་ཚོས་ཡུན་གྱིས་ལྟ་ཆོག་ལོ།
གནད་ཀྱི་དོན་པོ་ནི། ཁྱོད་གཞུང་ཞབས་ཡིན་དང་མིན་གྱི་ཁྱད་པར་དེ་མིན་པར། ཀུན་སློང་དང་ཆོད་སེམས་དེ་ལ་བརྟེན་ནས་མུ་མཐུད་ལས་གཞུག་སྐྱོང་འདུན་གྱི་རྨ་མེད་པའི་ལྷག་བསམ་དེ་ག་ཁྱོད་ཀྱི་གཟི་བརྗིད་ཡིན་པས། ནམ་ཡང་བློ་མི་ཕམ་པར་མདུན་དུ་བསྐྱོད་ཅིག ཕ་བཟང་གི་བུ།
ལུས་པོ་དགའ་ལྡན་ཕོ་བྲང་དུ་ཕྱོགས་ཀྱང་སེམས་པ་དགའ་ལྡན་ཕོ་བྲང་ལས་རིང་དུ་བརྒལ་བའི་གཤོག་པ་ཡ་ཅིག་ལས་མེད་པའི་རྡ་སའི་ཁུག་རྟ་ལི་འབི་ཡའི་དཔུང་དམག་གིས་གྷ་ཌ་ཧྥི་བསད་པ་དང་དུས་མཉམ་དུ་ལས་གནས་ནས་ཕྱིར་འབུད་བཏང་སོང་།
རྐུན་མ་ཁ་སྐྱེངས་ཀིས་མི་གསོད།
བློ་བཟང་སེང་གེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་ཆགས་ནས་ཟླ་ཤས་འགོར་རྗེས། གྲོས་ཚོགས་ཀྱི་ངོས་ནས་བཀའ་ཤག་ལ་འཆར་གཞི་མི་འདུག་ཅེས་གསར་ལམ་ཁག་ལ་ཡོངས་བསྒྲགས་བྱས་སོང་། འཆར་གཞི་མེད་པའི་བཀའ་ཤག་ཅེས་པ་འདི་སེང་གེ་རྡ་སར་ཕེབས་རྗེས། གྲོས་ཚོགས་ཀྱིས་ཁོང་ལ་ཕུལ་བའི་སྡོམ་ཚིག་དང་པོ་དེ་ཆགས་ཡོད། ཡང་ན་བཀའ་ཁྲིའི་ངོས་ནས་བཞག་པའི་བྱས་རྗེས་དང་པོ་རེད་ལབ་ན་འགྲིག་གི་རེད། སྤྱིར་ཁོང་རྡ་སའི་སྒྲིག་གཙོའི་ནང་གཞི་ནས་སླེབས་པའི་གསར་འབྱོར་འཛིན་སྐྱོང་ལ་རྒྱུས་མངའ་མཁན་ཞིག་མཁན་ཞིག་ཡིན་ཕྱིར། འཆར་གཞི་མེད་པ་ལ་མི་མང་གི་ངོས་ནས་ད་དུང་ཕྲན་བུའི་དམིགས་བསལ་ལྟ་གི་ཡོད་ལ། ཉམས་མྱོང་ཐོབ་ན་ཕྲན་བུ་དྲགས་མི་ཡོང་ངམ་སྙམ་པའི་རེ་དོགས་ཀྱང་བྱེད་ཀྱི་འདུག
འོན་ཀྱང་ཧ་ལས་པའི་གནས་ཚུལ་ཞིག་ལ་བློ་སེང་ལགས་བཀའ་ཁྲི་གོ་ཆོད་ཅིག་ཡོང་མིན་རེ་དོགས་ཆེན་པོ་བྱེད་བཞིན་པའི་སྒང་ལ། བློ་སེང་གིས་རང་གིས་བོད་ཡིག་མི་ཤེས་པའི་ཞན་སྐྱོན་འགེབ་སྲུང་བྱེད་ཆེད། དེའི་སྐོར་གླེང་སློང་བྱེད་མཁན་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ཟེར་བར་ཉེས་ཆད་བཅད་ནས། ལག་པ་ནས་ལས་ཀ་ཆུང་ཆུང་དེའང་འཕྲོག་འདུག མགོན་མེད་སྐྱབས་མེད་ཀྱི་གསར་འབྱོར་ཞིག་ལ་མཚོན་ན་ལས་ཀ་འཕྲོག་པ་ནི། སྤྱི་བཏང་གི་ཉེས་ཆད་ཙམ་མ་ཡིན་པ་བཀའ་ཁྲིས་གསལ་བོ་ཤེས་ཡོད་པ་རེད། བཀའ་ཁྲི་ལའང་དེ་ལས་ལྷག་པའི་ཉེས་ཆད་ལྕི་མོ་ཞིག་གཅོད་རྒྱུའི་དབང་ཐང་དང་ནུས་པ་ཡོད་པ་མ་རེད་ལབ་ན་འགྲིག་གི་རེད།
རྩོམ་ཡིག་དེ་དང་གཞུང་གི་སྒྲིག་གཞི་བོད་ཡིག་ནང་ཡོད་སྟབས། བློ་སེང་རང་ལ་རྩོམ་ཡིག་དེའི་ནང་དོན་སྒྲིག་གཞི་དང་འགལ་ཡོད་མེད་དབྱེ་ཞིབ་བྱེད་རྒྱུའི་ཆུ་ཚད་མེད་བཞིན་དུ། རྩོམ་ཡིག་དེའི་ནང་དོན་སྒྲིག་དང་འགལ་ཡོད་མེད་ཇི་ལྟར་བཤད་ཐུབ་བམ། དེ་ནི་ལོང་བ་ཞིག་གིས་མཚོན་མདོག་དཀར་ནག་དབྱེ་བ་ཕྱེ་བ་འདྲ་བོ་མ་རེད་དམ།
བོད་ཞེས་པ་གཙོ་བོ་བོད་ཀྱི་ས་ཆ། བོད་ཀྱི་མི། བོད་ཀྱི་སྐད་ཡིག་གསུམ་རེད། ང་ཚོས་སྐྱབས་དགོས་པའང་དེ་གསུམ་རེད། འདི་གསུམ་བོད་མི་རིགས་ཀྱི་ཚེ་སྲོག་གི་རྩ་བ་རྩ་རོ་རྐྱང་དབུ་གསུམ་ལྟ་བུ་རེད། དེའི་ཕྱིར་ངའི་བསམ་པར་ང་ཚོས་སྲོག་རྩ་འདི་གསུམ་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་གལ་ཆེ་བ་ལས། བཀའ་ཁྲིའི་སྐྱོན་འཚང་སྦེད་གསང་བྱེད་རྒྱུ་གལ་ཆེན་པོ་མ་རེད་དྲན་གི།
བོད་པའི་སྤྱི་ཚོགས་ནང་འདབས་གཤོག་གཉིས་ལྡན་ཤེས་ཡོན་པ་དགོས་མཁོ་ཆེ་བ་གནད་ཡོད་ཚང་མས་མ་ནི་བགྲང་བགྲང་བྱེད་ཀྱི་འདུག སྟབས་ཉེས་པ་ཞིག་ལ་བཀའ་ཁྲི་ལགས་ནི་འཛམ་གླིིང་སྤྱིའི་ཕལ་སྐད་དབྱིན་ཡིག་གི་འདབས་གཤོག་ཡ་གཅིག་ལས་མི་ལྡན་ཞིང་། དམིགས་བསལ་བོད་པ་རང་གི་སྐད་ཡིག་འདབས་གཤོག་གཡས་པ་ལྟ་བུ་དེ་ཚང་ཡོད་པ་མ་རེད།
མཐའ་དོན་བཀའ་ཁྲིས་རང་གི་འོས་འགན་གྱི་འཆར་གཞི་བཟོ་མ་ཐུབ་པ་སྣང་མེད་དུ་བཞག་ནས། རང་གི་སྐྱོན་འཚང་སྦེད་གསང་བྱེད་ཆེད་གཞུང་གི་བཅའ་ཁྲིམས་སྤྱད་ནས། བོད་མི་ཆེས་ཉམས་ཆུང་ཞིག་ལ་ཉེས་ཆད་བཅད་པའི་ཕུགས་ཐུང་འུ་ཐུག་གི་གནང་སྟངས་འདི་མཐོང་ཚེ། རྐུན་མ་ཁ་སྐྱེངས་ཀིས་མི་གསོད་ཟེར་བའི་གཏམ་དཔེ་དང་གཅིག་པ་མ་རེད་དམ།།
བློ་བཟང་ཆོས་འབྱོར་ཟེར་བ་ཁྱེད་རང་གི་བྱེད་སྟངས་དེ་་མཐོང་ན་ངོ་ཚ་ཡ་དང་ཐང་ཆད་ཡ་རང་རེད། ཕར་རྒྱུགས་ལབ་ལབ་བར་དུ་རེ་བ་བརྒྱབ་ནས་བཀའ་ཁྲིའི་རྐུབ་ལ་རྒྱུགས་པ་ལྐུགས་རྟགས་རེད། གསར་འབྱོར་ཞིག་ལ་མཚོན་ན་ལས་ཀར་འཕང་བ་ཁག་ཅི་ཡོད་དྲན་ན་སྙིང་ཡང་བརྗེ་གི།
