བོད། ལྷ་ཀླུ་གཉན་གསུམ།
མི་རུ་སྐྱེ་བ་ནས་མི་སྐད་བཤད་ཤེས་པ་དང་། བོད་དུ་སྐྱེ་བ་ནས་བོད་སྐད་བཤད་པ་དེ་ནས་བཟུང་དེ། ང་རང་བོད་མི་རིགས་ཀྱི་འཆི་གསོན་དང་འབྲེལ་བའི་མི་ཞིག་ཆགས་པ་རེད། དེ་ནས་བཟུང་། ངའི་ཕ་མ་གཉིས་ཀྱིས་ང་རང་ལ་བོད་སྐད་བཤད། ངས་ཀྱང་བོད་སྐད་བཤད། དེ་ལ་ཁྲིམས་དང་གནས་ལུགས་སོགས་གང་ཡང་མི་དགོས་པར། བོད་ཀྱི་ནང་མི་ཞིག་གི་འགྲོ་སྟངས་རྒྱུན་ལྡན་ལྟ་བུ་ཞིག་ཆགས་པ་རེད།
ང་རང་འཚར་ལོངས་བྱུང་རྗེས་སུ། ངས་ཀྱང་རང་གི་ཕ་མ་དག་གི་ང་ལ་བོད་སྐད་བཤད་པ་ལྟར། ད་ནི་ངས་ཀྱང་རང་གི་བུ་མོ་ལ་བོད་སྐད་བཤད། འོན་ཀྱང་། ནམ་ཞིག་ངའི་བུ་མོས་ང་ལ་ཁྱེད་ཀྱི་བཤད་བཞིན་པ་དེ་མི་རིགས་སུ་ཞིག་སྐད་ཆ་རེད་ཅེས་འདྲི་སྲིད། དེ་དུས་ངས་གནས་ལུགས་བཤད་དགོས་སམ། ཡང་ན། ཁྲིམས་ཤིག་བཟོ་དགོས། གང་ལྟར། ངས་འདི་ལྟར་མུ་མཐུད་དུ་འདང་རྒྱགས་དགོས་བྱུང་།
ཚུར་ལ་ཅི་ཙམ་བསུས་པའི་སེམས་གཏིང་གི་དྲི་བ་འདི་དག་གིས། ནམ་ཞིག་ཕར་ལ་ལོག་འགྲོ་བའི་གོམ་གཤིས་ཤིག ངའི་བུ་མོའི་འཚར་ལོངས་ཀྱི་རྒྱུད་རིམ་ནང་དུ་བྱུང་ན། ད་གཟོད་ནག་ཉེས་དེ་དང་ནོར་འཁྲུལ་དེ་དག་ང་ཡིས་བཟོས་པ་ཡིན་ནམ། དེ་མིན་ན་ང་རང་གི་ཕ་མ་གཉིས་ཀྱིས་ཆུང་དུས་ནས་ང་རང་ལ་བོད་སྐད་བཤད་པ་དེས་ལན་པ་ཡིན་ནམ། ངས་མུ་མཐུད་དུ་བོད་སྐད་བཤད་པར་བདེན་ན་ཡང་། ངའི་བུ་མོའི་བོད་སྐད་བཤད་མ་ཤེས་པའི་ཉིན་མོ་དེར། ངའི་བུ་མོ་འདི་བོད་པ་ཡིན་ནམ། ཕལ་ཆེར། དེ་དུས་ངས་ཁོ་མོ་ང་རང་གི་བུ་མོ་ཡིན་པར་ཁས་ལེན་བྱས་ན་བོད་པ་གྱུར་འགྲོ་བར་ལོ་རྒྱུས་ཀྱི་ཁས་ལེན་སྲིད་དམ།
