བསྟན་འཛིན་ཕུན་ཚོགས། ༼སུ་ཇཱ་སློབ་གྲྭའི་འཛིན་རིམ་བརྒྱད་པ།༽
བདག་གིས་ལྷག་བསམ་དྭངས་མ་ཞིག་གིས་རྒྱང་རིང་དུ་བལྟས་དུས་མི་རིགས་ཤིག་ཡར་རྒྱས་དང་སྔོན་ཐོན་ཅན་དུ་འགྲོ་འདོད་ན་རང་གི་སྐད་ཡིག་ལ་ངེས་པར་དུ་བརྟེན་དགོས་པ་ནི་མེད་དུ་མི་རུང་བའི་བསམ་བློའི་ཁ་ཕྱོགས་ཤིག་ཏུ་མངོན།
སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པ་དང་སྐད་ཡིག་དེ་བརླག་དུས་མི་རིགས་དེ་ཡང་མིང་ཙམ་དུ་གྱུར་པ་ཡིན་ཞེས་འཛམ་གླིང་འདིའི་སྐར་ཆེན་ལྟ་བུའི་མཁས་དབང་རྣམས་ཀྱིས་ལོ་རྒྱུས་ཀྱི་ནང་ལ་ཟིན་ཐོ་བཀོད་ཡོད་ལ་གདམས་ངག་ཅིག་ཀྱང་རེད།
རྒྱུ་མཚན་དེའི་ཕྱིར་དུ། བོད་མི་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་དེ་ནི་སྐད་ཡིག་ཡིན་ལ། མི་རིགས་སུ་ཞིག་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་། ཟླུམ་གཟུགས་གོ་ལ་འདིའི་ཡང་སྟེང་ནས་གསོན་འཚོ་དང་མདུན་བསྐྱོད་ཡར་རྒྱས་འདོད་ན། ང་ཚོའི་སྐད་ཡིག་འདི་སྲ་ཞིང་བརྟན་པོར་གནས་ཐུབ་མིན་ལ་ཐུག་ཡོད། སྐད་ཡིག་གི་འཕེལ་འགྲིབ་ལས་མི་རིགས་གང་ཡིན་པ་དེའི་འཆི་གསོན་གྱི་གནད་དོན་ཐག་གིས་གཅོད་བཞིན་ཡོད་པར་མ་ཟད། ཤེས་རབ་ཀྱི་་བློ་གྲོས་ལྡན་པ་དག་གིས་ཀྱང་མགྲིན་ངག་ཏུ་སྒྲོགས་བཞིན་མཆིས།
ལྷག་པར་དུ། དེང་གི་དུས་འདིར་ང་ཚོ་བོད་མི་རིགས་འདི་ཉིད་ལ་མཚོན་ནས་བརྗོད་ནའང་ཆག་འཇིག་གི་རིམ་པ་་མང་པོ་ཞིག་འབྱུང་བཞིན་ཡོད་པ་ནི་ཤེས་གསལ་རེད། ད་དུང་ང་ཚོ་མི་མཐུད་དུ་འདི་ཡི་ངང་ཚུལ་བཞིན་སོང་ན་གངས་ཅན་པ་ཞེས་པའི་ཐ་སྙད་འདི་རྗེས་མའི་མི་རབས་སུ་མིང་གི་ལྷག་མ་ཙམ་དུ་འགྲོ་ངེས་ཆེ། ལྷག་ཏུ་སྐད་ཡིག་གསོ་སྐྱོང་གི་གནས་སྟངས་འདི་མི་རབས་སྔོན་མ་རྣམས་ལ་ངོ་གནོང་དགོས་པ་དང་། རྗེས་མ་རྣམས་སུ་ངོ་ཚ་དགོས་པ་ཞིག་ཏུ་གྱུར་ཡོད།