སྤྱིར་ཡིན་ན་རང་ནུས་གང་ཡོད་དང་བློ་རིག་རྩལ་སྤྲུག་གིས་བཀའ་ཤག་གསར་བར་རོགས་འདེགས་ཐུབ་པའི་སྐད་ཆ་རེ་བཤད་ཨེ་ཐུབ་སྙམ་བཞིན་ཡོད། ད་བལྟས་ཡོང་ན་དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པར་མ་ཟད། མ་བསམ་ས་ནས་རང་མགོར་རྡོ་ལོག་ཉོ་རྒྱུ་རང་རེད་འདུག
བཀའ་ཁྲིས་རྒྱ་གཞུང་གི་བྱེད་སྟངས་བཞིན། ཁོ་ཚོར་ཉིན་འགར་འུར་རྒྱག་ཏུ་ཆུགས་དང་དེ་ནས་འཇམ་ཅག་གེར་འགྱུར་འགྲོ་གི་རེད་འདོད་ཡོད་ཚོད། དེ་ནི་ཁོང་གི་བསྡུར་སྟངས་ནོར་བ་འདྲ། ཉིན་འགའི་རྗེས་འཇམ་ཅག་གེར་འགྱུར་འགྲོ་བ་དང་མི་གཅིག་གི་གནད་དོན་དེ་ཅི་ཡང་མིན་པ་བདེན་པ་འདྲ་ན་ཡང་། རྒྱབ་གཞུང་སྨྲ་བརྗོད་རང་དབང་དང་བོད་ཀྱི་སྐད་ཡིག་ལ་ཐུག་བསྡད་ཡོད། རྒྱ་གཞུང་བཙན་བྱོལ་ནང་གི་བོད་མི་ཚོར་རེ་དགོས་དོན་མེད་པས་དེ་ལྟར་བྱེད་ཆོག་ཆོག་ཡིན་མོད། འོན་ཀྱང་བློ་སེང་ལགས་དེ་ལྟར་ག་ལ་ཡིན། བློ་སེང་མི་གཅིག་རང་ལ་ནུས་པ་ཇི་འདྲ་ཆེ་རུང་མི་དམངས་ལ་ལྟོས་མི་དགོས་པའི་ཚོད་ཅིག་ལ་སླེབས་ཨེ་ཡོད་དམ།།
བོད་ཀྱི་གཏམ་དཔེར། ཁ་ལག་པ་གཉིས་ཀྱིས་གང་བྱས་དེ། གཉའ་ཚང་ར་གཉིས་ཀྱི་ཁུར་དགོས་རེད།
ཁ་རོ་ལ་བལྟས་ནས་མི་ངུ་བ། གྱང་ལ་བལྟས་ནས་ངུ་དོན་ཅི། ཁ་བྱ་བྱེད་མང་ན་བྱེའུ་རྐང་ཆག་དཔེ་དེ་བཞིན་ནོ།
བསམ་ཚུལ་བཤད་ཆོག་པ་ཞུ
ཤར་ཁུག་སེམས་ཤུགས་མ་ཆག་བོད་དང་བོད་མིར་དུང་ཞེན་ཡོད་ན་དེ་དང་དེར་ཕན་པའི་ལས་ཀ་མང་། ད་ལྟ་བྱས་པ་ལས་བྱ་རྒྱུ་མང་། ལམ་ལོག་ཏུ་བསྐྱོད་རྒྱུར་དོགས་ཟོན་དགོས་མི་གཞན་གྱི་བེད་སྤྱོད་ལོག་པར་མི་གཏོང་བའི་ངེས་པ་མེད་པས་ཉིད་ནས་ཟབ་རོགས་ཞུ་རྒྱུ་ཡིན།།
ཡི་གེ་བ་ཚོར་ཆག་འཇིགས་འདི་འདྲ་གནའ་ནས་ད་བར་གང་ཡིན་ས་རུ་ཡོང་གིན་ཡོད་པས། ང་ཚོས་ཀྱང་བཀའ་ཁྲིའི་ཕྱག་ན་ཡོད་པའི་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་དེ་ལ་བློ་ཅི་ཙམ་གཏད་རྒྱུ་འདུག་ལྟ་རྒྱུ་རེད།
ཀུན་གསལ་ཟླ་བ་ལགས་ཀྱི་གཏམ་དཔེ་དེ་འདྲ་སྙན་ལ་དངོས་ཡོད་དང་བར་ཐག་ཉེ།
ད་དུང་། ཁ་རིན་པོ་ཆེ་ཡིས་ལུས་སེམས་བདེ་མི་བཅུག ལག་རིང་དྲགས་ནས་ཉིན་འཚོའི་་ཁ་ཕོར་ཤོར།
ད་དེ་ལས་ཐལ་ན་ཇུས་ཉེས་ཀྱིས། ཁྱོད་འབོག་རྡོ་ཡོང་ནས་འཛིན་ཡང་ཉེ།
ཨོ་ལོ་ཆོས་འབྱོར་།
ཁུག་རྟ་ལགས། བློ་མ་ཕམ། ཡང་ན་རྒན་ལྷ་མོ་སྐྱབས་ཀྱི་བཀའ་གནང་བཞིན་གྱིས། ཡང་ན་གྲ་སར་ཡོང་ནས་གྲ་པ་བྱས་དང། ངས་ཁག་ཐེག་རྒན་བྱ།
གྲོགས་པོ་ལགས་སེམས་མ་ཕམ། ཁ་ལག་པའི་གང་བྱས་གཉའ་ཚང་རས་ཁུར་དགོས་པ་བུ་རྐང་ཡོད་ཞིག་གི་སེམས་ཤུགས་རེད། སྤྱིར་རང་གཞུང་ལ་དེ་ལྟར་ལབ་ན་ཡག་པོ་མི་འདུག བཀའ་ཤག་གིས་ཐག་དེ་ལྟར་གཅད་པར་ཁག་མེད་རེད སྤྱིར་གཞུང་ལ་སྒྲིག་གཞི་ཞིག་ཡོད་རེད། དེ་དང་ཁྱད་པར་ཐད་གི་བལྟས་ན་གླེན་པ་མཁས། ལག་པར་བཞག་ན་མ་སེམས་སྐྱོ་ཟེར་བའི་དཔེ་ལྟར་ སུ་ལའང་བཤད་གྱི་ཡོད་རེད་ད དོན་ལག་ལེན་ལ་ཁག་པོ་རེད།
དྲ་གྲོགས་རྣམ་པར་ཞུ་རྒྱུར།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྱིས་རྩོམ་འབྲི་གནང་བའི་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཐད་ལ་གླེང་སློང་མང་པོ་གནང་སོང་བ་དང་། ཚོར་བ་མ་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་སོང་བས་དེ་ཡང་མང་གཙོ་ཚད་ལྡན་གྱི་ལེགས་བྱང་བཟང་པོའི་ཁྱད་ཆོས་ཤིག་རེད།
དྲ་གྲོགས་རྣམས་ཀྱི་ཚོར་བ་དང་། བསམ་ཚུལ། ལམ་སྟོན། གསལ་འདེབས་སོགས་སྒོ་སྣ་ཚོགས་ནས་དྲ་ལམ་ཁག་ཏུ་འུར་ཟིང་ཆེན་པོ་གནང་སོང་བས། འུར་སྒྲའི་རླུང་ཡན་འདི་ཡང་དོན་མེད་ཀྱི་རླུང་སྒྲ་ཞིག་མ་ཡིན་པར་དཔལ་ལྡན་བཀའ་བློན་ཁྲི་པ་དང་། རྩོམ་པ་པོ་བློ་བཟང་ཆོས་འབྱོར་སོགས་ཚང་མར་བློ་བསྐྱེད་དང་། ཐུགས་སྣང་གནང་དགོས་པས་ལམ་སྟོན་དང་། སྐུལ་ལྕག་མང་པོ་ཞིག་ཐེབས་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད།
