བོད། ལྷ་ཀླུ་གཉན་གསུམ།
འཛམ་གླིང་འདིར་ལུགས་སྲོལ་དང་གོམ་གཤིས་འདྲ་མིན་ཞིག་ཡོད་ལ། དེ་དག་གི་ཁྲོད་དུ་ང་ཚོས་སློབ་སྤྱོང་བྱེད་དགོས་ས་ཆེས་མི་ཉུང་བ་ཞིག་ཡོད་པ་ཡིན། ལས་འགུལ་སྤེལ་སྟངས། ཆིག་སྒྲིལ་གྱི་ནུས་པ། མཉམ་གནས་ཀྱི་སྟོབས་ཤུགས། འགན་འཁུར་གྱི་འདུ་ཤེས། རང་རིགས་ཀྱི་རྗེས་དྲན་ཞུ་སྟངས་སོགས་རྣམ་པ་ཆེས་མི་འདྲ་བ་མང་བོ་ཞིག་ཡོད་པ་རེད། དེ་དག་གི་ཁྲོད་ནས་འུ་ཅག་གིས་ང་རང་ད་ལྟའི་འཆར་བསྡོད་སའི་རྒྱལ་ཁབ་འདི་ལ་སྔ་མོ་ནས་མི་མང་བོ་ཞིག་གི་སློབ་སྤྱོང་བྱེད་ས་མང་བོ་ཞིག་ཡོད་པ་གསུངས་ཀྱི་ཡོད།
དམིགས་བསལ་གྱིས་རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་ང་ཚོས་ཨེས་སུ་རལ་མི་དམངས་ཀྱི་སྙིང་སྟོབས་ལ་སློབ་སྤྱོང་བྱེད་རྒྱུ་མང་བོ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། དེ་ཡིན་དུས་དེ་རིང་གི་ཉིན་མོ་འདི་ནི་ཨེས་སུ་རལ། རྗོའི་མི་རིགས་ཀྱི་ཟས་སྤོང་དགེ་སྒྲུབ་སྡུག་སྤོང་གི་ཉིན་མོ་ཞིག་ཡིན་ལ། ངས་འདི་ནས་དེ་ཡི་སྐོར་མདོར་བསྡུས་ཤིག་ཁྱེད་ཅག་ལ་ངོ་སྤྲོད་བྱེད།
ཁོང་ཚོས་ཉིན་མོ་འདི་ལ་ཁོང་ཚོས་སྐད་ནས་ཡོམ་ཀེ་པོས་ཟེར་གྱི་ཡོད། དགེ་སྒྲུབ་སྡིག་སྤོངས་ཀྱི་ཉིན་མོ་ཟེར་གྱི་ཡོད། འདི་ལ་རྒྱལ་ཁབ་འདི་ནས་སྲང་བར་དུ་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་དུ་བསྡོད་ཆོག་ན་ཡང་མགྲོན་ཁང་དུ་ཟ་མ་བཟོ་ཡི་མེད་ལ། ཟ་ཁང་དང་ཚོང་ཁང་ཡོངས་སུ་རྫོགས་པ་སྒོ་བརྒྱབ་ནས་བཞག་ཡོད། རྗོའུ་མི་རིགས་ཡིན་ཚད་ཀྱི་ཉིན་མོ་འདི་ལ་ཟ་མ་མི་ཟ་བར་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་གཤེགས་དང་། ཕྱིས་འབྱུང་གི་བྱ་བ་ལ་དམ་བཅའ་བའི་ཉིན་མོ་ཞིག་ཡིན།
ཆུ་ཚོད་ཉེར་བཞིའི་རིང་ལ་སྲང་བར་དུ་རླངས་འཁོར་གཅིག་ཀྱང་གཏན་ནས་མཐོང་རྒྱུ་མེད། མི་དག་གིས་དངོས་ནས་མཉམ་གནས་ཀྱི་སྟོབས་ཤུགས་འདི་བེད་སྤྱོད་བྱེད་ཀྱི་ཡོད། གལ་སྲིད། ཆོས་ལུགས་པ་ཞིག་མིན་ན་ཡང་། ཁོང་ཚོས་ལུགས་སྲོལ་དེར་བརྩི་བཀུར་བྱེད་དགོས་ཀྱི་ཡོད་སྟབས། ཉིན་འདི་ལ་སྲང་བར་དུ་རླངས་འཁོར་དང་སྤག་སྤག མེ་འཁོར་སོགས་གང་ཡང་མཐོང་རྒྱུ་མེད། དེ་ནི་ཆུ་ཚོད་ཉེར་ལྔའི་རིང་དུ་ཡིན།
