ལོ་ལོན་གྱིས།
རིང་མིན་དབུས་འོས་བསྡུ་ལས་ཁང་གིས་ང་ལ་༢༠༡༡ལོའི་བཀའ་ཁྲིའི་འོས་མིར་འདུག་མིན་གྱི་སྐད་ཆ་འདྲི་རྒྱུ་རེད་ལ།ངས་ང་བཀའ་ཁྲིའི་འོས་མིར་འདུག་རྒྱུ་ཡིན་ཞེས་ལན་རྒྱག་གི་ཡིན།དེ་ནས་བཟུང་རང་ངོས་ནས་བཀའ་བློན་ཁྲིའི་འོས་མིར་ལངས་པ་རེད་ལ།བོད་མི་ཚོས་བཀའ་ཁྲིའི་འོས་མི་ཚོར་ཞིབ་ཚགས་པོ་དང་གཏིང་ཟབ་མོ་བལྟ་དགོས་པའི་དུས་ལ་བསླེབས་པ་རེད་ཅེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུངས་སོང་།
ཟླ་འདིའི་༡༣ཉིན་ཨ་རིའི་བྱང་ཁ་ལས་ཧྥོ་ནི་ཡའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་གནང་མཁན་ཁོང་གི་གྲོགས་པོ་ཚོགས་པ་དང་Stand up 4 Tibet ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ས་གནས་གྲོང་སྡེའི་ཚོགས་ཁང་ཞིག་ཏུ་དགོང་ཟས་སྟབས་བདེ་ཞིག་གིས་མགྲོན་སྣེ་བསུས་ཏེ།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ས་གནས་བོད་མིའི་ཚོགས་གཙོ།གཞས་པ་གྲགས་ཅན་བཀྲས་ཆུང་སོགས་བོད་མི་བརྒྱ་སྐོར་ཞིག་འདུ་འཛོམས་གནང་སོང་།འདུ་འཛོམས་གོ་སྒྲིག་གནང་མཁན་དཀོན་མཆོག་བཀྲ་ཤིས་ཀྱིས་བཤད་དོན།ང་ཚོས་ངོས་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་བྱེད་དགོས་དོན་ནི་ཁོང་ལ་ལོ་ངོ་༤༠ཙམ་རིང་བོད་དོན་ཆེད་ཕྱག་ལས་གནང་སྟེ་གྲུབ་འབྲས་བླངས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ།དྲང་ཚུགས་ལྡན་ལ་ལྷག་བསམ་གྱིས་ཕྱུག་པ།ཕུགས་བསམ་ལྡན་ལ་འགན་འཁྲི་འདེགས་ཐུབ་པའི་མཁྱེན་ཡོན་འཛོམས་ཡོད་པས་ཡིན་ལ།ཁོང་ལྟ་བུ་ཞིག་བཀའ་ཁྲི་ལ་བསླེབས་ན་ང་ཚོར་ཡིད་ཆེས་ཤིག་དང་གདེང་ཚོད་ཅིག་བསླེབ་རྒྱུ་རེད།གང་ཡིན་ཟེར་ན་ཁོང་གིས་འདས་པའི་དུས་སུ་བོད་དོན་ཆེད་ཕྱག་ལས་གནང་བ་དག་ལས་ཤེས་ཐུབ་པས་བོད་མི་ཚོས་དོ་སྣང་ཡག་པོ་གནང་དགོས་པ་རེད་ཅེས་བརྗོད་སོང་།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་འདུ་འཛོམས་ཐད་གསུང་དོན།ཨ་རིའི་མི་དམངས་ཚོར་བཤད་སྲོལ་འདི་འདྲ་ཞིག་འདུག་སྟེ།ཆབ་སྲིད་ཀྱི་མི་སྣ་སུ་ཞིག་འདེམས་ཀྱི་ཡིན་ན།ཐོག་མར་མི་དེར་སྡོད་སའི་མི་དམངས་ཚོས་ཁོ་ལ་ཡིད་ཆེས་ཡོད་མེད་དང་ལྟ་སྟངས་ག་འདྲ་འདུག་པ་དེ་ཤེས་དགོས་པ་རེད་ཟེར།དེར་བརྟེན་དེ་རིང་འདིར་ཕེབས་མཁན་ཚོས་ང་ལ་ཡིད་ཆེས་དང་ལྟ་སྟངས་ཡག་པོ་ཞིག་གི་ཐོག་ནས་ཕེབས་པ་ཡིན་དུས་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ་དེ་ནི་གནད་འགག་ཆེན་པོར་བརྩི་བཞིན་ཡོད་ཅེས་གསུངས་སོང་།
ཁོང་གིས་བཀའ་ཁྲིའི་འོས་མིའི་སྐོར་གསུང་དོན།བོད་མི་ཚོས་ང་ལ་དོ་སྣང་ཆེན་པོ་གནང་འདུག་ལ་དེའི་རྒྱབ་ན་རེ་བ་དང་ཡིད་ཆེས་ཤིག་ཡོད་པ་འང་ཤེས་ཀྱིན་ཡོད།དམངས་གཙོའི་ལམ་སྲོལ་དུ་མི་དམངས་ཀྱིས་འོས་བླུག་སྟེ་མི་ཞིག་བཏོན་ཡོང་དུས་དང་ལེན་བྱེད་དགོས་པའང་དམངས་གཙོའི་རིན་ཐང་ཞིག་རེད།དེར་བརྟེན་རིང་མིན་དབུས་འོས་བསྡུ་ལས་ཁང་གིས་ང་ལ་༢༠༡༡ལོའི་བཙན་བྱོལ་བོད་མིའི་བཀའ་ཁྲིའི་འོས་མིར་འདུག་མིན་གྱི་སྐད་ཆ་འདྲི་རྒྱུ་རེད་ལ།ངས་འགན་འཁྲི་ཆེན་པོ་ཞིག་འཕྲག་ཏུ་བླངས་ཏེ་ང་བཀའ་ཁྲིའི་འོས་མིར་འདུག་རྒྱུ་ཡིན་ཞེས་ལན་རྒྱག་གི་ཡིན།དེ་ནས་བཟུང་རང་ངོས་ནས་བཀའ་བློན་ཁྲིའི་འོས་མིར་ལངས་པ་རེད་ལ།བོད་མི་ཚོས་བཀའ་ཁྲིའི་འོས་མི་ཚོར་ཞིབ་ཚགས་པོ་དང་གཏིང་ཟབ་མོ་བལྟ་དགོས་པའི་དུས་སུ་བསླེབས་པ་རེད།དེར་བརྟེན་ང་ཚོ་ཚང་མས་མ་ནོར་མ་འཁྲུལ་པ་ཡག་པོ་ཞིག་འདེམས་ཐུབ་པ་ཡིན་ན།ང་ཚོ་ཚང་མར་བཀྲ་ཤིས་པ་དང་དོན་འགྲུབ་པ་ཞིག་ཡོང་གི་རེད།དེ་ཡོང་ན་ནི་ང་ཚོ་ཚང་མའི་བདེ་སྐྱིད་རེད་ཅེས་བརྗོད་སོང་།