དྲ་གྲོགས་བསམ་ཤེས་རེ་ཟུང་གིས་གསལ་བཤད་དང་རེ་སྐུལ་གནང་དོན་བཞིན་མུ་མཐུད་འདིའི་སྐོར་ལ་ནང་ཁུལ་རྩོད་རེས་དང་། རྒྱག་རེས་བྱས་ན་ཕན་གནོད་གཉིས་ལས་གནོད་ཚབས་ཆེ་སྲིད་པས་ཚང་མས་དགོངས་བཞེས་གནང་སྟེ་༼སེང་གེ་བཀའ་ཤག་གི་མདུན་ལམ་༽དང་འབྲེལ་བའི་མཆན་འགོད་རིགས་ཀྱང་མཚམས་འཇོག་གནང་ན་དགེ་མཚན་ཆེ་བས་རེ་སྐུལ་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ཀྱང་བཀའ་ཤག་གི་ལས་མཚམས་འཇོག་ཏུ་བཅུག་པར་མི་མང་གིས་ངོས་འཛིན་ཐད་ནས་ཁོང་ལ་ཞན་ཆ་ཞིག་མཐོང་སྲིད་ཀྱང་། དོན་གྱི་མཁས་དབང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་ལ་ཆེ་བརྗོད་འདི་ལྟར་གནང་འདུག
ཚེ་དང་ལྡན་པ་བློ་བཟང་ཆོས་འབྱོར་ཕྱི་ལོ་༢༠༠༧ ཟླ་༧་ཚེས་༢་ནས་ཕྱི་ལོ་༢༠༠༩་ཟླ་༣་ཚེས་༢༩་བར་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ནང་ཡིག་ཚགས་དང་། བྱུང་རབས་རྒྱུ་ཆ་བསྡུ་རུབ། ཉམས་ཞིབ་བཅས་ཀྱི་ལས་འཁུར་གནང་བ་དང་། སླར་ཡང་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༩་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་འབྱེད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེབས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས།
བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་༢༠༡༡ ཕྱི་ཟླ་༨་ཚེས་༥་ལ།
འདི་ནས་གསལ་འདེབས་ཞུ་རྒྱུར།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་བའི་ཕྱག་འགན་གནང་བཞིན་པ་དང་། ཤར་ཕྱོགས་ཁུག་རྟ་ལགས་ཀྱང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གཟིགས་གསོལ་དང་། དཔལ་ལྡན་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་ལྟར་ཆེ་བསྟོད་གནང་ཡུལ་གྱི་མི་སྣ་ཞིག་ཡིན་པས་ཆ་ནས་ཁྱོད་ཕམ་ང་རྒྱལ་གྱི་རྩོད་པ་དེ་མེད་པར། བོད་སྤྱི་བའི་དོན་དུ་རང་རང་གིས་ནུས་སྟོབས་གང་འདྲ་འདོན་རྒྱུ་ཡོད་མེད་ནི་ང་ཚོ་ཚང་མས་ཨ་མས་བུ་ལ་ཚད་མཇལ་ས་ཡིན་པས། བུ་རྒོད་དག རེ་སྒུག་དང་འཁྲེང་ཞེན་གྱིས་ཁྲོད་ན་མིག་ཟུང་ཅེར་བའི་གཞིས་བྱེས་བོད་མི་ཚོས་ཆེད་དུ་སྔར་ལྷག་གིས་ནུས་ཤུགས་རྩལ་སྤྲུགས་ཡོང་བའི་འབོད་སྐུལ་ཡོད་ལ། དྲ་གྲོགས་ཚང་མས་ཁ་དགྲ་ལ་གཏད་དེ་རྣོ་ངར་ཚིག་གི་མཚོན་ཁ་བསྡུར་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྩོམ་པ་པོ་ཤར་ཁུག་ལགས་ལྷག་བསམ་རྣམ་དག་གིས་གཞུང་ཞབས་ཀྱི་བྱ་བ་ལ་འབད་བརྩོན་བྱེད་བཞིན་ཡོད་པ་སེམས་པ་དགའ་ནས་ཡོད། ཡིན་ཡང་དེ་རིང་མ་བསམ་ས་ནས་དྲ་རྒྱའི་ཐོག་གི་གནས་ཚུལ་ལ་བལྟས་པ་དང་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་འདུག ཡིན་ཡང་ཁྱོད་ཀྱི་ལྷག་བསམ་དཀར་པོ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ཡིན་པས། མུ་མཐུད་ཕྱག་ལས་ཡག་པོ་རེག་རྒྱུ་ང་ལ་ཡིད་ཆེས་དང་གདེངས་ཚོད་ཆེན་པོ་ཡོད། ཁྱོད་ནི་ཐེ་ཝན་དང་ཡོ་རོབ་གཉིས་སུ་མ་བསྡད་པར་ཕྱིར་ལོག་པའི་ལྷག་བསམ་རྣམ་དག་ཅན་གྱི་གཞུང་ཞབས་ཤིག་ཡིན་པ་ང་དང་ང་ལྟ་བུའི་ཤེས་ནི་རེད། ཨ མའི་བུ་ཤུ་རེ་བྱོས།
བཀའ་ཁྲིའི་སྐུ་མདུན་དུ་དགོངས་སེལ་ཞུ་ཆེད་ཐེངས་བཅུ་བཞི་གཅར་བའི་དཔང་པོ་ནི་ཤར་ཕྱོགས་ཁུག་རྟ་རང་ཉིད་ལས་མེད། དེ་ལས་བཀའ་བློན་ཁྲི་བས་ཕར་རྒྱུག་ཞེས་བོད་ཁམས་ཕྱོགས་ནས་ཡོང་པའི་གསར་འབྱོར་བ་ཞིག་གི་ཁ་སྐད་ཀྱི་ཐོག་ནས་བཀྱོན་པ་དེ། ཐོས་མཁན་ཤར་ཕྱོགས་ཁུག་རྟའི་རྣ་བ་ལས་མེད། མཐར་སྡོམ་ན། ཤར་ཕྱོགས་ཁུག་རྟ་ཤར་ཕྱོགས་ཀྱི་གླ་ཟན་ཡིན་པའི་དཔང་རྟག་ཤར་ཕྱོགས་ཁུག་རྟ་རང་ཉིད་གསལ་པོ་བྱས། དེ་ལ་རི་བོང་གིས་ཅལ་ཟེར་གྱི་འདུག་ཟེར་ནས་བྲོས་པའི་མི་འཁྱམས་ལས་མེད་དྲ་ཉུལ་འགས་ཤ་ཚ་མདོག་བྱས། དོན་དུ་རང་མདོག་ངོ་མ་དེ་ཁ་ཕོར་ཆུང་ཆུང་ཞིག་གི་ཆེད་དུ་ངོམ་པ་འདི་རྣམས་ལ་བལྟ་སྐབས། དྲ་རྒྱ་འདི་དག་ལའང་དངོས་གནས་སྙིང་ན་གི