འདི་ནི་ང་ཚོས་སློབ་སྤྱོང་བྱེད་དགོས་སའི་ལས་འགུལ་ཞིག་ཡིན། ཆོས་ཕྱོགས་ནས་བཤད་ན། བོད་མི་དག་ལ་སྟོན་པ་སངས་རྒྱས་པའི་ཉིན། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོ་ལྟ་བུ་ཡོད། དེ་ལ་ཚང་མས་མཉམ་གནས་ཀྱི་སྟོབས་ཤུགས་དེ་བེད་སྤྱོད་འདི་འདྲ་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལ། མི་རིགས་ཀྱི་ལས་འགུལ་སྤེལ་སྟངས་ཀྱི་ཐད་ནས་བཤད་ན། སུམ་བཅུའི་དུས་དྲན་ཉིན་མོ་ལྟ་བུ་ཡང་བོད་མི་ཚང་མས་ཟ་ཁང་དང་ཚོང་ཁང་། ལས་རིགས་གང་ཞིག་ཡིན་ཡང་ཆུ་ཚོད་ཉེར་བཞིའི་རིང་དུ་མཉམ་གནས་ཀྱི་སྟོབས་ཤུགས་འདི་འདྲ་བེད་སྤྱོད་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག
ང་ཚོ་བོད་མི་འདུས་བསྡོད་ཀྱི་ཁོར་ཡུག་ཆེ་ཤོས་སུ་གྱུར་བ། བྱེས་ཁུལ་གཙོ་བོ་བྱས་ནས་བཤད་ན། རྡ་ས་ནི་བོད་མི་བཙན་བྱོལ་གྱི་ལྟེ་གནས་ཆགས་ཡོད་པ་རེད། ང་ཚོ་ལ་ད་ལྟའི་བར་དུ་མཉམ་གནས་ཀྱི་སྟོབས་ཤུགས་དེ་བྱུང་མེད། དེ་ནི་ཐོག་མ་དེ་ནི་རང་ཉིད་བོད་མི་ཡིན་པ་དང་བོད་མིའི་ལས་འགུལ་གྱི་ཆིག་སྒྲིལ་ལ་འགན་མ་འཁུར་བའི་རྟགས་ཤིག་ཡིན། སུམ་དུས་ཉིན་མོ་གཅིག་བུར་མཚོན་ན་ཡང་། ཉིན་རྒྱབ་དུ་ཟ་ཁང་དང་ཚོང་ཁང་གི་སྒོ་ཕྱེ་བ་དང་། ཚོང་གཉེར་བ་ཚོ་ཆུ་ཚོད་ཉེར་བཞིའི་རིང་དུ་ཡང་ཅི་ཞིག་གི་མ་འདང་བའི་མེད་མུག་གི་ནད་ཚ་ཞིག་གི་བཟུང་ཡོད། དོན་དངོས་ཐོག མི་རིགས་ཀྱི་བླ་སྲོག་ལ་སེམས་འཁུར་བྱེད་པ་དང་སྲོལ་རྒྱུན་གྱི་འདུ་ཤེས་སླ་བར་གྱུར་བའི་གོམ་གཤིས་རེད།
མཐའ་དོན་དུ། ང་ཚོས་གཞན་མི་དག་གི་བྱེད་ཚད་ལ་ལད་ཟློས་བྱེད་དགོས་པ་མེད་ཀྱང་མི་རིགས་ཀྱི་འདུ་ཤེས་དང་མཉམ་གནས་ཀྱི་སྟོབས་ཤུགས། ཆིག་སྒྲིལ་གྱི་ནུས་པ་ལ་ཕན་པ་དེ་དག་ལ། ཨེས་སུ་རལ་གྱི་སྡིག་སྤོང་དགེ་སྒྲུབ་ཀྱི་ཉིན་མོ་བཞིན། མི་རིགས་ཀྱི་འདུ་ཤེས་ཟབ་མོ་དང་གོམ་སྲོལ་གྱི་རྒྱུན་འཛིན་སྲ་མོ་ཞིག་ཡོད་ན་དངོས་ནས་ཡག་པོ་འདུག
ཨེས་སུ་རེལ་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ཉིན་མོ་ནང་དུ་འཛུལ་ཞོར་དུ་བྲིས་པ་ཡིན། ༡༨།༩།༡༠