དེ་བཞིན་ཁོང་གིས་ཞལ་འདེབས་སྐོར་གསུང་དོན།བཀའ་ཁྲིའི་འོས་མི་ཞིག་གི་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ཤེས་རྒྱུ་གལ་ཆེན་པོ་རེད།དེར་བརྟེན་གཞིས་ཆགས་ཁག་ཡར་མར་ལ་འགྲོ་དགོས་ཀྱི་ཡོད་པས་དེའི་ཆེད་དུ་འགྲོ་སོང་ཞིག་ཀྱང་དགོས་ཀྱི་ཡོད་པ་རེད།ཁྱོད་ཚོས་ཞལ་འདེབས་ཕུལ་བ་དག་མི་སྒེར་བ་ཞིག་གི་ཆེད་དུ་རེད་མ་བསམ།དེ་ནི་བོད་མི་མང་གི་ད་ལྟའི་བདེ་སྡུག་དང་གནས་སྟངས།གང་ཞིག་ཡར་རྒྱས་ལ་གཏོང་དགོས་པ།ཅི་ཞིག་འཐུས་ཤོར་དུ་འགྲོ་བཞིན་ཡོད་པ་སོགས་དངོས་སུ་མཐོང་བ་དང་ཤེས་པའི་ཆེད་དུ་ཡིན་བསམ་རོགས་ཞེས་བརྗོད་སོང་།
ཐེངས་འདིའི་འདུ་འཛོམས་ནི་དབུས་འོས་བསྡུ་ལས་ཁང་གིས་བཀའ་ཁྲིའི་སྔོན་འགྲོའི་འོས་འབྲས་གསལ་བསྒྲགས་བྱས་ནས་ཉིན་གཅིག་གི་རྗེས་སུ་བྱུང་ཡོད་པ་དང་།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དངོས་སུ་བཀའ་ཁྲིའི་འོས་མིར་བཞེངས་རྗེས་ཀྱི་མི་དམངས་དང་ཐུག་འཕྲད་གནང་བ་ཐོག་མ་ཡིན་ཞིང་།དགོང་མོ་དེར་ཁོང་གི་འོས་འསྡུའི་ལས་འགུལ་ཆེད་དུ་དངུལ་གྱི་ཞལ་འདེབས་བསྡུ་རུབ་དང་།མི་དམངས་ཚོས་གཞས་དང་ཞབས་བྲོ་འཁྲབ་སྟེ་ཁོང་བཀའ་ཁྲིའི་འོས་མིར་དངོས་སུ་བཞེངས་པར་དགའ་སྤྲོའི་རྟེན་འབྲེལ་ཡང་ཞུས་ཡོང་།
དམངས་གཙོའི་འགྲོ་ལུགས་ལྟར་ན།འོས་མི་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཡོད་མེད་བལྟ་དགོས་ཀྱི་ཡོད་པ་རེད།སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཁོང་གིས་མི་དམངས་ཀྱི་དགོངས་ཚུལ་ལ་ལྟ་རྒྱུ་ཡིན་ཞེས་གསུངས་ཡོད།སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡིན་དུས་ད་བཟོད་གཞི་ནས་ཁོང་བཀའ་ཁྲིའི་འོས་མིར་བཞེངས་ཡོད་པ་མ་ཟད།བཀའ་ཁྲིའི་འོས་བསྡུའི་ཁྲོད་གཟེངས་སུ་འཐོན་ཆེད་དངོས་སུ་ལས་འགུལ་སྤེལ་མགོ་བརྩམས་ཡོད་པ་རེད།
༈ བཀུར་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ནི་རང་རེ་བོད་མིའི་སྤྱི་ཚོགས་ནང་བྱས་རྗེས་ཅན་དང་། ལྷག་བསམ་ལྡན་པའི་མི་སྣ་ཞིག་ཡིན་པ་ནི་རྣམ་གསལ་ལགས། ཡིན་ནའང་ཤིང་གི་རྩ་བ་བཙུགས་ལོ་མ་རྒྱས་ཚར་བ་ཡིན་པས། ད་ནི་༧སྐྱབས་མགོན་རིན་པོ་ཆེས་བཀའ་བཞིན་ཆུང་ཚར་ཚོའི་ལས་འགན་འཁུར་བའི་དུས་ལ་བབས་ཡོད་སྟབས། བློ་བཟང་སེངྒེ་ཉིད་ལས་ལྷག་པ་ཞིག་མ་མཐོང་བས་རྣམ་པ་ལྷན་རྒྱས་ནས་དགོངས་དཔྱད་ཞིབ་པར་མཛད་དེ་དངོས་གཞིའི་ལས་དོན་ལ་མ་འཆུགས་པར་གནང་གལ་ཆེ།
བློ་བཟང་སེང་གེས་འཇོན་མིན་ང་ལ་ཐེ་ཚོམ་ཆེ།ང་ཚོ་ཚང་མ་དོང་ལ་གཡུག་མིན་སུས་ཤེས།མི་རབས་གསར་བ་གསར་བ་ཟེར་ནས་བོད་མི་འགྱོང་རག་ཡོང་།གཟབ་དགོས་པ་རེད་ཡ།
གལ་ཏེ་བཀྲས་མཐོང་མཇོན་ན་གོ་སྐབས་རེག་ཚར་ཡོད་པས་ད་ཁོ་ལ་འོས་མི་བླུགས་ཁོ་ཐག་ཡིན། ཁྱོད་ཀྱིས་བོད་མི་རིགས་ལ་ལོ་མང་བོ་རིང་ཞབས་ཞུ་བྱས་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཡིན་ན་དེ་ཁྱོད་ལ་བཀའ་ཁྲིའི་འོས་བླུགས་དགོས་བའི་རྒྱུ་མཚན་མི་མཐོང་།
༈ ང་ཚོ་བོད་མི་རིགས་འདི་གྱོང་ཞིག་རག་རྒྱུ་ཡོད་ན་རག་ཟིན་པ་དང་དེ་ལས་གཞན་པའི་ཐབས་སྐྱོ་བའི་གྱོང་ཞིག་ཨེ་ཡོད་སྙམ། ཡིན་ནའང་མཁྱེན་ལྡན་རྣམ་པས་ཞིབ་དཔྱད་མཛད་རྒྱུ་དེ་གལ་ཆེ་བ་ལས། བློ་བཟང་སེངྒེས་དོང་ནང་གཡུག་པ་དང་། བསྟན་འཛིན་རྣམ་རྒྱལ་གྱིས་དོང་ནས་བཏོན་པའི་སྔོན་མཁྱེན་སུ་ལའང་བཤད་རྒྱུ་ཨེ་ཡོད་? རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དཔྱོད་ལྡན་རྣམ་པས་འུར་འགྲོགས་དང་། གྱ་ཚོམས་ངང་ཧོར་རྒྱུགས་མི་མཛད་པར་ཤེས་ལྡན་གྱི་དགོངས་དཔྱད་ལེགས་པར་གནང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