སྐད་ཆ་འདིར་ཞིབ་འཇུག་མ་བྱས་གོང་ལ་འུར་སྒྲོག་བྱེད་པ་འདི་དོགས་པ་ཞིག་རེད། འདི་མི་མང་བོ་ཉེ་སུར་འགུག་པའི་ཐབས་ཤེས་ཤིག་རེད། ཆོས་འབྱོར་གྱིས་དྲ་ཐོག་བཞག་པའི་ཡི་གེ་གཉིས་ཀ་བཀླགས་རྗེས། དེ་གནད་དོན་ཚབས་ཆེན་ཞིག་མིན་པ་ཤེས་སོང་། ༡ གཞུང་ཞབས་ཡིན་མིན་གང་ལྟར་ཡང་གཞུང་གི་སྒྲིག་ཁྲིམས་སྲུང་དགོས་པ་དེ་གལ་ཆེན་པོ་རེད། ༢ ཁོང་ཉིན་ལས་ཀྱི་དུས་བཅད་རྫོགས་ཚར་རྗེས་ཕྱིར་བསྐོ་འཇོག་མ་བྱས་པ་ཞིག་རེད། དེའང་རྒྱུན་ལྡན་འགྲོ་སྲོལ་ཞིག་རེད། ༣ བོད་ནང་གི་ཛ་དྲག་གི་སྐབས་འདི་ཞིག་དོན་མེད་མི་མང་ལ་འུར་བསླངས་ཏེ་བཀའ་ཁྲི་གཙོས་གཞུང་འཛིན་མི་སྣང་དག་ལ་མི་དགའ་བ་ཆགས་ཏུ་འཇོག་རྒྱུ་ལས་འགུལ་འདི་རྩ་བ་ནས་ཡག་པོ་མི་འདུག ལས་འགུལ་འདི་རྩོམ་པའི་མི་འདི་ཚོ་བོད་མི་རིགས་ལ་ཤ་ག་ཚོད་ཅིག་ཚ་མིན་ཡང་ཞོར་དུ་ཤེས་ཐུབ་པ་ཞིག་རེད། ད་བོད་མི་རིགས་ཀྱི་ཆེད་དུ་ཅི་གང་མི་འཇོན་ནའང་ནང་ཁུལ་ལ་དཀྲིག་མ་རྒྱག་རོགས་ཞེས་བཤད་ཀྱིན་ཡོད།
གླིང་དཀར་པོ་ཞོ་བཞིན་ཆག་པ་ལ། །
དཔོན་ཁྲོ་ལུས་ཁྲ་ལྟར་དཀྲུགས་པ་བཞིན། །
བོད་སྤྱི་པའི་བཀའ་ཁྲིའི་ལས་དབང་ནང་། །
འདྲེ་བློ་ཆོས་གཡོ་འཕྲུལ་ལས་ལ་བྲེལ། །
ད་བོད་པའི་ལས་དབང་མི་བསམ་མཁན། །
ལ་ལུང་པའི་འཐེན་འཁྱེར་དབང་སོང་སྟེ། །
གྲི་དཔའ་དམ་སོ་ཁ་ནང་བསྟན་ནས། །
ནང་ཕུ་ནུ་གསོད་པའི་ལས་བྲེལ་རིངས། །
མགོན་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཐོག །
ཁ་བློ་མིག་མ་ཡོ་བོད་མིའི་ཁྲོད། །
ཆེས་མང་མོས་འོ་བསྡུ་དབང་བཙན་པས། །
བུ་དཔའ་བོ་གསེར་ཁྲིའི་སྟེང་དྲངས་ཀྱང་། །
ཆེན་རློམ་པའི་གཅིག་ཤོས་ནད་རོ་དེས། །
རང་ཉེ་འཁོར་ཀུན་ལ་ཁོག་རྒྱང་སྟེ། །
བཀྲ་མི་ཤིས་སྐྱོན་དང་འཚང་འདྲུའི་རིགས། །
ཐབས་ཡོ་རྒུ་རྩལ་འདོན་བྱེད་འདི་ཅི། །
བུ་བློ་བཟང་ཆོས་འབྱོར་ཁོག་པའི་ནང་། །
གནའ་རུལ་སུངས་བཀའ་བློན་བཀྲོང་ངེར་བཞུགས། །
ཁོ་རང་དབང་མེད་པར་སྤྱོད་ལོག་བསྟན། །
འདི་ལྷག་བསམ་རེད་སོ་གདོན་འཕྲུལ་རེད། །
བོད་ཉན་འཕྲང་ཅན་གྱི་དུས་སྐབས་འདིར། །
རང་མི་རིགས་ཛ་དྲག་འཐབ་རྩོད་ནང་། །
འདྲེ་བློ་ཆོས་འཐབ་རྩོད་རང་རྒྱག་འདི། །
བོད་སྲི་ཞུ་རེད་སོ་ཕུང་དཀྲུགས་རེད། །
མི་གཡོ་ཅན་ཁོག་པའི་བར་གསེང་ཀུན། །
ཕྱོགས་འགལ་བའི་ཚོགས་པ་སྐྱིད་ཉལ་འཐེན། །
རྒྱ་ནག་པོའི་བྱིན་རླབས་སྙིང་དུ་སྦྲུམ། །
འདི་ངོ་ནག་རེད་སོ་ངོ་དཀར་རེད། །
བོད་ལས་དབང་དར་ལྕེ་རླུང་འདེད་ནང་། །
གཞི་ཚུགས་པའི་རྩིག་ར་མི་སྐོར་བར། །
རླུང་མཉམ་དུ་སྦུད་པ་གཏོན་མཁན་འདི། །
འདི་བྱ་ར་དགོས་སམ་རྒྱབ་སྐྱོར་དགོས། །
ཧེཧེཧེ
ཁ་སྨྱུག་གུ་གཉིས་ཀ་ཐོགས་མེད་དུ། །
མེ་དྲག་ཏུ་འབར་བ་དམངས་གཙོའི་དགེ། །
ལས་བྱས་པ་རྩ་ཕུང་རི་བོ་ཡང་། །
མེ་ཙག་ཐུར་གཅིག་གིས་ཐལ་བར་གཏོང་། །
ཧཧཧ
གོང་ལ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་མཆན་ལ་བལྟས་པས་ན། ཁོང་ཉིད་ཀྱིས་འདི་ལྟར་འབོད་སྐུལ་ཞུས་པ་ནི་རང་ཉིད་ཀྱི་ད་དེང་ལས་སྣེའི་ངོ་བོ་གཙོ་བཟུང་གིས་བྲིས་པ་རེད་སྙམ། ཁོང་གིས་གོང་དུ་”ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྱིས་རྩོམ་འབྲི་གནང་བའི་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཐད་ལ་གླེང་སློང་མང་པོ་གནང་སོང་བ་དང་། ཚོར་བ་མ་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་སོང་བས་དེ་ཡང་མང་གཙོ་ཚད་ལྡན་གྱི་ལེགས་བྱང་བཟང་པོའི་ཁྱད་ཆོས་ཤིག་རེད།”ཅེས་བྲིས་འདུག འོན་ཀྱང་འོག་ལ་ཁོང་གིས་འབོད་སྐུལ་ཞུ་ཚུལ་ལ་བལྟས་ན། ཁོང་གིས་རང་ཉིད་ཀྱི་སྐད་ཆ་གོང་འོག་གཉིས་ཐ་དད་དང་རྒྱབ་འགལ་དུ་འགྱུར་འདུག་སྙམ། མཚམས་འདིར་ངས་ཁོང་ལ་”མང་ཚོགས་ཚད་ལྡན”ཞེས་པ་དེའི་ནང་དོན་ཅི་རེད་ཅེས་སྐད་ཆ་འདྲི་འདོད་བྱུང་། མང་ཚོགས་ཤིག་ལ་མཚོན་ན་སྨྲ་བརྗོད་རང་དབང་ནི་མང་ཚོགས་ཀྱི་རྨང་གཞིའི་རང་དབང་ནང་གི་ཡ་གྱས་ཤིག་ཡིན་པ་དང་། གལ་སྲིད་རང་དབང་འདི་ཉིད་ལོངས་སུ་སྤྱོད་པར་བཀག་འགོག་དང་ཐེ་ཅུས་བྱེད་པ་ནི་མང་ཚོགས་ཀྱི་ཆེས་རྨང་གཞིའི་རང་དབང་དེ་ཉིད་དང་འགལ་བ་རེད། རང་གཞུང་གིས་སྒྲིག་གཞིའི་ནང་ལས་བྱེད་དམ་ལས་མི་སུས་རང་ཉིད་ཀྱི་གཞུང་གི་འཚང་འདྲུད་མི་ཆོག་པ་དང་གལ་སྲིད་དེ་ལྟར་གནང་ན་སྒྲིག་གཞི་དང་འགལ་བ་ཡིན་དུས། ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་སྒྲིག་སྲོལ་བཟོས་པ་འདི་ནི་མང་ཚོགས་ཚད་ལྡན་ཞིག་མིན་པ་སྟོན་ལ། རང་གཞུང་གིས་ཁ་ནས་མ་ནི་བགྲངས་བགྲངས་ཀྱི་མང་ཚོགས་དེའང་འཁྲབ་སྟོན་གྱིས་ཟོལ་བའི་མང་ཚོགས་ཤིག་ལས་མ་འདས།