ང་ཚོ་བོད་པའི་བླ་སྲོག་གསོན་པོར་གནས་མིན་ཀྱང་སྐད་ཡིག་འདིའི་གསོན་ཉམས་ལ་བལྟ་དགོས། དེའི་ཕྱིར་དུ་བོད་མིའི་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་དེ་ནི་སྐད་ཡིག་ཡིན། དེས་ན། ང་བོད་པ་ཚང་གི་མི་བརྒྱུད་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སྐད་ཡིག་གི་ཆག་འཇིག་གླེང་རྒྱུ་ནི་ངེད་ཀྱི་འོས་འགན་ཞིག་རེད།
དེང་སང་ང་ཚོའི་བོད་མི་སྤྱི་ཚོགས་ཀྱི་ཁྲོད་དུ་གཞིགས་པའི་ཚེ། གཞོན་སྐྱེས་མང་པོ་ཞིག་གིས་རང་སྐད་རང་ཡིག་འདི་རྒྱུན་སྤྱོད་བྱེད་རྒྱུར་ངོ་ཚ་དགོས་པ་ཞིག་ཏུ་ཆགས་ཡོད་སྟབས། འདི་ནི་རང་ཅག་གི་མེས་དབོན་དག་གིས་དཀའ་སྡུག་ཁྲི་ཕྲག་གི་ཀློང་རིམ་ནས་བསགས་འཇོག་དང་ཉར་ཚགས་བྱས་པའི་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་བརྡ་སྤྲོད་རིགས་པ་ཆ་ཚང་བ་ཞིག་ཡོད་པ་རེད།
ཡིན་ན་ཡང་། འུ་ཚང་ལ་ཡོད་པའི་སྐད་ཡིག་དེ་ནི་ཉིན་ཞག་དང་ཟླ་ངོ་རེ་རེ་བཞིན་རླུང་ཁྲོད་ཀྱི་མར་མེ་དང་ནུབ་རིའི་ཉི་མ་ལྟ་བུར་འགྱུར་བཞིན་པའི་གཉན་འཕྲང་ཅན་གྱི་དུས་རབས་འདིའི་ཁུགས་སོ་ནས་ང་ཚོར་བྲང་ཁོག་ལ་དམར་ཆུང་གི་སྙིང་དང་། ཡ་མགོ་རུ་ཀླད་རྒྱ་ཞིག་ཡོད་ན་ང་ཚོའི་ཕ་སྐད་དང་ཕ་ཡིག་ལ་དུང་བ་ཟབ་མོ་ཞིག་དང་ང་ཚོའི་སྨྲ་སྒོ་ནས་རང་སྐད་གཙང་མ་ཞིག་འཆད་རྒྱུ་ཡོད་པ་བྱ་དགོས་ཡ། ང་ཚོས་ཐོས་བཞིན་པའི་སྐད་ངག་འདིར་ཉོན་དང་ཚོས་གཞི་མི་འདྲ་བའི་ཟ་འོག་གི་ཐག་རྒྱ་ལྟར་ཉབ་ཉོབ་ཀྱི་སྐད་གསང་རྐྱང་རྐྱང་རེད། ང་ཚོས་ཅིའི་ཕྱིར་རང་ཉིད་ཀྱི་དེ་བོར་ནས་གཞན་ཞིག་ཏུ་བརྫུ་དགོས་པ་རེད། ང་ཚོའི་ཆེས་ཡང་དག་པའི་སྐད་ཡིག་འདིས་མ་འདང་བ་དང་མ་འགེང་བ་ཨེ་རེད། དེ་ཡང་ག་ལ་ཡིན་སྲིད།
འུ་ཅག་ལ་ཡོད་པའི་བརྡ་སྤྲོད་རིག་པ་ནི་དུས་རབས་བདུན་པའི་མགོར་སློབ་དཔོན་ཐོན་མི་སམ་བྷོ་ཏས་བོད་མི་ཕལ་ཆེ་བས་གོ་ཐུབ་པའི་ཕལ་སྐད་གཙང་མ་གཞིར་བཟུང་ནས་དེང་སྐབས་འུ་ཅག་གིས་བཀོལ་སྤྱོད་བྱེད་མུས་ཀྱི་ཡིག་གཟུགས་འདི་གསར་གཏོད་མཛད་པ་དང་། ད་དུང་དགེ་མཚན་འོད་འབུམ་འཕྲོ་བའི་བརྡ་སྤྲོད་རིག་པ་སུམ་བཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་པར་མ་ཟད་ད་དུང་ཡང་སུམ་རྟགས་གཉིས་ཀྱི་འཇུག་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཉིད་སྐད་ཡིག་གཞན་དང་མི་འདྲ་བར་མཛད་ཡོད་པ་ཆེས་གསལ་རེད། དེས་ན་རང་ཅག་གངས་རི་བ་ཚོས་གཡོས་སུ་སྦྱར་བའི་གཞན་སྐད་དང་གཞན་ཡིག་གི་ལྟོ་ཟས་སུ་འགྲམ་ཆུ་ལྡང་དགོས་མི་འདུག་སྙམ། རྒྱུ་མཚན་དེའི་དབང་གི་ང་ཚོ་བོད་མིའི་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་ཉག་ཅིག་གོ
རང་རེ་གངས་ཅན་པ་ཞིག་ལ་གཞན་གྱི་སྐད་ཡིག་གིས་ག་ཚོད་ཕྱུག་ཀྱང་རང་གི་སྐད་ཡིག་ལ་ཤེས་རྟོགས་མེད་ན་མི་རིགས་ཕྱེད་ཀར་གྱུར་པ་རེད། འུ་ཅག་གི་གཞོན་སྐྱེས་རྣམས་ནི། རྒྱས་བཞིན་པའི་ས་བོན་དང་འདྲ་ལ། ང་ཚོ་ནི་འབྱུང་འགྱུར་བོད་མི་རིགས་ཀྱི་མདུན་ལམ་འཚོལ་བའི་ཡབ་མེས་ཀྱི་བུ་ཚ་ལགས་པས རང་རིགས་ཀྱི་རིག་གཞུང་ཟབ་མོ་འདི་ཡིད་རབ་དུང་དུང་གིས་ང་ཚོས་ལག་བསྟར་དང་གཅེས་སྲུང་མི་བྱེད་ན་སུ་ཞིག་གིས་བྱེད། འདི་ནི་ང་ཚོ་ལ་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་ཤིག་ཡིན་སྟབས། རང་ཅག་ལ་མི་རིགས་གཞན་གྱི་སྐད་ཡིག་ག་ཚོད་ཕྱུག་ཀྱང་རང་གི་ལོ་རྒྱུས་རིང་མོའི་སྐད་ཡིག་ལ་གོ་ཤེས་མེད་ན། མི་རིགས་ཀྱི་ལང་ཚོ་ཡོངས་སུ་མ་སྨིན་པའི་མི་བུ་གླེན་པའི་མི་བརྒྱུད་ཅིག་དང་ཆེས་འདྲ་བ་ཉིད་དོ།
སྐད་ཡིག་ནི་མི་རིགས་དེའི་འབྱུང་ཁུང་དང་མི་རིགས་དེ་ངོ་སྤྲོད་ཐུབ་པའི་བླ་སྲོག་རེད་བོད་མི་རིགས་ལ་ཆ་ཚོན་མི་ལོ་ཉི་སྟོང་ལྷག་གི་རླབས་ཆེན་གྱི་ལོ་རྒྱུས་
བཙན་པོ་ཡོད་པའི་བོད་མི་རིགས་འདི་ད་ཆ་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་འཐོར་བ་ནང་བཞིན་དུ་གནས་ཡོད་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་བསམ་མེད་བྱི་པར་མངར་མོ་སྦྱིན་པ་དང་འདྲ་ལ་དོན་དམ་པའི་ང་ཚོའི་སྐད་ཡིག་དང་རིག་གཞུང་ལ་འགན་འཁུར་རྒྱུའི་ཆོད་སེམས་དང་མངོན་འདོད་དེ་བོད་མི་ཚང་མར་གཅིག་མཚུངས་དུ་ཡོད་ན་སྐད་ཡིག་སྲུང་སྐྱོབས་ཀྱིས་ལས་འགུལ་ལས་བོད་མི་རིགས་སྲུང་སྐྱོབས་ཀྱིས་ལས་འགུལ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དུ་བརྩིས་ནས་སྔོན་འཐོན་བྱ་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