ད་དངོས་གནས་ཞིབ་འཇུག་ཡག་པོ་གནང་དགོས། ངས་བལྟས་ན། བརྟན་ཤོས་དང་ཡག་ཤོས་རྒྱ་རི་སྒྲོལ་མ་རེད་ཤག དེ་མིན་ན་བཀྲ་ཤིས་དབང་འདུད་ཨའོ་ཙམ་འདུག
ངས་དྲང་མོ་ཤོད་ཀྱིན་ཡོད།འཛམ་གླིང་འདིར་སྲིད་འཛིན་ལ་འགྲོ་ན་འགྲོ་སྟངས་ཤིག་ཡོད་པ་རེད།སྤྱི་ཚོགས་ཁྲོད་ལས་རིགས་འདྲ་མིན་ལ་ཕྱག་ལས་གནང་སྟེ།མཐར་སྲིད་འཛིན་ལ་འགྲོ་བཞྀན་ཡོད།དེ་ཡོངས་གྲགས་རེད་ལ་སྤྱིའི་ལུགས་ཀྱང་རེད།བོད་པའི་བློ་བཟང་སེང་གེ་སློབ་གྲྭ་ནས་སྲིད་འཛིན་ལ་འགྲོ་གི་ཡོད་པ་རེད།དེ་བོད་པའི་གསར་གཏོད་ཡིན་ན་མི་ཤེས་དེ་མིན་འགྲོ་སྟངས་དེ་འདྲ་མ་རེད།མིག་གིས་འཛམ་གླིང་ལ་ལྟོས་དང་ལྟད་མོ་མང་ནི་རེད།
༈ ང་ཚོ་བོད་ཀྱིས་གཏམ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་བ་བཞིན་འཛིན་གྲྭ་ནས་སྲིད་འཛིན་ལ་ཕྱིན་ན་འདྲ། བླ་བྲང་གྲྭ་ཚང་ནས་ཕྱིན་ནའི་འདྲ། ཡང་མིན་ན་དམག་སྒར་ནས་ཕྱིན་ན་འདྲ་གང་ལྟར་ང་ཚོ་བོད་པའི་སྲིད་བློན་དེ་གསར་གཏོད་ཀྱི་རང་བཞིན་ལྡན་ལ། ཆོལ་ཁ་ཆོས་བརྒྱུད་སོགས་ལ་ཕྱོགས་འཐེན་གྱི་རྣམ་པའི་དབེན་པའི་འཇོན་ཐང་ཅན་གྱི་ཕོ་མོ་གང་རུང་ཞིག་དགོས་ཀྱི་ཡོད་པ་དང་། དེ་ཡང་ཨ་རིའི་སྲིད་འཛིན་རེ་རྒན་ཡང་གློག་བརྙན་ཁྲབ་མཁན་ནས་ཕྱིན་པའི་ལོ་རྒྱུས་ཡོད། ང་ཚོ་བོད་པ་རྣམས་ཡིད་ལ་འཇོག་དགོས་རྒྱུ་གཅིག་ཡོད་པ་ནི། དཔེར་ན་ཁ་ལོ་པ་རྙིང་པས་བརྡབ་སྐྱོན་བྱས་པ་བཞིན་གསར་པས་བྱེད་མཁན་ཉུང་བ་ཡོད་པའི་རྒྱུ་མཚན་ལ་གཞིགས་ན། གསར་པ་རྣམས་རང་བཞིན་གྱི་བཟོད་སེམས་དང་བག་ཡོད་ངང་གཏོང་གི་ཡོད་པའི་རྣམ་པ་དང་། རྙིང་པ་རྣམས་ཧ་ཅང་ལེགས་པོ་ཤེས་ཀྱི་ཡོད་པའི་འཁེངས་དྲེགས་སོགས་ཀྱིས་རྣམ་གཡེང་མང་བར་བརྟེན་བརྡབ་སྐྱོན་དེ་དག་མང་གི་ཡོད་པ་སོགས་ལ་བརྟེན། ད་ལན་རྙིང་པ་རྣམས་རེ་ཞིག་གུང་སེང་ཕུལ་ནས། གསར་པ་ལ་རིག་པ་གཏད་ན་བཟང་ངོ་ཆེ་བར་མཐོང་།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར་དགའ་ལྡན་ཁྲི་ལ་འགྲོ་མཁན་ཞིག་ཡིན་ན།བསྡུས་ར་ནས་གཞུང་ཆེན་ལྔ།དེ་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ།དེ་ནས་བརྒྱུད་གྲྭ་སྟོད་སྨད།དེ་ནས་ཤར་བྱང་གི་ཆོས་རྗེ།དེ་ནས་གཞི་ནས་དགའ་ལྡན་ཁྲི་ལ་ཕེབས་ཡོད་པ་རེད།མིང་་གྲགས་ལ་དགའ་མཁན་འགས་བསྡུས་ར་ཙམ་སྦྱངས་ནས་འགྲོ་འདོད་ཡོན་ནའང་།ཕྱི་གཙང་ནང་གཙང་གི་རི་བོ་དགེ་ལུགས་པར་དགོས་རྒྱུ་མ་རེད།ང་ཚོའི་ད་ལོའི་འོས་བསྡུའི་སྐབས་གཞོན་སྐྱེས་དགོས་རབས་བཤད་ནས་གཞོན་སྐྱེས་ཚོས་ཕྱོགས་རེས་ག་ཚོད་བྱས་སོང་ང་ཚོས་ཤེས་གསལ་རེད།དེ་ནས་འོས་མི་གདན་ས་ཁག་ཏུ་སོང་སྟེ་གྲྭ་བ་ཚོ་ཟིང་ཟེང་བཟོས་སོང་ཨ།གྲྭ་བ་ཆོལ་ཁའི་ཕྱོགས་རེས་ཅན་ཚོས་ག་འདྲ་བྱས་སོང་།ཆབ་སྲིད་པས་གདན་ས་བེད་སྤྱོད་བཏང་བ་བཙན་བྱོལ་ཏུ་དང་པོ་རེད།ངས་འདས་པའི་ར་སྟག་གི་རྒྱབ་ལ་གདན་ས་ཁག་ལངས་པའི་ནང་འཁྲུག་དྲན་ཡོང་གི་འདུགའདི་ཚོ་ཡག་རྟགས་ཤིག་རྩ་བ་ནས་མ་རེད།གཞན་རླངས་འཁོར་ལ་ལག་པ་ཙམ་ཡང་འཆང་མ་མྱོང་བ་ཞིག་རླངས་འཁོར་བསྐོར་ན་དགག་ཟྭ་ག་ཡོད་ཙམ་ཡང་ཤེས་ཀྱི་མ་རེད།རླངས་འཁོར་དང་འགྲུལ་བ་ཚང་མ་འཆི་ལམ་དུ་བསྐྱེལ་རྒྱུ་རེད།ཨོ་ད་དུང་སྲིད་འཛིན་གློག་བརྙན་འཁྲབ་མཁན་ཡིན་ནའང་རེད།ཁོང་ཚོས་སྤྱི་ཚོགས་ཁྲོད་ལས་ཀ་བྱས་ཏེ་ཉམས་མྱོང་བསགས་ནས་ཡོང་བ་དེ་ཤེས་པར་མཛོད་ཅིག་གུ
༄། ང་ཚོ་ཚང་མས་བསམ་ཞིབ་ངེས་པར་དུ་བྱེད་ནས་གནས་ཚུལ་འབྲི་དགོས་ཀྱི་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་རེ་བ་སོགས་ལ་བསམ་ཞིབ་བྱེད་སྟེ་མདུན་དུ་སྐྱོད་དགོས་ཀྱི་ཡོད་ བོད་མི་རིགས་ཀྱི་འདས་པའི་ཆབ་སྲིད་ནང་དུ་ཤེས་ཡོན་མེད་ནས་ཕོང་པ་རེད་དམ་ཡང་ན་ཉམས་མྱོང་མེད་ནས་ང་ཚོ་མི་ཡུལ་དུ་བགྱར་བ་རེད་དམ་དྲྭ་གྲོགས་ཟླ་བ་ཆོས་འཛོམས་ལགས། ངེས་པར་དུ་ང་ཚོའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་མ་འོངས་པའི་འགོ་འཁྲིད་འདེམས་དགོས། མི་རབས་རྒན་པ་དང་7་གོང་ས་མཆོག་གི་ཐུགས་རྗེ་ དཀའ་དྲིན་གྱི་དེ་རིང་གི་ང་ཚོའི་མང་གཙོ་འདི་བྱུང་བ་རེད་དེ་ཚོ་ང་ཚོའི་ཤེས་པའི་ཐོག་ནས་མ་འོངས་པའི་འགོ་འཁྲིད་འདེམས་དགོས། མི་རབས་འཕོར་འགྱུར་འགྲོ་རྒྱུ་ཡིན་པ་ནི་འཇིག་རྟེན་ཆོས་ཉིད་རེད་དུས་ཚོ་འདི་འདྲའི་སྐབས་ལ་ང་ཚོའི་ངེས་པར་དུ་སེམས་གནལ་དུ་ཕེབས་དགོས་ཀྱི་ཡོད། སྐད་ཆ་ཐབས་སྐྱོ་བོ་རིགས་དང་ཚིག་ངན་སོགས་བེད་སྤྱོད་མ་གཏང་ན་ཧ་ཅང་གི་ཡག་པོར་རེད་སྙམ། ཚང་བོད་པ་རེད་སྐྱབས་བཅོལ་བ་རེད་དེ་ངེས་པར་དུ་ཤེས་པ་བགྱིས། ང་ཚོའི་ཁ་གཏད་དེ་རྒྱ་ནག་དམར་པོའི་གཞུང་རེད་དེ་ཤེས་པ་བྱེད་དགོས། ང་ཚོའི་ནང་ཁུལ་ལ་རྩོམ་ཡིག་དང་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ན་དགོས་པ་རྒྱུ་མཚན་ཞིག་མ་མཐོང༌། གཙོ་བོ་དྲྭ་གྲོགས་ཚོའི་བསམ་ཞིབ་གནང་རོགས་ཞུ་ བཀའ་ཁྲིར་ གཞོན་པ་སླེབས་ཀྱང་རུང་རྒན་པ་སླེབས་ཀྱང་རུང་བོད་སྤྱི་བའི་དོན་དུ་ཕྱག་ལས་གནང་གཁན་ཞིག་དགོས་ཀྱི་ཡོད་ཕྱག་ལག་གཙང་མ་ཅན་ཞིག་དགོས་ཀྱི་ཡོད་ང་ཚོའི་དཔལ་འབྱོར་ནི་གཞན་རྟེན་གྱི་དཔལ་འབྱོར་འཚོ་དགོས་ཀྱི་ཡོད། སོ་སོའི་ནང་མི་གཙོ་བོ་འཛིན་མཁན་དང་ནང་མི་དང་བོད་མི་རིགས་གཉིས་འདེམས་དུས་ནང་མི་འདེམས་མཁན་གྱི་གང་ཟག་དེ་ཚོ་ང་ཚོ་བོད་པ་ཡི་འགོ་འཁྲིད་ཞིག་མི་དགོས།་ མིང་ལ་དགའ་མཁན་དང་གོ་ས་ལ་དགའ་མཁན་སྐུ་དྲག་རིགས་ཀྱི་མིང་ལ་དགའ་མཁན་སོགས་ད་ལྟའི་སྐབས་ལ་ང་ཚོ་བོད་པ་ལ་འགོ་འཁྲིད་མི་དགོས།་་ བཀའ་ཁྲིར་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་ན་སོ་སོ་འདོད་པ་རེད་ ཡིན་ན་ཡང་ངེས་པར་དུ་ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་ཁ་གཏན་དང་བོད་ལ་ཡོད་པའི་བོད་མི་རིགས་ཀྱི་རེ་བ་སོགས་ལ་ངེས་པར་དུ་དགོངས་པ་བཞེད་དགོས་ཀྱི་ཡོད།་རྗེས་སུ་མཇལ་ཡོངས།
༈ དྲྭ་གྲོགས་ཟླ་ཆོས་ལགས་སུ་བསམ་བཟང་གིས་ཀུན་ནས་བླང་སྟེ་དགག་ལན་ཁ་ཤས་ཕུལ་རྒྱུ་ཡོད། དགའ་ལྡན་ཁྲི་པར་ཕེབས་མཁན་རྣམས་ཐོག་མར་བསྡུས་གྲྭ་ནས་ཐ་མ་གཞུང་ཆེན་ཁག་ལ་གསན་བསམ་ལེགས་པར་གྲུབ་ནས་མཐར་ཐེགས་པ་རིམ་འཛེགས་ཀྱིས་དགའ་ལྡན་ཁྲི་པར་ཕེབས་ཀྱི་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་པ་ཞིག་ལགས། ངས་དེ་ལྟ་བུའི་དཔེ་རུ་གྲངས་ནས་མི་ཚང་སྐྱུས་མའི་ཕྲུ་གུ་ཞིག་གིས་ཐོག་མར་སློབ་ཆུང་དང་། དེ་ནས་འབྲིང་ཆེ་སོགས་ལེགས་པར་འགྲིམས་ཏེ་མཐར་སློབ་ཕྲུག་རྩེ་ཕུད་ཀྱིས་རང་གཞུང་ནས་རྒྱབ་སྐྱོར་ཐོབ་སྟེ་ཨ་རིར་སྙན་གྲགས་ལྡན་པའི་ཁྲིམས་ཀྱི་མཐོ་རིམ་སློབ་གྲྭར་ལོ་མང་རིང་སློབ་སྦྱོང་གནང་སྟེ་ད་ལྟ་དེར་རྒྱལ་སྤྱི་དང་། བོད་ཀྱི་ཁྲིམས་ཀྱི་སློབ་སྟོན་གནང་བཞིན་པ་ཡིན་པའི་གང་ཟག་ཁོང་གི་མི་ཚེའི་བྱུང་རིམ་དེ། དགའ་ལྡན་ཁྲི་པར་ཕེབས་པ་དང་ཕྱོགས་མཚུངས་ལ་བརྟེན། ངའི་དགའ་ལྡན་ཁྲི་པར་དཔེ་ལེན་པ་ལས། ཕྱོགས་ཐམས་ཅད་ནས་གཅིག་པ་ཡིན་པའི་སྐད་ཆ་གང་ཡང་བཤད་མེད། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