ཁོང་ཉིད་སྤྱི་འཐུས་ཤིག་གིས་འདི་ལྟར་མང་ཚོགས་ཀྱི་རང་དབང་མི་སྤྱོད་པར་འབོད་སྐུལ་བྱེད་པ་དང་། བཀའ་ཁྲིའི་ཕྱོགས་སུ་མི་མངོན་པར་ལངས་པ་དེ་ཡང་དྲང་བདེན་དང་རང་དབང་ལ་རྡོག་རྫིས་བྱེད་པ་ཡིན་དུས། ཁོང་གིས་གྲོས་ཚོགས་སུ་ཇི་ལྟར་བོད་མི་དང་བོད་ཀྱི་ཆབ་སྲིད། བོད་ཀྱི་རིག་གཞུང་དག་ལ་ལས་བསྐྱེལ་ཇི་ལྟར་འབུལ་ཐུབ་བམ་སྙམ་པའི་ཐེ་ཚོམ་སྐྱེས། ཁ་རང་ལ་ཡོད་པ་དང་གང་བརྗོད་འདོད་ཡོད་པ་ནི་མང་ཚོགས་ཀྱིས་ང་ཚོར་གསོལ་རས་གནང་བའི་རང་དབང་ཡིན་དུས། དེ་ཉིད་བཀག་ཐབས་སུ་ལའང་མེད་ལ། བཀག་དབང་ཡང་སུ་ལའང་མེད། འབོད་སྐུལ་ཙམ་ཡང་ཞུ་མི་རིགས་པ་རེད།
གལ་སྲིད་མཁས་པའི་དབང་པོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེན་གྱིས་འདི་ལྟར་ཤར་ཕྱོགས་ཁུག་རྟ་ལ་ཆེ་མཐོང་དང་གཟིགས་སྐྱོང་ཡོད་པ་དང་། ཁོང་ནི་དངོས་གནས་མིང་དོན་མཚུངས་པའི་ཤེས་ཡོན་ཅན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ནུས་པ་འདོན་ཐུབ་མཁན་ཞིག་ཡིན་ན། ང་ཚོས་ཅིས་ཀྱང་ཁོང་ཉིད་འདི་ལྟར་འཕྲོ་བརླགས་གཏོང་མི་རིགས་ལ། ཁོང་གི་སེམས་ཤུགས་དང་གཞུང་སེམས་ཇེ་བརྟེན་དུ་འགྲོ་པར་རྒྱབ་སྐྱོར་དང་རོགས་འདེབས་ཞུ་དགོས་སྙམ།
འབུམ་པ་རྒྱལ་གྱི་གསུང་པ་ལ་རྒྱབ་སྐྱོར་ཡོད། མི་སྐྱོན་མེད་འཛམ་བུའི་གླིང་ན་དཀོན། ཤིང་མཛེར་མེད་རྒྱ་རྫོང་ནག་ན་དཀོན་ཞེས་པ་ལྟར་ཡིན་པས་གཅིག་དཀར་པོ་དང་གཅིག་ནག་པོ་བཟོ་རྐྱང་བྱེད་པ་ནི་རང་སྐྱོན་ལས་གཞན་མ་རེད། བཀའ་ཁྲིའི་ངོས་ནས་མ་འགྲིག་པ་བྱུང་ཡོད་སྲིད་ལ། ཤར་ཕྱོགས་ཁུག་རྟའི་ངོས་ནས་མ་འགྲིག་པ་ཡང་བྱུང་ཡོད་སྲིད། གང་ལྟར་དོན་འདི་འུར་ཟིང་ཆེན་པོ་མ་བཟོས་ན་ལེགས།
ངས་ལྟོས་ན་འདི་ཚང་མ་ཤར་ཕྱོགས་ཁུག་རྟས་རང་གི་མྱོས་ནི་རེད།དྲ་འབུ་བརྫུས་ཏེ་བོད་ཕྱི་ནང་དུ་ཕུང་དཀྲུགས་ག་ཚོད་བྱས་ཡོད་ཀུན་གྱི་མཁྱེན་གསལ་རེད།ང་བཀའ་ཤག་གི་བྱེད་ལས་འདིར་སྙིང་ནས་དགའ་བསུ་ཡོད། གྲྭ་རྨོག་བསྟན་གྱི་ཟམ་གདོང་དྲུང་ཡིག་གི་ཡི་གེ་ཞིག་འཁྱེར་ནས་ཁོང་སྐྱོབ་འདོད་དེར་སྙིང་རྗེ་སོང་།ད་ནི་གནམ་རྡིབ་སོང་བ་མིན་པར་ཁོང་ལ་འཇོན་ཐང་ཡོད་ན་ལྟ་རྒྱུ་ལྷག་ཡོད་རེད།
སྲིན་འབུ་མེ་འཁྱེར་ལ།
ངེད་ཀྱིས་མང་གཙོ་ཚད་ལྡན་ཞེས་བྲིས་ཡོད་པ་ལས། མང་ཚོགས་ཚད་ལྡན་ཞེས་བྲིས་མེད། ཁྱོད་ཀྱིས་ལབ་པ་ཞིག་ལ་ངས་ལན་འདེབས་དགོས་དོན་མི་འདུག
ང་ནི་བཀའ་ཁྲིའི་ཕྱོགས་སུ་ཀྱོག་པས་མངོན་རྟགས་གང་ཡང་མེད་བསམ་ཡོད། ཁྱོད་ཀྱིས་ངོས་འཛིན་དེ་ལྟར་བྱེད་ན་དགག་བྱ་མེད།
དོན་གྱིས་ཆོས་འབྱོར་ལ་རྒྱབ་སྐྱོར་དང་ཤ་ཚ་བྱེད་རྒྱུ་ན། སེམས་ཁྲལ་བྱེད་ས་ནི་ཁོའི་མ་འོངས་པ་དང་། མདུན་ལམ། སྤྱི་ཚོགས་སུ་ལྡིངས་ཆ་བསྐྲུན་པར་རོགས་འདེགས་བྱེད་རྒྱུ་སོགས་ཡིན་པ་ལས། མཆི་མ་ས་ལ་གཡུག་ཟིན་པ་ཞིག་ལ་ལག་སྙོབ་བྱས་ནས་ཅི་ཞིག་གི་སྙིང་པོ་འདུག་གམ།
དེ་ལས་ང་ཚོས་ནང་འཁྲུག་དང་ཟིང་ཆ་བཞག་སྟེ་ཆིག་བསྒྲིལ་གྱི་ལམ་བུ་འཚོལ་རྒྱུ་ནི་ང་ཚོའི་སྟབས་ཤུགས་ཡིན་ལ། ང་ཚོའི་མདུན་ལམ་ཡིན། ད་དུང་ང་ཚོའི་རེ་བའང་ཡིན་པས། བུ་རྒོལ་ཚོ། གཞིས་ལུས་བོད་མིའི་སྙིང་སྟོབས་དང་། ལ་རྒྱ། ཆིག་བསྒྲིལ་ལ་ལྟ་བཞིན་ལམ་དུ་ཆས། རང་དབང་དང་བདེན་པ་རྩོད་ཕྱིར།
བོད་ཡིག་འབའ་ཞིག་མ་གཏོགས་མི་ཤེས་པའི་བཙན་བྱོལ་ནང་གི་རྩོམ་པ་པོ་ཡིན་ཟེར་མཁན་ལ་ཤས་ཤིག་གིས་ནང་ཁུལ་རྙོག་དྲ་བཟོ་བ་ལས་ཅི་གང་མི་འཇོན་ཡ། རྒྱུ་མཚན་ཁོང་ཚོ་མིག་གཅིག་ལས་མེད་པས་སོ། སྤྱིར་ཡིན་ན་མི་སྒེར་བ་ཞིག་གི་དོན་དག་ཆུང་འདི་ལྟ་བུར་གཅིག་རྒྱབ་གཉིས་ལངས་བྱེད་པ་ལས། ཁ་སང་དེ་རིང་མེ་རུ་སྒྲོན་བཞིན་པའི་གནས་སྟངས་ལ་བགྲོ་གླེང་དང་རྒྱལ་སྤྱིར་འུར་སློང་ཐུབ་པའི་རྩོམ་ཡིག་སྤེལ་དགོས་པ་རེད། མི་ལོ་ལྔ་བཅུར་ང་ཚོ་འབའ་འབུ་གསོད་གསོད་བྱས་སྡོད་མཁན་རྒྱ་ནག་དམར་གཞུང་ངེས་དོན་ཁ་གཏད་གཅོག་ཕོད་པའི་སྙིང་སྟོབས་གླེང་དགོས་པ་རེད། འོན་ཀྱང་། ང་ཚོའི་བཙན་བྱོལ་རྩོམ་པ་སྐོར་ཞིག་་ཤིན་ཏུ་ལྐུགས་སྟབས་ཚིག་གྲུབ་འགར་རྩོམ་ཡིན་ཟེར་ཁུལ་གྱི་མིང་ཞིག་བཏགས་ཏེ་ཡིད་ཚིམས་པ་ལྟ་བུར་སྡོད་ཅིང་། ང་རྒྱལ་ལྟ་བུའི་མགོ་འཕངས་མཐོ་མཐོ་བྱས་ཏེ་རང་ལས་བརྒལ་བའི་སྐད་ཆ་ཆེན་པོ་ཆེན་པོ་རེ་བཤད་དེ་ཉི་མ་གཏོང་རྒྱུར་དགའ། དེའི་རྒྱུ་མཚན་གྱིས་བཙན་བྱོལ་རྩོམ་པ་པོ་ཡིན་ཟེར་མཁན་རེ་འགས་རྟག་པར་ནང་དཀྲིག་བྱ་རྒྱུ་ལས་ཅི་གང་མི་འཇོན་པ་དེ་ནི་ཆེས་དགོད་བྲོ་ཞིང་ཡིད་ཐང་ཆད་པ་ཞིག་རེད་ཨང་ཟེར་འདོད་བྱུང་།
བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་བར། བོད་ལ་བོད་ཀྱི་ཕ་སྐད་དང་། རིག་གནས། ལེགས་བྱང་། བྱུང་རབས་མི་མཁྱེན་པའི་དབུ་ཁྲིད་གཅིག་ཀྱང་བྱུང་མ་མྱོང་། ད་ལྟ་དེ་དངོས་སུ་ཐོན་ཡོད། འདི་ལྟས་ངན་ཞིག་ཡིན་ཞེས་སྔོན་ནས་སྨྲས་ཡོད། ད་ཐེངས་ཁོང་གི་བོད་ཀྱི་ཤེས་བྱའི་ཐད་དོགས་སློང་དང་ཨ་ཐང་ཆད་མཁན་གྱི་ཡི་གེ་བ་ཞིག་ལ་སྒེར་གཅོད་ཀྱི་རལ་གྲིས་བརྒྱབས། འདི་ལྟས་ངན་ཞིག་ཡིན།
བོད་ཁ་བ་ཅན་ན་བོད་ཀྱི་ནང་དོན་གྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་གི་ཡོད། བོད་ཀྱི་ཕ་སྐད་དང་རིག་གནས་རྣམས་བོད་ཀྱི་དོན་ལྔ་སྣོད་དྲུག་ཡིན། མགོ་སེར་སྤྲེའུའི་རིགས་ཀྱི་གཡོ་གཏམ་བཤད་ལ་གོམས་པའི་ཤོག་བུའི་སེང་གེ་འདིས། གཡོ་གཏམ་ཁྲི་འབུམ་གྱི་དམ་བཅའ་ཕུལ་ནས། བཀའ་ཁྲིའི་སྲིད་སྟེགས་སུ་སླེབས་པ་འདི། དངོས་གནས་ལྟས་ངན་ཡིན། དམ་བཅའ་སེང་གེ་ལ་རྣམ་ཤེས་མེད་རྐྱེན་གྱིས་ཤོག་བུའི་སེང་གེར་འགྱུར་བཞིན་པ། ཟླ་ངོ་ཁ་ཤས་ནང་གསལ་ནས་གསལ་དུ་ཕྱིན། གསལ་བོ་ཆགས་པ་འདི་ལྟས་ངན་སྣ་འདྲེན་ཡིན།
བོད་ཀྱི་ནང་དོན་ལ་ཡིག་རྩལ་གཏོང་གི་ཡིན་ཞེས་༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་ཀྱང་སྨྲས། དེང་དུས་ཤེས་ཚད་ལོངས་ཡོད་ཅེས་བཙུན་པ་ཟམ་གདོང་གིས་ཀྱང་སྨྲ། སྔ་མ་ནག་ཁུངས་ནས་ཕྱི་མ་ནག་ཁུངས་སུ་འགྱུར་ཚུལ་འདི། ཧ་ཅང་ལྟས་ངན་ཡིན། ༧རྒྱལ་བའི་དགོངས་གཞི་དེ་འགྲོ་སའི་ལམ་ཐིག་ཏུ་བཙུན་པ་ཟམ་གདོང་གིས་དམ་འབུལ་ཉིན་མོར་གསུངས། སྐུ་ཚབ་རྒྱ་རི་པས་སྔར་བྱས་མི་འཕེལ་ཀྱང་ནག་བསུབ་མ་གཏོང་ཞེས་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་སྐབས་སུ་གསུངས། གསུངས་པ་འདི་དག་གི་དོན་དང་བརྗིད་ཁོག་གིས། དེ་རིང་ཤོག་སེང་གི་གནས་བབ་ལུང་དུ་བསྟན་པ་འདྲ་བས། ཡབ་མེས་རུས་བཟང་གི་བུ་རུལ་རུས་མེད་འདི་ཧ་ཅང་ལྟས་ངན་རེད།
ཕོ་རྒོད་པོ་གཉའ་ལག་འགུག་མཁན་དེ། ནད་མི་གེ་ཨ་ཙ་སྐེ་རིང་རེད། བོད་བཀའ་ཁྲིའི་ལས་དོན་གེགས་བཟོ་མཁན། སྡང་དགྲ་བོ་བློ་བཟང་ཆོས་འབྱོར་རེད།
ང་ཚོའི་གཞུང་འདི་ནི་ད་དུང་མང་གཙོའི་གཞུང་ཚད་ལྡན་ཞིག་ཆགས་མི་འདུག། ང་ཚོས་བོད་ནང་ན་མང་གཙོ་དང་སྨྲ་བརྗོད་རང་དབང་མེད་ཟེར་བཞིན་ཡོད་ཀྱང་དོན་གྱི་བཙན་བྱོལ་ནང་ན་སྨྲ་བརྗོད་རང་དབང་མི་འདུག
ཆོས་འབྱོར་ལས་ཀར་རྒྱུན་མཐུད་རྒྱུར་ངེས་ལེན་མ་གནང་བ་དེ་ཛ་དྲག་ཏུ་སྒྲོག་པ་དང་། དཔལ་ལྡན་རང་གཞུང་གི་བཀུར་འོས་དབུ་ཁྲིད་ཚོར་སྤྱི་ཚོགས་ནང་ནག་པོ་བཟོ་ཐབས་ཀྱི་ངོ་ཚ་བའི་ཀུན་སློང་མི་ལེགས་པ་འདི་སུ་ཞིག་གི་གཡོ་རྫུ་རེད། ལྷག་པར་ཅི་ཞིག་རྟོགས་སོང་བ་ལྟར་ལྷ་མོ་སྐྱབས་དང་རྨོག་རུ་བསྟན་པ་གཉིས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཁུལ་གྱིས་ཆོས་འབྱོར་གྱི་གཤོག་འོག་རླུང་རྒྱག་པའམ་སྤྱི་ཚོགས་ངན་སྐུལ་བྱེད་པ་ནི་ཇི་འདྲ་ཡ་མཚར་ཞིག་རེད། ཐུབ་བསྟན་བསམ་གྱིས་གསུངས་པ་ནང་བཞིན་ཆོས་འབྱོར་གྱི་ཉིན་གླའི་དུས་ཡུན་རྫོགས་གྲབས་ཡོད་པ་དང་། དེ་ནས་ཕྱིར་རང་འཇགས་བསྐོ་རྒྱུར་ངེས་ལེན་མ་གནང་ཚུལ་རེད། དེས་ན་དེར་སུས་ཀྱང་འཇིགས་སྐུལ་དང་ཐོབ་ཐང་རྩོད་སྲོལ་མེད། གཞུང་དང་སྒེར་ཚོགས་པ་གང་ཡིན་ན་དེའི་འགན་འཛིན་རང་ལ་ཐག་གཅོད་ཀྱི་དབང་ཚད་ཡོད་དགོས་པ་ཞིག་རེད། འགན་འཛིན་གྱིས་ཕྱིར་ལས་ཀ་རང་འཇགས་སྤྲོད་མི་སྤྲོད་དེའང་གླ་བ་དེས་སྒྲིག་ལམ་བརྩི་མི་བརྩི་དང་ལས་ཀའི་གྲུབ་འབྲས། ཚོགས་པ་སྡེ་ཚན་གང་གི་ལས་འཆར་གྱི་དུས་ཡུན་སོགས་ལ་གཞིག་ཏེ་དགོས་མིན་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་གནང་ཆོག