གཅིག་བྱས་ན་ང་རང་བོད་པ་ཡིན་དུས། བུ་མོ་ཡང་བོད་པ་ཡིན་སྲིད་པ་རེད། འོན་ཀྱང་། ཨ་མ་བོད་པ་མིན་དུས། བུ་མོ་ཡང་བོད་པ་མ་ཡིན་པར་གྱུར་འགྲོ་བར་ཡང་ཐེ་ཚོམ་མེད་པ་འདྲ། འདི་དག་ལ་གནས་ལུགས་ཇི་ལྟར་བཤད་ན་ད་གཟོད་བོད་མི་རིགས་ཀྱི་རྗེས་རབས་པ་དག་གི་ངོས་ཟིན་བྱེད། མི་རིགས་དང་དང་རྒྱལ་ཁབ་ལ་ཡང་ས་མཚམས་ཤིག་ཡོད་ངེས་པ་ཡིན། དེས་ན་ངའི་བུ་མོའི་རྒྱལ་ཁབ་ད་ལྟ་བོད་ཀྱི་རྒྱལ་ཁབ་ནི་མེད་ལ། ཁོ་མོ་སྐྱེ་ཡུལ་ནི་རྒྱལ་ཁབ་འདི་ཡིན་པས། སྐྱེ་མ་ཐག་ནས་བཟུང་དེ། རྒྱལ་ཁབ་འདིའི་མི་སེར་གྱི་ལག་ཁྱེར་ཐོ་འགོད་བྱས་ཟིན་པ་དང་རྒྱལ་ཁབ་འདིའི་མི་རུ་གྱུར་སོང་།
དེས་ན་མི་རིགས་གང་ཞིག་དུ་ངེས་འཛིན་བྱེད་དགོས་པ་ཡིན། སྐད་ཀྱི་སྟེང་ནས་ངོས་བཟུང་དགོས་པ་ཡིན་ནམ། དེ་ཡང་ད་ལྟ་བཤད་ཚོད་མི་ཐུག སྐྱེ་ནས་ལོ་གཅིག་ལ་ལྷག་རེད། རྗེས་་ཕྱོགས་བོད་སྐད་ཤེས་དུས་སུ། ངའི་བུ་མོ་བོད་ཀྱི་བུ་མོ་ཞིག་ལ་ངོས་འཛིན་བྱས་པ་ཡིན་ན། བོད་རིགས་སྤུན་ཟླ་དག་གིས་ངའི་བུ་མོ་བོད་ཀྱི་བུ་མོ་ཞིག་ལ་ངེས་འཛིན་བྱེད་སྲིད་དམ། བྱས་པ་དེ་ཙམ་གྱིས་བོད་མིར་གྱུར་འགྲོ་བ་ཨེ་ཡིན་ནམ། དེ་མིན་ན་རྒྱལ་་ཁུངས་ཀྱི་དངོས་ནས་ངོས་འཛིན་བྱེད་སྲིད་དམ། ཡང་ན། སྐྱེ་ཁུངས་ནས་ངོས་འཛིན་བྱེད་སྲིད་དམ།
མཐའ་དོན་དྲ་ཐོག་གི་སྤུན་ཟླ་ཚོ། ཁྱེད་རང་ཚོ་ང་དང་འདྲ་བ་ཁ་ཤས་རེ་ཡོད་ན། ཁྱེད་རང་གིས་རང་རང་གི་ཕྲུ་གུ་དེ་མི་རིགས་གང་ཞིག་དང་། རྒྱལ་ཁུངས་གང་ཞིག སྐྱེ་ཁུངས་གང་ལ་ངེས་འཛིན་བྱེད་སྲིད་དམ།
ལྷ་ཀླུ་ལགས་། དངོས་ནས་གནས་ལུག་ཟབ་མོ་བྱས་ནས་བྲིས་འདུག། ཕ་མ་གང་རུང་བོད་རིགས་ཡིན་མིན་གྱིས་མི་རིགས་ཀྱི་ས་འཚམས་གཅོད་ག་ལ་ཐུབ་། ཕ་མ་གཉིས་ཀ་བོད་པ་ཡིན་ཡང་། མ་འཐའ་བོད་སྐད་ཕར་བཤད་ཚུར་བཤད་ཙམ་མ་ཞིག་མ་ཤེས་ཚེ་། མི་འདོད་བཞིན་དུ་ང་ཚོའི་རང་གི་བུ་ཕྲུག་དག་བོད་པ་མིན་ཞེས་། བཤད་རྒྱུ་ལས་། འབྲེལ་བཤད་གཞན་ལྷག་མི་འདུག་།