ནའང་མེད། ཞེས་གསུངས་པ་ལ་གཞིགས་ན་དཔེ་དང་དཔེ་རྒྱན་གཉིས་ཕྱོགས་ཐམས་ཅད་ནས་མཚུངས་ལྡན་དུ་གྱུར་པ་ཞིག་མི་དགོས། ད་ལོ་གདན་ས་ཁག་ལ་ཆབ་སྲིད་ཀྱི་ཟིང་ཆ་བྱུང་བ་འདི་སྡུག་རྒྱུ་གང་ཡང་མེད། གང་ལགས་ཞེས་ན། དོན་གྱི་བདག་པོ་༧སྐྱབས་མགོན་རིན་པོ་ཆེས་མི་མང་དམངས་གཙོའི་གཞུང་ཞིག་ཚུགས་གསུང་ནས་ལྡོག་མེད་ཀྱི་བཀའ་བཟང་སྤྱི་བོར་རིམ་པར་བསྩལ་བ་དང་། དེ་བཞིན་དམངས་གཙོའི་རྩ་ཁྲིམས་ཡང་ལེགས་པར་གཏན་ལ་འཕབ་སྟེ་ད་ཆ་ང་ཚོ་ལམ་དེའི་ནང་ཤར་སྐྱོད་བྱེད་པའི་འགོ་འཛུགས་ཡིན་པས་དེ་ལྟ་བུའི་བློ་གསར་ཚོར་ལམ་དེར་བསྐྱོད་དེ་རང་དོན་ཐེགས་པ་ཁུར་ལེན་བྱེད་ཐུབ་པའི་རྟགས་དང་རྟེན་འབྲེལ་ཡིན་པས་དེ་ལ་བློ་རྟབ་རྟབ་པོར་བྱེད་དགོས་དོན་མ་མཐོང་། ར་སྟག་གི་རྒྱུ་མཚན་ལ་བརྙད་དེ་གདན་ས་ཁག་གི་དགེ་འདུན་ལ་བཀུར་བ་འདེབས། ར་སྟག་གིས་ཡོ་ལངས་ནང་གདན་ས་ཁག་དངོས་སུ་ཞུགས་ཡོད་ཀྱང་། རྒྱབ་ཏུ་སྐུ་དྲག་ཚོའི་ཤུག་རྐྱེན་ཆེན་པོ་ཡོད་པ་ཞིག་ང་རང་ཆུང་དུས་བོད་མི་རྒན་རབས་ཚོའི་ངག་ལམ་ནས་ཐོས་མྱོང་བས་མཛུབ་མོ་ཕར་མ་གཙུགས་པར་རང་སེམས་སྟེང་འཛུགས་རྒྱུ་དེ་གལ་ཆེན་པོར་མཐོང་། ཁ་ལོ་པ་གསར་པ་ཞེས་སྐབས་སྣུམ་འཁོར་རྩ་བ་ནས་གཏང་མ་མྱོང་མཁན་ཞིག་ལ་གོ་རྒྱུ་མེད། གསར་པ་ཞེས་པའི་ཐ་སྙད་དེ་གཏོང་ཤེས་ལ་རྒྱུན་རིང་དེ་ཙམ་མ་སོང་བ་ཞིག་ལ་གོ་དགོས་རྒྱུ་ལས་རྩ་བ་ནས་གཏང་མ་མྱོང་མཁན་ཞི་ལ་གསར་པའི་ཐ་སྙད་དེ་མི་འཇུག ཆུ་དང་དྲག་རོང་ནང་གཡུག་རྒྱུ་ཡོད་ན་ང་ཚོ་སྐུ་དྲག་ཚོས་ཕྱི་ལོ་ ༡༩༥༩ ནས་གཡུག་ཚར་བ་ཡིན་པས་ད་དུང་ཁྱེད་རང་སྐུ་དྲག་ཞིག་གི་ཆུ་དོང་ནང་གཡུག་རོགས་བྱེད་ན་བསམ་ནས་བཞུགས་ཡོད་པས་དེ་ཡིན་ན་མི་ཤེས།
དྲག་རོང་ཞེས་པ་དེ། བྲག་རོང་ལ་བསྒྱུར་རོགས་གནང་།
༈ རེ་བ་ཧ་ཅང་མ་རྒྱབ་བོད་མི་ཚོ། །རེ་བ་ཆེ་བས་བོད་འདི་ཕུང་ལ་ལྟོས། །དེ་བའི་རང་ཉིད་བློ་རྒྱ་ཆེར་སྐྱེད་ཀྱིས། །རིགས་གཞུང་ལྡན་པའི་རྩ་བ་ཨེ་ཚུགས་ལྟོས། ཞེས་དྲྭ་གྲོགས་ལྷན་རྒྱས་ལ་གསལ་འདེབས་ཀྱི་ཚུལ་དུ་ཕུལ།།
དྲ་གྲོགས་སྐོར་ཞིག་ལ་བརྗོད་རྒྱུ།མིག་གིས་རྒྱལ་སྤྱིར་ལྟོས་དང་རྒྱལ་ཁབ་སུ་ལའང་མི་རབས་གསར་རྙིང་གི་སྐད་ཆ་མེད།ད་བར་དུ་བོད་པལའང་མེད།ཡིན་ནའང་ད་ལོ་བྱུང་སོང་།རྒྱལ་ཁབ་ཀྱི་སྲིད་འཛིན་ཁག་མི་ཐོགས་རིམ་པས་ཡོང་གི་ཡོད་པ་རེད།འགྲོ་སྟངས་དེ་ཏག་ཏག་བསྡད་ཡོད།འདི་ལ་རྒྱུ་མཚན་མང་ནི་རེད།
ངས་གདན་ས་ཁག་གི་བསླབ་པ་སློབ་གཉེར་ལ་བརྩོན་བཞིན་ཆོས་འདུལ་བ་བཞིན་འཚོ་མཁན་དག་ལ་ནམ་ཡང་བརྗོད་ཀྱིན་མེད་ལ་ཁོང་ཚོར་སྙིང་ནས་སྐྱབས་སུ་མཆིའོ།དེ་མ་ཡིན་པར་དམངས་གཙོ་ཁ་ལ་འཁྱེར་ཏེ་ཆོལ་ཁའི་ཞན་ཁོག་གིས་སྨྱོན་བཞིན་ཡོད་པའི་གཡག་དགེ་དག་ལ་བརྗོད་ཀྱིན་ཡོད།ཁྱོད་ཀྱིས་གྲྭ་བ་དེ་ཚོའི་ལས་ཀ་དམངས་གཅོའི་གོ་རྟོགས་ཤིག་ཡིན་རབས་ཤོད་ཀྱིན་འདུག་མོད།དོན་ལ་ཆོལ་ཁའི་ཕྱོགས་རེས་ཁོག་ལ་བཅུག་སྟེ་ཕྱི་ལོག་དམངས་གཙོའི་བཟོ་ལྟ་རྫུན་མ་དེ་ལ་ངས་ཕྱོགས་རེས་ཀྱི་གོ་རྟོགས་ཞེས་བརྗོད་ཀྱིན་ཡོད།
སྐུ་དྲག་སྐུ་དྲག་ཟེར་བ་དེ་༥༩ལོ་ནས་རྫོགས་ཚར་བ་རེད།དེ་ནས་ད་བར་དུ་སྐུ་དྲག་གི་ལག་ཏུ་འགྲོ་མེད།སྐུ་དྲག་ཟེར་བའི་དོན་ནི་དབང་ཆ་སྒེར་སྤྱོད་པ་ཞིག་ལ་གོ་དགོས།དེ་མིན་མི་རྒྱུད་སྐུ་དྲག་ཡིན་པ་ཙམ་གྱིས་ཁྱོད་ལ་སྙིང་ལངས་མི་དགོས།སྐུ་དྲགགི་་ནང་ལ་བཟང་ངན་གཉིས་རེད།ཕྱོགས་རེས་ཀྱིས་དབང་དུ་མ་སོང་བར་ལྟ་ཤེས་ན།
མི་རབས་གསར་བ་ཟེར་དུས་མི་རྙིང་བ་ཚོའི་མ་འཇོན་པ་འདྲ་བོ་ཞིག་ཤོད་ཀྱིན་འདུགལྷག་བསམ་དང་དཀའ་ངལ་གདོང་ལེན་བྱེད་དགོས་ན་མི་རབས་རྙིང་བ་ཚོ་བཟང་གི་རེད།མི་རབས་གསར་བ་ཚོ་དེ་ལས་ལྡོག་ཡོད།