དེ་ནས་ཆོས་འབྱོར་གྱི་ལས་ཀ་དེ་གནས་རིམ་དང་ཐོང་ཐང་གང་ཡང་མེད་པར་ཉིན་གླ་འམ་གླ་བའི་ངོ་བོའི་ཐོག་ན་ཡོད་པ་ཞིག་རེད། དེའི་ཐད་ནས་ཁོས་ཁོང་གི་འགན་འཛིན་གྱི་བཀའ་སློབ་ལམ་སྟོན་དང་དེའི་སྒྲིག་ཁྲིམས་ལ་བརྩི་བཀུར་གནང་དགོས་པ་གལ་ཆེན་པོ་རེད། ང་ཚོས་མང་གཙོ་ཟེར་ནས་སྐབས་རེ་ལོག་སྤྱོད་བྱེད་པར་གོམས་གཤིས་ཤིག་གྲུབ་བཞིན་འདུག མང་གཙོ་ཡིན་ནའང་གཞུང་གི་རྩ་ཁྲིམས་དང་ལས་བཟོ་བའི་སྒྲིག་ལམ་གང་ཡིན་ན་བརྩི་སྲུང་ནན་ཏན་བྱ་བར་འདང་རྒྱག་དགོས་པ་འཇིག་རྟེན་གཅིག་མཚུངས་རེད། དེ་མིན་ཚོགས་པ་དེའི་ལས་ཀ་གང་ཡིན་ནའང་ཚད་ལྡན་ཞིག་ཡོང་མི་ཐུབ་པས་འབྲེལ་སྡེ་ཚན་གྱི་འགན་འཛིན་གྱིས་སྒྲིག་ཁྲིམས་ལག་བསྟར་གནང་བ་ཡང་ཤིན་འཚམ་པ་ཞིག་རེད། ཆེས་ཡིད་སྐྱོ་བ་ནི་མི་རེ་ཟུང་གིས་མང་ཚོགས་ནང་འུར་བརྒྱབས་ཏེ་སྤྱི་ཚོགས་མི་བདེ་བར་བཟོ་བ་དེ་ཧ་ཅང་བློ་འཚུབ་ཀྱི་གཞི་རེད། ཆོས་འབྱོར་ཆོས་འབྱོར་རེད། དེ་སོང་ཡང་ཤུལ་ལ་གཅིག་འཇོག་ཐུབ་ནི་རེད། འོན་ཀྱང་། ཆིག་བསྒྲིལ་འདི་གལ་ཆེན་པོ་རེད། ཆིག་བསྒྲིལ་འདི་གལ་ཆེན་པོ་རེད། མི་སྒེར་གྱི་རྙོག་གླེང་ཆུང་ཙག་སྤྱི་ཚོགས་ཁེ་ཕན་ལ་ཁ་གཡར་ཏེ་ཁྱི་ཟུག་ཟུག་བྱེད་པའི་མི་འདི་ལ་རྣམ་དོགས་ཟ་གི་འདུག འདི་གཙོ་བོ་ཡི་གེ་ཤེས་ཟེར་མཁན་ཁག་ཅིག་རེད། ནམ་རྒྱུན༧གོང་ས་མཆོག་གི་བཀའ་བསློབ་ལས་མཇལ་མྱོང་བ་ཞིག་ལ”ཤེས་ཡོན་ལས་ཀུན་སློང་གལ་ཆེ”ཚུལ་ནན་གསུངས་གནང་ཡོད་པའང་ཡིད་ལ་ཡང་ཡང་དྲན་གི་འདུག ཆུ་སྣ་གར་ཁྲིད་བྱས་ཆོག་ཆོག་ཡི་གེ་བ་རྣམས་དང་མང་ཚོགས་འདི་དག་སྙིང་མ་རྗེ།
ཀ་དག་ཆོས་དབྱིངས་ལགས།
༡༽ཁྱེད་ཀྱི་སྐད་མཆན་ནམ་གཏམ་དཔེ་དེ་དེ་ཙམ་ཧ་ཅང་ཐལ་དྲགས་མ་ཡིན་ནམ།
༢༽བཀའ་ཁྲི་གསར་པའི་ལས་དོན་མགོ་བཙུགས་ནས་ཅུང་མ་སོང་བའི་བའི་མཚམས་ནས་དེ་སྔོན་མང་
ཚོགས་ཁྲོད་དུ་ཁས་ལེན་གནང་བའི་དམ་བཅའ་དེ་དག་སྒྲུབ་རྒྱུའི་ཁ་འདྲི་འདོགས་ས་འཚོལ་གྱི་ཡོད་དམ་
སྙམ་སྟེ། ཇི་སྐད་དུ།
འཇམ་མགོན་ས་པཎ་གྱིས།
ཉམས་ཆུང་སྟེང་དུ་དཔའ་ཐལ་ན།།
ཉམས་ངའི་གཡང་དུ་ལྷུང་འགྱུར་ཏེ།།
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།།
སྐམ་སར་ལྷུང་ན་འཆི་བར་འགྱུར།།
ཞེས་དང་།
ཁེངས་དྲེགས་སྡག་རྩུབ་ཆེ་བ་ཡི།།
དཔོན་ལ་སུ་ཡང་བརྟེན་མི་སྤྲོ།།
ངམ་གནག་ས་རལ་ཅན་གྱི་ཆུར།།
ཉ་ལ་སོགས་པ་མི་གནས་བཞིན།།
ཞེས་དང་ཡང་།
ཉེས་སྤྱོད་འཇོམས་པའི་མཆེ་སྡེར་ཅན།།
བག་ཡོད་གཡུ་ཡི་རལ་པ་གསིག །
སེང་གེ་ལྟ་བུའི་སྐྱེས་བུ་དེ། །
ཡལ་བར་མ་བོར་དང་དུ་ལོང་།།
ཞེས་སོགས་གསུངས་པའི་ཕྱིར་རོ།།
ཤར་ཕྱོགས་ཁུག་རྟ་ལགས་ཁྱེད་་་བློ་མ་ཕམ་་་ཁྱེད་ཀྱི་ལུས་ལ། ལྷག་བསམ་དང་ཤེས་ཡོན་གྱིས་གཤོག་ཡངས་དཀར་པོ་རྒྱས་པར་གྱུར་པ་བདེན་པའི་རླུང་གི་ཤུགས་སྟོབས་ཀྱིས། ཁྱེད་ཀྱི་ཡིད་དུ་འོང་བའི་མ་འོང་པའི་འཚོ་བ་དང་བོད་མིའི་རང་དབང་ཆེད་སྔར་བཞིན་མདུན་ནས་མདུན་དུ་འཕུར་ཞིག། ལྷག་བསམ་ཅན་གྱི་བདེན་པའི་བུ།།
བོད་མི་ས་ཡ་དྲུག་གི་ཁོག་པའི་ནང་གི་སྙིང་མཁས་དབང་བློ་བཟང་སེངྒེ་རྒྱལ་གྱུར་ཅིག བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
དྲ་གྲོགས་སྣྲོན་ངག་ཁྲི་ལགས། བཀའ་ཁྲིས་ཁས་ལེན་གནང་བ་གང་དག་སྐད་ཅིག་གཅིག་ལ་འགྱུར་བ་འགྲོ་ཡག་ང་ཚོ་བཙལ་བྱོལ་ནང་དུ་ཕལ་བཞག གཞི་རྐང་ལྡན་པའི་རྒྱ་ཁབ་གང་དག་ལ་ཧུབ་སྟེ་འགྱུར་བ་མི་གཏོང་བའམ་ཡང་ན་མི་འགྲོ་མཁྱེན་གསལ་རེད། དེ་རིང་འདི་བཀའ་ཁྲིའི་ལས་དོན་གེགས་བཟོ་ཡག་མ་གཏོགས་ལྷག་བསམ་དང་དྲང་བདེན་གྱིས་མཚོན་པའི་བྱེད་སྟངས་ཤིང་རྩ་ནས་མཐོང་གིན་མི་འདུག