ཞི་མོ་ཐར་མ་འཚོ་ལ་བོད་སྐད་བོད་ཡིག་ཆུ་རྒྱུགས་རྒྱུགས་བཟོས་ཞོགས་ར་བོད་མི་ཡིན་མིན་ལ་སེམས་འཁྲེལ་མེད། ངས་བོད་མི་ཡིན་མིན་ཀྱི་བརྟག་ཐབས་ཡག་པོ་ཞིག་ཁྱེད་ཀྱི་དུས་བབ་ཟིན་བྲིས་སུ་མཆན་བཏབ་ཡོད། དེ་ངོ་མ་ཡིན།
བོད་ལ་ལ་རྒྱ་ཡོད་ན་བོད་པ་རེད། །
དཔེར་ན་བོད་དོན་གླེང་མཁན་འོད་ཟེར་བཞིན། །
བོད་སྐད་ཤེས་ཙམ་བོད་པར་ཇི་ལྟར་འགྱུར། །
བོད་དང་བོད་མི་སྤངས་པའི་འདྲེ་ཕྱོགས་བཞིན། །
བོད་མི་ལྐུགས་པ།
གཉིད་ལོག་པའི་བོད་མི།
སྤུན་ཟླ་ཚོ་ཕེབས་པ་སྤྲོ་ནས་ཡོད། དྲ་ཐོག་གི་སྤུན་ཟླ་གཞན་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བོད་མི་ཡིན་མིན་གྱི་ས་མཚམས་ཤིག་གང་ནས་འཇོག་དགོས་མིན་སྐོར་ལ་བགྲོ་གླེང་བྱེད་རྒྱུར་འབོད་སྐུལ་ཡོད།
བོད་མི་ཡིན་མིན་གྱི་ཚད་ནི།
འདི་ལ་གཉིས་སུ་དབྱེ་ཆོག་སྟེ།
བཙན་བྱོལ་དུ་ཡོད་པའི་བོད་མི་ཡིན་མིན་གྱི་ཚད་ནི་ཁྲིམས་ལུགས་ལས་གསལ་བ་ལྟར་གྱི་རང་བཙན་ལག་དེབ་ཡོད་པ་གང་ཞིོག་བཙན་བྱོལ་བོད་མིའི་ཁྲིམས་ཀྱི་མངའ་འབངས་སུ་གཏོགས་ཤིང་རང་ཉིད་བོད་མི་ཞིག་ཡིན་ནོ་སྙམས་པའི་བློ་ཡོད་མཁན་གྱི་མི་བུ་ཞིག
གཞིས་སུ་ཡོད་པའི་བོད་མི་ལྟ་བུར་ཆ་བཞག་ན།
རང་ཉིད་ཀྱི་ཕ་མ་གང་རུང་བོད་མིའི་ཤ་ཁྲག་རུས་གསུམ་ལས་མཆེད་ཅིང་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་བློ་ཡོད་མཁན་གྱི་རིགས་སུ་གནས་མི་བུ་ཞིག།