མི་རབས་གསར་བས་མཐུན་པ་མི་མཐུན་པ་དང་ཡོད་པ་མེད་པར་བཟོ་་མི་ཡོང་བའི་ངེས་པ་སུ་ལ་ཡོད།དོན་ལ་ང་ཚོར་ལས་ཀ་ཏག་ཏག་བྱེད་ཐུབ་མཁན་དགོས་པ་རེད།
གཞན་གསར་བ་ཟེར་བའི་དོན་ཅི་ཞིག་ཤོད་ཀྱིན་ཡོད་མེད་ངས་ཤེས་ཀྱི་མི་འདུག་ལགས།
རེ་བ་མེད་ན་ལས་ཀ་བྱེད་མི་ཐུབ།།
རེ་བ་ཡོད་ལ་ཡིད་ཆེས་ཡོད་པའི་མི།།
ཚུལ་མཐུན་ལུགས་མཐུན་ངང་ཡོང་ཐབས་བྱོས།།
རྩ་བརྟན་ལོ་ལེགས་ཡོང་ན་རང་གཞན་སྐྱིད།།
རྩེད་མོ་ཡིན་ནོ།།
རེ་བ་མེད་ན་ལས་ཀ་བྱེད་མི་ཐུབ།།
རེ་བ་ཡོད་ལ་ཡིད་ཆེད་ཡོད་པའི་མི།།
ཚུལ་མཐུན་ལུགས་མཐུན་ངང་ནས་ཡོང་ཐབས་བྱོས།།
རྩ་བརྟན་ལོ་ལེགས་ཡོང་ན་རང་གཞན་སྐྱིད།།
ཀི་རེ་རྩེད་མོའི་ཚུལ་དུ་སྤྲངས་པའོ།།
༈ དྲྭ་གྲོགས་ལགས་ཐུགས་རྗེ་ཆེ། མི་ཐོག་གསར་རྙིང་གི་སྐད་ཆ་མེད་པའི་རྒྱལ་ཁབ་གཅིག་ཀྱང་མེད། དཔེར་ན་ང་ཚོའི་གནས་ཚང་རྒྱ་གར་ལྟ་བུ་ལ་མཚོན་ན་ Youth Congress. ཟེར་བ་དེ་གསར་པའམ་གཞོན་ནུ་ཚོར་གོ་དགོས་དང་། དེ་བཞིན་རྒྱལ་ཁབ་ཐམས་ཅད་ལ་དེ་ལྟར་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ངས་མི་རབས་གསར་པ་ཞུས་དུས་ལམ་སེང་རྙིང་པ་ལ་མ་རངས་པའི་རྣམ་འགྱུར་བསྟན་པ་གང་ཡང་མིན། རྙིང་པ་ཚོས་བྱས་རྗེས་ལ་ཡིད་རངས་དང་དགའ་བསུ་ཞུ་མཁན་ཞིག་ཡིན། འོན་ཀྱང་རྙིང་པ་ཚོས་བསྐྲུན་པའི་ལམ་དེ་གསར་པ་ཚོ་འགྲོ་དགོས་པ་ནི་སྨྲོས་མེད་དང་། དེའང་ཕ་མ་རྒན་རྒོན་ཟུང་གིས་དཀའ་ངལ་ཆེད་བསད་ཀྱི་ཕྲུ་གུར་སྐྱེད་བསྲིངས་ཏེ་མཐར་སློབ་གྲྭ་རིགས་ཐོན་ཚར་བསྟུན་ཕྲུ་གུ་ཉིད་མིའི་སྤྱི་ཚོགས་ནང་གཏང་བ་ལས། ཕ་མ་མ་ཤི་བར་ལུས་མཁར་རྒྱུག་ལ་བརྟེན་ཏེ་ཕྲུ་གུ་གསོ་བ་ཞིག་མ་མཐོང་པ་བཞིན། ད་ལྟ་བཀུར་འོས་བསྒྲེས་སོང་རྣམས་བཞུགས་སྐབས་གཞོན་སྐྱེས་ཚོར་ལས་འགན་བསྐུར་ཏེ་ལས་ཀ་བྱེད་དུ་བཅུག་སྟེ་མ་འགྲིག་པ་བྱུང་ཚེ་འཁྱོག་པོ་ཡོ་བསྲང་གནང་བ་ཡིན་ན་འཇིག་རྟེན་མིའི་ལུགས་ཡིན་པ་ལས། དེ་མིན་བསྒྲེས་སོང་རྣམས་བྱོན་ཟིན་མཚམས་ལམ་སེང་ལས་འགན་ཁག་བསྐུར་ཀྱང་ཡོ་བསྲང་སུ་ཡི་བྱེད་ཐུབ། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དབྱིན་སྐད་དུ་ Transition ནམ་འཕོ་འགྱུར་གྱི་རིམ་པ་དང་ལྡན་པ་ཞིག་དགོས་རྒྱུ་ཡིན་པ་འཛམ་གླིང་རྒྱལ་ཁབ་སྤྱི་ཡི་འགྲོ་སྟངས་ཡིན། ང་རང་སྒེར་གྱི་ངོས་ནས་སྐུ་དྲག་ཁག་ལ་དུང་ཞེན་དང་བརྩེ་གདུང་གཉིས་ཀས་སྟོང་པའི་གང་ཟག་ཞིག་ཡིན། མཐུན་པ་མི་མཐུན་པ་དང་། ཡོད་པ་མེད་པ་བཟོ་མཁན་ནི་མི་རབས་གསར་པ་མ་ཡིན་ལ་དེ་ལས་ལྡོག་སྟེ་རྙིང་པ་དག་ཡིན། གང་འདྲ་ཡིན་ཟེར་ན། སྔར་བོད་དེ་རང་བཙན་སྐབས་ཀྱི་ལོ་རྒྱུས་དང་། ངག་རྒྱུན་ཐམས་ཅད་ལ་སོམས་དང་ཆོས་ལུགས་དང་། ཆོལ་ཁ་ལུང་ཚན་སོགས་ཀྱི་བར་ཐེན་འཁྱེར་གང་འདྲ་ཡོད་མེད་ཟུར་ལྟས་ལེབ་མཐོང་ལས་ངས་འདི་ནས་བོང་བུའི་ནང་ཆ་ཁྲོམ་དུ་བཏོན་ཏེ་ཅི་བྱེད། གསར་པ་ཚོས་སྐད་དོད་ལ་གཟིགས་དང་ང་ཚོ་གངས་ཅན་པ་ཟེར་བ་མ་གཏོགས། ཁོ་ཨ་མདོ་དང་། ང་མདོ་སྟོད། དབུས་གཙང་། དེ་བཞིན་ཆོས་ལུགས་ཀྱི་རིན་ཐང་གང་ཡང་མི་ཤེས་པའི་གླེང་ལྐུག་གིས་ངའི་ཁང་ཚན་ཟེར་མཁན་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་འདུག་པས། དངོས་ཡོད་ཀྱི་གནས་ཚུལ་དེ་དག་ལ་བསམ་ཚེ་གསར་བྱུང་རྣམས་ཀྱི་སེམས་ཁམས་དེ་དཀར་པོ་དཀར་ཀྱང་ཡིན་པ་མདོ་དབུས་ཁམས་གསུམ་གྱི་རྩམ་ཟན་པ་ཡོད་དོ་ཅོག་གི་མཁྱེན་བཞིན་པ་དེ་དག་ལགས། ༧སངས་རྒྱས་ཀྱིས། ང་ཡི་རྗེས་འཇུག་ཇི་ལྟར་སྡུག་ན་ཡང་། །སྐྱེ་བོ་ཕལ་པ་བརྒྱ་ཡིས་དོ་ཟླ་མེད། ཞེས་གསུང་འདུག་པས་གཡག་དགེ་གཡག་དགེ་དེ་འདྲ་མ་ཟེར་དོན་མེད་ཁ་སྡིག་གསག་ནི་རེད། ཡང་གྲངས་ཁ་འདྲ་ལོང་དགོས་ཀྱི་ཡོད་ན་ཞུ་ལེ་མིན།