སློབ་མ་ཞིག་གིས་བསམ་བློ་ལ་རྒྱབ་སྐྱོར་ཡོད། མུ་མཐུད་དུ་ཡིན་ཡ
བོད་ཀྱི་གཞོན་ནུ་བསྟན་འཛིན་ཕུན་ཚོགས་ལེགས་ཀྱིས་བྲིས་པ་དེ་རྣམ་དཔྱོད་ཀྱི་ཕུལ་དུ་ཕྱིན་པ་ཞིག་པས་བོད་སྐད་གསོས་པར་གྱུར་ཅིག་ཅེས་སྨོན་ནོ།
་
མིང་སྒྲ་གཉིས་ལ་དཔྱད་དགོས་པ་མཆིས།
་
འདང་བ། ཞེས་པའི་ཅི་ཡིན་ནམ། བདག་གིས་མཐོང་བའི་དཔེ་ཆ་འགའ་ན། འདང་ཞེས་པ་ཆུ་སྙིགས་འདང་བར་བྱེད་པ་ལ་གོ་སྟེ། ས་སྐྱ་ལེགས་བཤད་ན།
་
ཆུ་ཀླུང་རྙོགས་པས་ཆུད་གསན་པ།
ཆུ་འདང་ནོར་བུས་དང་བར་བྱེད།། ༡། ༡༤
་
ཆག་འཇིག ཅེས་པར་སྒྲ་གཉིས་ལ་གོ་དོན་གཅིག་ཡོད། གོ་དོན་སོ་སོ་ཡོད་ན། དེ་དག་གང་ཡིན་ནམ། ཞེས་དྲི་བ་ལགས་སོ།
ཆག་འཇིག་
བདག་གིས་དྲིས་པའི་དྲི་བ་གཉིས་ལ་བསྟན་འཛིན་ཕུན་ཚོགས་ཀྱིས་་ལན་ བརྒྱབས་མི་འདུག བསམ་བཞིན་དུ་ལན་མ་བརྒྱབས་པ་ཡིན་ན། བོད་སྐད་སྲུང་བར་རྩོམ་ཡིག་བྲིས་པ་དང་། རང་གི་ལན་ལེན་གཉིས་མི་མཐུན་པར་མཐོང་།
ང་ལ་བྱ་དགོས་པ་མང་པོ་ཞིག་ཡོད་ཀྱང་། བོད་ཀྱི་ལོ་པཎ་རྣམས་ཀྱི་ཕྱག་རྗེས་བོད་རིགས་དག་ལ་ཉེ་བར་རིག་གནས་རྒྱ་མཚོ་ལྟ་བུ་བཞུགས་པ་ལ་ཞབས་ཏོག་ཕྲན་བུ་འབུལ་བར་བརྩོན། དེ་ཡང་། རྩོམ་ཡིག་དུ། “ཆག་འཇིག་གི་རིམ་པ་་མང་པོ་ཞིག་འབྱུང་བཞིན་ཡོད།” ཅེས་པར་སྔ་མ་འཇིག་པ་དང་ཕྱི་མ་སྐྱེ་བའི་དོན་ཡིན་ན། བོད་སྐད་དུ། ཆགས་འཇིག་ཅེས་དགོས། བསྐལ་པ་ཆགས་པ་དང་བསྐལ་པ་འཇིག་པ་ལྟ་བུ།
སྐད་ཡིག་འདིས་མ་འདང་བ། ཞེས་པར་བརྩད་པར་བྱ་སྟེ། དེ་ཡང་ཟུར་ཆག་ཏུ་ལང་ཞེས་བཀོལ། སྤྱོད་འཇུག་ཏུ།
་
དེ་སྙེད་ཀོ་བས་ག་ལ་ལང་། ལེའུ་༥པ། ཚིགས་བཅད་ ༡༣པ། ཟུར་མ་ཆག་པར་བཀོལ་ན། ལྡང་། ཞེས་དགོས་ཏེ། དག་ཡིག་ཟ་མ་ཏོག་ཏུ།
་
སྟན་ལས་ལྡང་དང་འཁོབས་ཀྱི་ལྡང་། ཞེས་དང་། ངག་སྒྲོན་དུ། ལྡང་ཚད། ཞེས་སོགས་དང་མཐུན་པར་དགོས་སོ་སྙམ།