ད་དུང་ཁོ་ཡིས་བཀའ་ཁྲིའི་ཕལ་སྐད་ནང་དུ་ཕར་རྒྱུགས་ལབ་སོང་ཞེས་པ་དེ་ཚོ་དངོས་གནས་དགོད་བྲོ་ཡག་རེད། ཐག་ཆོད་ཟིན་པའི་ལས་ཀ་དག་ལ་བློ་ཆོས་ཀྱིས་སྐྱར་དུ་བཀའ་ཤག་སྡེ་ཚན་ཀུན་ལ་སྙན་ཞུ་སྒྲོན་བཞིན་ཡར་རྒྱུགས་མར་རྒྱུགས་ཀྱི་ལས་ལ་བྲེལ་བ་མ་ཟད། བཀའ་ཁྲིའི་ལས་འགན་སྤྱི་ལ་མཐུན་ཤོར་གཏོང་སླད་ཉི་མ་གནམ་ཤར་ཧ་ལམ་བཀའ་ཤག་ནང་འཚང་ཡོང་ན་དེ་ནི་མ་གུས་པའི་བྱེད་སྟངས་ཤིང་དང་སུན་པོ་བཟོས་མཁན་རང་རེད། དེ་བས་ན་བཀའ་ཁྲིས་ཕལ་སྐད་ལམ་ནས་ཕར་རྒྱུགས་མ་གཏོགས་ཞེ་སའི་ནང་ནས་ཕར་ཕེབས་རོགས་ལབ་མི་སྲིད་པ་ཞིག་རེད། གལ་ཏེ་ལབ་པའི་དབང་དུ་བཏང་ནའང་དེ་ནི་ཞེ་ས་རྣལ་མ་ཞིག་མ་རེད། གང་ལྟར་ཁོ་པས་བཀའ་ཁྲི་ལ་ཀླན་ཀ་འཚོལ་ཡག་རང་ལས་གཞན་པ་ཅི་གང་ཡང་རྒྱུ་མཚན་མེད་པ་ཁོ་ཐག་ཆོད། དེ་ཡང་ས་པཎ་གྱིས། རྟག་ཏུ་ཆུ་ཡིས་གཙེས་པ་ན། །བྲག་ལ་སེར་ཁ་མི་འབྱུང་ངམ། །ཞེས་དང་། སེང་གེའི་ལུས་ཀྱི་འབུ་མིན་པར། །སྲོག་ཆགས་གཞན་གྱིས་ཟ་མི་སྲིད། །ཞེས་གསུང་པར་སྐབས་དོན་མཐུན།
རྨོག་རུ་དགོན་སྒྲིག་ལས་ཕུད་དུས་ཡིག་རྫུན་ཁུར་ནས་ལས་ཀ་མང་པོ་བྱེད་མྱོང་བའི་བག་ཆགས་རེད།
བོད་ཡུལ་མི་རིགས་ཀྱི་དོན་དུ་སྐུ་སྲོག་གཏང་དུས་། ང་ཚོས་ལས་ངན་འདི་འདྲ་མི་བྱེད།
ལྷག་བསམ་སྙིང་སྟོབས་ལ་རྒྱ་ཡོད་ན་མི་རིགས་དང་། རིག་གཞུང་དོན་དུ་འཇུག་རོགས།
དགྲ་དགའ་གཉེན་སྡུག་གི་ལས་དོན་ལ་མ་འཇུག་རོགས། ལྟོ་མི་རག་པའི་དཀའ་ངལ་མེད་ན་རྙོག་གླེང་མ་བྱེད་རོགས།
ཁུག་རྟ་ལགས།
བཀའ་ཁྲིའི་ནོར་འཁྲུལ་ལ་ང་ཚོས་སྐྱོན་བརྗོད་བྱས་ན།བོད་མི་ས་ཡ་དྲུག་ལ་གནོད་མི་སྲིད་ལ་དེ་ལས་ལྡོག་སྟེ་ཕྱོགས་ཞེན་ནག་པོས། སྐྱོན་རྣམས་ཞི་མིས་སྐྱག་པ་བཀབ་པ་བཞིན་འགེབས་སྲུང་བྱས་ན་བོད་མི་ས་ཡ་དྲུག་ལ་གནོད་སྲིད། འོན་ཀྱང་གཞི་མེད་ཀྱི་སྐྱོན་བཙུགས་བཀའ་ཁྲི་ཙམ་དུ་མ་ཟད་གཞུང་ཞབས་སུ་འདྲ་ཞིག་ལ་བྱ་མི་རུང། གཞི་མེད་སྐྱོན་བཙུག་བྱས་ན་རང་ཉིད་སྲོང་པོ་མིན་པའི་མངོན་རྟགག་དང་། བོད་མི་ས་ཡ་དྲུག་ལ་གནོད་གཞི་ཁོ་ན་ཡིན་པས་ཚང་མས་ཡིད་གཟབ་གནང་རོགས་ཞེས་ལག་གཉིས་འཐབ་མོ་འབྱར་ནས་ཞུ་བཞིན་མཆིས་ལགས།། །།
མཁྱེན་ཡངས་དྲཱ་གྲོགས་དཀའ་དག་ཆོས་དབྱིངས་ལགས།
༡༽བཀའ་ཁྲིའི་དམ་འབུལ་གྱི་མཛད་སྒོ་མ་ཚོགས་པའི་སྔ་རོལ་དུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་གྱི་༼གཟེངས་རྟགས་འབུལ་བའི་མཛད་སྒོའི་༽ཐོག་
འདེམས་ཐོན་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེས་གསུངས་དོན། ངས་ནམ་སྔོན་འགྲོའི་འགྲན་རྩོད་གཏམ་བཤད་ནང་རྟག་པར་བཤད་ཡས་ཀྱི་༼གསར་གཏོད་༽ཞེས་པ་དེ་དང་༼གཅིག་སྒྲིལ།༽ དེ་བཞིན་༼རང་ཁ་རང་གསོ་༽བཅས་ཚང་མ་མཁས་དབང་ཟམ་གདོང་རིན་པོ་ཆེས་གནང་ཚར་འདུག་ཅེས་གསུངས་སོང་བས། བཀའ་ཁྲིའི་འོས་ཤོག་ཐོབ་མ་ཐག་དེ་ལྟར་དཔའ་ཞུམ་དོན་གང་ཡིན་ནམ། དེ་སྔོན་བཀའ་ཁྲིའི་འགྲན་རྩོད་སྐབས་དེ་ལྟར་ཟུར་ཙམ་ཡང་མ་གསུངས་པར་དེའི་སྐབས་གཞི་ནས་དེ་ལྟར་
གསུངས་དོན་གང་ཡིན་ནམ།
༢༽ངའི་དྲི་བ་ནི་ཁྱེད་ཀྱིས་ཀྱང་དེ་ལྟར་ཁ་དཀྲི་འདོགས་ས་འཚོལ་རོགས་གནང་གྱི་ཡོད་དམ་ཞེས་འདྲི་ཡི་ཡོད།
དེ་མིན་ཐལ་དྲགས་པའི་བཀའ་མོལ་དེ་ལྟར་གསུངས་དོན་ཅི།
ཁུག་རྟས་འཕུར་སར་སེང་གེས་འཕུར་ནུས་མེད། །
སེང་གེས་འཇོན་སར་ཁུག་རྟས་འཇོན་མདོག་མེད། །
རང་རང་སོ་སོའི་ལས་དང་སྨོན་ལམ་དང་། །
མཐུན་པའི་ལས་ཀྱིས་སྤྱི་དོན་ལས་ལ་འབུངས། །
ནང་སྒྲིག་ཕྱི་དགྲ་འདུལ་བའི་སྨོན་ལམ་ཡོད། །
གནས་ལུགས་ཐམས་ཅད་ལ་ཡོད་ཅིང་བུས་ཕ་གསོད་ན་རྒྱུ་མཚན་ཡོད་ངེས། ད་བར་ང་ཚོས་ཕྱོགས་གཅིག་གི་རྒྱུ་མཚན་ལས་མ་ཐོས་བས་ཕྱོགས་གཉིས་ཀ་གོ་འདོད་ཆེ། ལས་ཀ་ཤོར་བ་འཕང་སེམས་ཡོད་ཀྱང་། དེ་ཙམ་མྱ་ངན་བྱེད་དགོས་མེད་དེ། སེམས་ཤིག་དང་བརྩོན་པ་ཡོད་ན་མདུན་ལམ་ཡོད་ངེས་རེད།
བཀའ་ཤག་གསར་བས་ཐད་ཀར་རྒྱ་ནག་ལ་བྱ་སྤྱོད་སྤེལ་བ་ནི་སྔོན་གྱི་རྙིང་བ་དང་མི་མཚུངས་བས་དགའ་བ་ཡོད་ཅིང་འདོད་པ་འཚིམས་ནས་ཡོད། ཐུགས་རྗེ་ཆེ། བློ་བཟང་ལགས།
བསམ་ཚུལ་རྣམས་ཀྱིས་དཔྱད་པ་བྱེད་རྒྱུར་གཟབ་གཟབ་བྱས་ན་ཡག་གི་རེད། གང་དྲན་བྱེད་ན་དེ་ནས་ཚང་མ་ཕུང་གི་རེད།
ཀ་དག་ཆོས་དབྱིངས་ཀྱིས་རྙིང་མའི་མིང་ཞིག་ཁྱེར་ནས་ཕུང་དཀྲུག་བྱེད་ཀྱི་འདུག་ལ། དཔྱད་གཞིའི་ཡིག་ཆ་མིག་ལ་མངོན་སུམ་དུ་བཞག་པར་མིག་བཤེར་ཙམ་ཡང་མི་འཕེན་པར་ལྟོས་དུས། སྙིང་རྗེ་བ་ཞིག་རེད་འདུག མི་ཟེར་བ་འདི་ལ་གླེན་ཤེད་གཅིག་པུས་ཡོང་གི་མ་རེད། རྣམ་དཔྱོད་ཀྱང་དགོས་པ་རེད་གདའ།