༈ རྩ་བརྟན་ལོ་ལེགས་དགོས་ན་ཡ་རབས་སྦྱོང་། །འཆམས་མཐུན་སྤྱི་ཚོགས་བསྐྲུན་ན་རང་གཞན་སྐྱིད། །བློ་རྒྱ་ཆེར་བསྐྱེད་བྱེད་ན་ལས་དོན་འགྲུབ། །རེ་བ་ཙམ་དེ་མུན་ནག་མདའ་འཕེན་འདྲ། ཞེས་ཀུ་རེའི་ཚུལ་དུ་ཕུལ།།
གྲོགས་པོ་ལགས།ངས་མི་རིགས་ཤིག་ལ་མི་རབས་གསར་བ་མེད་ཟེར་མ་མྱོང་།ངས་རྒྱལ་ཁབ་ཅིག་སྲིད་འཛིན་ལ་འགྲོ་ན་མི་ཐོག་རིམ་པས་འགྲོ་བཞིན་ཡོད་པ་ལས་དེ་ལ་མི་རབས་གསར་བ་ཟེར་བ་ཞིག་མེད་ཟེར་གྱིན་ཡོད།དེ་ཡོངས་གྲགས་རེད་ལ་དངོས་ཡོད་ཀྱང་རེད་ལགས།
ཁྱོད་ཀྱིས་གཞོན་སྐྱེས་ཤིག་བཀའ་ཁྲི་ལ་བཞག་སྟེ་རྒན་རབས་ཚོས་ལྟ་་སྐྱོང་བྱེད་བཞིན་འགྲོ་དགོས་པ་འདྲ་བོ་ཞིག་ཤོད་ཀྱིན་ཡོད་པ་འདྲ།བཀའ་ཁྲི་ནི་བཀའ་ཁྲི་རང་རེད་མ་གཏོགས་དེ་ཉམས་མྱོང་གསོག་ས་དང་སློབ་སྦྱོང་བྱེད་ས་མ་རེད།ནོར་འཁྲུལ་ཕྲན་བུ་ཞིག་ཤོར་ན་ཡང་བོད་མི་ཚོར་བརྡབ་གསིག་ཆེ་ས་རེད།དངོས་གནས་བྱས་ན་དང་པོ་སྤྱི་འཐུས་སུ་ཕྱག་ལས་གནང་དགོས་པ་ཞིག་རེད་མོད།ཁྱོད་ཀྱི་བཀའ་ཁྲིའི་འོས་མིས་ཡིན་གཅིག་མིན་གཅིག་བཀའ་ཁྲིའི་ཁྲི་དེ་དགོས་ལབ་ཀྱིན་ཡོད་པ་རེད།དེའི་རྒྱབ་ལོག་ན་ཅི་ཞིག་ཡོད་དམ།
ཁྱོད་ཀྱིས་མི་རབས་གསར་བ་ཟེར་བ་དེ་རྒྱ་གར་ནང་གི་བོད་པའི་མི་རབས་ཚོ་ཤོད་ཀྱིན་ཡོད་ན་ནོར་སོང་།བོད་ནང་མི་རབས་ཚོ་ཕྱོགས་རེས་ཡོད་པ་མ་རེད་ཟེར་བ་ཡིན་ན་ལགས་སོ་ཡིན།གཞན་གངས་ཅན་པ་ཟེར་བའི་མིང་འདི་ཚོ་བོད་ནས་དར་ཡོང་བ་ལས་ཁྱོད་ཀྱི་མི་རབས་གསར་བ་ཚོ་མ་རེད་ལགས།ཁྱོད་ཀྱི་མི་རབས་གསར་བ་ཚོས་བོད་ཡིག་ཤེས་ལེ་མིན།
ངས་གཡག་དགེ་དག་ལ་ནམ་ཡང་གཡག་དགེ་བརྗོད་ཀྱིན་ཡོད།དེ་ཚོ་དགེ་འདུན་པ་ཟེར་བ་དེ་མ་རེད་ལ་སངས་རྒྱས་ཀྱི་རྗེས་འཇུག་དངོས་གནས་དེ་བས་ཀྱང་མ་རེད་ལགས།
གཞན་ཞུ་འདོད་པ་ལ་ཉིད་ཀྱིས་དབྱིན་ཡིག་གཅིག་གཉིས་རེ་ཤེས་ངོ་བྱེད་བཞྀན་འདུག་དེ་ཡིན་ན་ཁྱོད་ཀྱི་དབྱིན་ཡིག་གི་དྲ་གནས་ཆབ་སྲིད་བསྐྱར་ཞིབ་ལ་གཟིགས་རོགས།དེས་ཁྱོད་ལ་བསམ་བློ་གསར་བ་རེ་སྟེར་ངེས་སྙམ།
ད་ནས་བཟུང་ངས་ཁྱོད་ཀྱི་སྐད་ཆ་ལ་ལན་རྒྱག་རྒྱུ་མིན།གང་ཡིན་ཟེར་ལ་ང་བློ་བསྐྱེད་འདྲ་གང་ཡང་རེག་གི་མི་འདུག དེ་བཞིན་ཁྱོད་ལ་ཡང་ངའི་སྐད་ཆས་ཕན་ཐོགས་འདྲ་ཡོད་རྒྱུ་མ་་མ་རེད་འདོད།
རྩ་བརྟན་ལོ་ལེགས་ང་ཡི་ཚིག་སྤྱོར་ཡིན།།
འཆམས་མཐུན་སྤྱི་ཚོགས་ཧུའོ་ཡི་བསླུ་གཏམ་རེད།།
ཕྱོགས་རེས་ཐད་ལ་བློ་རྒྱ་ཆེ་བསྐྱེད་ཁྱོད།།
མུན་ནག་མདའ་འཕེན་ལས་དེ་འཇོག་རོགས་གནང་།།
༈ དྲྭ་གྲོགས་ལགས་དགོངས་པ་མ་ཚོམ། འགྲེལ་བཤད་ལ་གཟིགས། གནད་དོན་ལ་དཔྱོད། དངོས་འབྲེལ་ལ་ངོས་ལེན་གནང་དགོས་རྒྱུ་དེ་འཇིག་རྟེན་ཡ་རབས་ཀྱི་ལུགས་ཡིན། ༧ས་པཎ་གྱིས། མཁས་པ་བརྩད་ཅིང་མ་བྲིས་ན། །དེ་ཡི་བར་དུ་གཏིང་མི་དཔོགས། ཞེས་གསུང་པ་བཞིན་བགྲོ་གླེང་བྱས་ཏེ་ཡང་དག་པའི་གནད་དོན་རྣམས་རྟོགས་པར་བྱེད་རྒྱུ་དེ་སྔར་རྒྱ་གར་གྱི་པཎ་གྲུབ་དང་། རང་རེ་བོད་ཀྱི་མཁས་དབང་རྣམས་པའི་ཞལ་རྒྱུན་འཁྲུལ་མེད་ལགས་པས་དེ་དོན་དགོངས་མངའ་ཞུ།
ཁྱེད་ཀྱིས་བཀའ་ཁྲི་ཕེབས་ཕྱོགས་དེ་ཐོག་མར་སྤྱི་འཐུས་ནས་རིམ་པའི་ཕེབས་དགོས་པའི་དགོངས་འཆར་ཞིག་གནང་འདུག་པ་དེར་ངོས་ལེན་ཡོད། ཡིན་ནའང་དམངས་གཙོའི་རྒྱལ་ཁབ་ནང་གལ་ཏེ་སྤྱི་འཐུས་མ་གནང་ཚེ་བཀའ་བློན་ལ་ཕེབས་མི་ཆོག་པའི་ཁྲིམས་ཞིག་རྩ་བ་ནས་མེད་ལ་ཕེབས་མཁན་ཡང་ཡོད། དཔེར་ན་ད་ལྟ་འཛམ་གླིང་ནང་ཆེས་སྙན་གྲགས་ལྡན་པའི་རྒྱ་གར་གྱི་སྲིད་བློན་སིང་མཆོག་ལྟ་བུར་མཚོན་ན། ཐོག་མར་ཁོང་དངུལ་རྩིས་ལས་རིམ་ནང་ཞུགས་ཏེ་རྒྱལ་ཁབ་ཀྱི་དངུལ་ཁང་གི་འགོ་འཛིན་གནང་བཞིན་པའི་སྐབས་ལམ་སེང་སྲིད་བློན་འདས་པོ་ནཱ་རས་དངུལ་རྩིས་བློན་ཆེན་དུ་བསྐོ་བཞག་གནང་སྟེ་བློན་ཆེན་གྱི་ལས་རིམ་ནང་ཞུགས་པ་ལས། འོས་འདེམས་ཀྱིས་གྲོས་ཚོགས་ནང་མྱོང་བ་བསགས་ཏེ་རིམ་པའི་བློན་ཆེན་དུ་ཕེབས་པ་ཞིག་མིན། དེ་ཙམ་དུ་མ་ཚད་གལ་ཏེ་བཀའ་ཁྲིར་ཕེབས་པའི་གང་ཟག་དེ་ལ་རྒྱལ་ཁབ་སྤྱི་བྱིང་བཞིན་ཆབ་སྲིད་དང་། དཔལ་འབྱོར། བདེ་སྲུང་སོགས་ཀྱི་བཀའ་སློབ་ཕུལ་མཁན་གྱི་སློབ་སྟོན་པ་ཡང་ཡོད་དགོས། དཔེར་ན་རྒྱ་གར་དང་། ཨ་རི། དབྱིན་རྗི་ལ་སོགས་པ་བཞིན། ཁྱེད་ཀྱི་དགོངས་ན་བཀའ་བློན་ཁྲི་པ་མི་གཅིག་གི་ལས་འགན་ཆ་ཚང་འཁུར་དགོས་པའི་རྣམ་པ་ཞིག་འདུག་ཀྱང་དམངས་གཙོའི་རྒྱལ་ཁབ་ནང་མི་གཅིག་དབང་འཛིན་དེ་འདྲ་རྩ་བ་མེད་པས་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་དོན་ཁག་སྒྲུབ་དགོས།
གཉིས་ནས་ཁྱེད་ཀྱིས་རྒྱ་གར་ནང་བོད་ཡིག་ཤེས་མཁན་རྩ་བ་ནས་མེད་པ་དང་། གལ་སྲིད་བོད་ཡིག་འབྲི་མཁན་ཞིག་འདུག་ན་བོད་ནས་ཡིན་པའི་ཐལ་ཆ་ཅན་གྱི་བཀའ་མོལ་ཞིག་འདུག་པ་དེ་རྩ་བ་ནས་བདེན་པ་མིན། གང་ལགས་ཤེ་ན། ང་ལྟ་བུ་ལ་མཚོན་ན། བསྟན་དགྲ་རྒྱ་དམར་གྱི་དབང་བཤེད་ཀྱིས་ཕ་མ་ཟུང་མི་ཡུལ་དུ་གྱར་ནས་སྐྱེས་ས་ཡང་རང་ཡུལ་མ་ཡིན་ལ། ཚར་ས་ཡང་རང་ཡུལ་མ་ཡིན་པར་མིའི་ལུང་པ་ཡིན་པའི་གང་ཟག་ཞིག་གིས་བོད་ཡིག་འབྲི་ཀློག་ཚུལ་བཞིན་བྱེད་ཀྱི་ཡོད། དེ་ཙམ་དུ་མ་ཚད་ཁྱེད་ནས་རྒྱ་གར་ནང་གི་བོད་རིགས་དང་། བོད་ནང་གི་བོད་རིགས་ཞེས་ཕྱོགས་རིས་ཀྱི་སླད་པའི་བཀའ་མོལ་མ་གནང་རོགས། རྒྱ་གར་ནས་གངས་ཅན་པ་ཟེར་ན་འདྲ། བོད་ནས་གངས་ཅན་པ་ཟེར་ན་འདྲ་གང་ལྟར་ཡང་སྙིང་ང་ཚོ་འཛམ་གླིང་གང་སར་གནས་པའི་བོད་མི་ཚང་མར་གོ་དགོས་རྒྱུས་ལས་དེ་ལ་རྣམ་དཔྱད་རིགས་གང་ཡང་མེད། དེ་བཞིན་དུ་ངས་དབྱིན་ཡིག་བྲིས་སྐབས་ཁྱེད་ཡིད་རངས་པའི་རྣམ་པ་ཞིག་བསྟན་འདུག་པ་དེ་ནི་ཕལ་ཆེར་ནོར་བ་མིན་འགྲོ། གང་ལགས་ཤེ་ན། ངའི་རང་གི་ཕ་སྐད་གཙོ་བོར་བཞག་ནས་དེའི་སྟེང་དབྱིན་ཡིག་བྲིས་པ་ལས། དབྱིན་ཡིག་གཙོ་བོར་བྲིས་ཏེ་ཕ་སྐད་ཟུར་དུ་བྲིས་པ་མིན། སྔར་གྱིས་མཁས་དབང་དམ་པས། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ཞེས་གསུངས་པར་གཞིགས་ན་རང་གི་སྐད་ཡིག་གཙོ་བོར་བྱས་པའི་སྟེང་སྐད་རིགས་མི་གཅིག་པ་ག་ཚོད་ཤེས་ན་བཟང་ཕྱོགས་ཀྱི་རྣམ་པ་ཡིན་པ་ལས་སྡུག་པོ་ཡིན་པའི་བཀའ་མོལ་གང་ཡང་མི་འདུག་པས་ཁྱེད་རང་ཡང་དབྱིན་སྐད་དང་། རྒྱ་སྐད། དེ་བཞིན་སྐད་རིགས་གང་དྲག་དྲག་སྦྱོངས་དེའི་ཁྱེད་ལ་ཕན་པ་ལས་གནོད་པ་མི་ཡོང་བ་ངས་ཁས་ལེན་ཞུ་ཆོག། ཐུགས་རྗེ་ཆེ་བདེ་མོ་བཞུགས།
རྣམ་དཔྱད་དེ། རྣམ་བཅད་ལ་སྒྱུར་རོགས།
tashi delek
Hello my dear brothers and sisters, Who is your Kalon Tripa 2011. Why did you pick him/her for KA-TRI 2011. If your choice wins the final election, What are your expectations from her/him during the 5 year term ? I am just trying to get some ideas from my fellow brothers and sisters. I will really appreciate if you all could share with me some of your valuable views and insight about the upcoming 2011 kalon Tripa. Unbiased opinions or views are highly appreciated. Thank you very much.