ལ་སྟོད་བུ་ལགས མི་རིགས་ཤིག་གནས་མིན་དེ་ནི་སྐད་དང་ཡི་གེ་ལ་འབྲེལ་བ་མེད་པ་རེད་དམ། བྱེས་སུ་རང་བཙན་ལག་དེབ་བམ། རང་དབང་འཕྱ་ཁྲལ་ལག་་དེབ་ཡོད་པ། བོད་ནང་དུ་ཡོད་པ་དེ་དག་ནི་ཕ་མ་གང་རུང་བོད་མི་ཡིན་པ། རང་ཉིད་བོད་ཡིན་བསམ་པ་དེ་ཙམ་གྱིས་འཐུས་པ་ཞིག་ཡིན་ནམ། དེ་འདྲ་ཡིན་ཚེ་བོད་མི་རིགས་འདི་ནི་ཇི་སྲིད་དུ་གནས་པ་ལ་དཀའ་ངལ་ཞིག་མེད་པ་འདྲ།
ལྷ། ཀླུ། གཉན་གསུམ་ག་ཡིན་མཁན་ཁྱེད་གསོན་དང་། མི་ལོ་་༣༠་ལྷག་ལྷག་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་པའི་བོད་ཀྱི་ནང་བསྟན་སྦྱངས་པའི་དགེ་ལུགས་པའི་གྲྭ་རྒན་༧གོང་ས་མཆོག་ལ་ཐད་ཀར་ཁ་བཏད་གཅོག་མཁན་དེ་ཚོ་བོད་པ་རེད་དམ།
བོད་ལྷ་ཀླུ་གཉན་གསུམ་ལགས།
མི་རིགས་ཤིག་ལ་སྐད་དང་ཡི་གེ་ལོས་དགོས།དེ་དག་ནི་མི་རིགས་དེ་ཡི་རྒྱན་ཆ་ཞིག་རེད།
འོན་ཀྱང་མི་རིགས་དེ་ཡིན་མིན་གྱི་ཚད་ལ་སྐད་ཡིག་ཤེས་མཁན་ཞིག་དགོས་ཟེར་ན་དྲྭ་རྒྱ་འདིར་དགེ་བཤེས་སམ་མཚན་ཉིད་རིགས་པ་ཤེས་མཁན་ཞིག་ཡོད་ན་ཧཧཧཧཧཧཧ་་ལབ་ལི་ལབ་པའི་ཉེན་ཁ་མེད་པས་སྔོན་ཚུད་ནས་མཚན་ཉིད་རིགས་པའི་ལམ་དང་མི་འགལ་བ་བྱེད་རྒྱུ་གལ་ཆེན་པོ་རེད།
ཁྱེད་རང་ལྟར་ན་མི་རིགས་དེ་ཡི་སྐད་ཡིག་ཤེས་པ་ཙམ་ལ་བོད་མི་ཡིན་པའི་ཚད་འཇོག་ཐུབ་བམ།
དེ་འདྲ་ཡིན་ན་བོད་མི་མགོ་སྐྲ་སེར་ལ་མིག་སྔོ་རིལ་ཞི་མིའི་མིག་ནང་བཞིན་ཅན་ཤིན་ཏུ་མང་ངོ།་
བོད་མི་རིགས་ཀྱི་ཁྲག་རྒྱུན་ལས་ཆད་པའི་མི་བུ་ཞིག་ལ་བོད་པ་ཟེར།
བོད་སྐད་དང་བོད་ཡིག་ནི་བོད་པའི་རིག་གཞུང་རེད།
བོད་ ལྷ་ཀླུ་གཉན་གསུམ་ལགས་དགྱེད་པའི་མཆོད་སྤྲིན་ཡིན།
ངས་བསམ་ན་མི་རིགས་གང་ཞིག་ཡིན་མིན་དེ་གུ་དོགས་གི་བསམ་བློ་ཐོག་ནས་མ་བཞག་པར་གུ་ཡངས་ཀྱི་བསམ་བློ་ཐོག་ནས་བཞག་ན་ཕན་པ་ཆེ་སྙམ། ཤར་ཨེ་ཤ་ཡ་ནང་ནས་མི་རིགས་ཆེ་ཤོས་དེ་རྒྱ་མི་རིགས་རེད། ཁོང་ཚོ་མི་རིགས་ཆེན་པོ་ཆགས་པ་དེ་རྒྱུ་རྐྱེན་ཁ་ཤས་ཞིག་འདུག ༡༽ ཚུར་ལེན་གྱི་ལྟ་བ་རེད། དེ་ནི་གལ་ཆེ་ཤོས་ཞིག་རེད། ཚུར་ལེན་གྱི་ལྟ་བ་དེས་སྟོབས་ཆེན་པོ་མན་ཇི་མི་རིགས་ཡོངས་སུ་རྫོགས་པ་རྒྱ་མི་རིགས་བཟོས་ཟིན་པ་རེད། བོད་དང་སོག་པོ་གཉིས་མ་གཏོགས་གཞན་མི་རིགས ༥༧ ཟེར་ན་ཡང་རྒྱ་མི་རིགས་དང་གཅིག་པ་བཟོས་ཡོད་པ་རེད། བོད་དང་སོག་པོ་གཉིས་ཀྱང་བསམ་སྤྱོད་སོགས་ཕལ་ཆེ་བའི་ནང་དུ་རྒྱ་མི་རིགས་ཀྱི་ལྟ་བ་སླེབས་ཚར་བ་རེད། གོམས་གཤིས་དང་། ཆོས་ལུགས། རིག་གཞུང་བཅས་ཀྱི་ལྟ་བ་ཙམ་གྱིས་ལོགས་སུ་བཀར་ཡོད་པ་མ་གཏོགས། འོ་ན་ཁོང་ཚོས་ཚུར་ལེན་ག་འདྲས་སེ་བྱས་པ་རེད་ཟེར་ན། རྒྱ་ཞིག་དང་མན་ཇི་ཞིག་གཅིག་ཆང་ས་བརྒྱབ་པའི་དབང་དུ་བཏང་ན། ནང་མི་ཡོངས་སུ་རྫོགས་པ་རྒྱ་བཟོ་འགྲོ་གི་རེད། ༡ སྐད་རིགས། ༢ གྱོན་གོས། ༣ བསམ་སྤྱོད། ༤ ཁ་ཟས་སོགས་ཀྱི་ཆ་ནས། དེ་ནི་ཁོང་ཚོ་ལ་བྱིས་པ་གཉོར་སྟངས་ཡ་མཚན་པ་ཞིག་ཡོད་པ་དེ་རེད། བྱིས་པ་ལ་བག་ཆགས་འཇོག་སྟངས། བྱིས་པ་ལ་སློབ་སྦྱོང་སྤྲོད་སྟངས་སོགས་ཀྱི་ཆ་ནས་རེད། མི་རིགས་གཞན་དག་ལ་དེ་འདྲའི་ཐབས་ཤེས་ཡོད་པ་མ་རེད།
༢༽ ཁོང་ཚོ་ས་ཆ་གཞན་དུ་གནས་སྤོ་བྱས་པའི་དབང་དུ་བཏང་ན། གཅིག་གཅིག་ལ་རྟེན་པའི་བསམ་བློ་ཡོད་པ་རེད། ང་ཚོ་བོད་པ་ལ་མཚོན་ན་གཅིག་གཅིག་ལ་རྟེན་པའི་བསམ་བློ་ལས་དཔལ་འབྱོར་ལ་རྟེན་པའི་བསམ་བློ་སྒེར་ཚུགས་ཅན་ཤུགས་ཆེན་པོ་རེད། དེ་བས་ན་དཔེར་ན་ནེའུ་ཡོག་ལྟ་བུ་ལ་ཆ་བཞག་ནས་བཤད་ན་བོད་པ་འདུས་སྡོད་བྱེད་ས་ཞིག་དམིགས་བསལ་གྱི་བཟོ་ཐུབ་མེད། རྒྱ་མི་འདུས་སྡོད་བྱེད་པའི་གནས་བཞི་ཙམ་ཡོད་པ་རེད། འདི་ནི་ཁོང་ཚོའི་མི་རིགས་སྲུང་སྐྱོབས་ལ་ཕན་འགྲོ་གི་ཡོད་པ་རེད། གཅིག་གཅིག་ལ་དུས་རྒྱུན་དུ་ཕྲད་ཐུབ་ལ། གཅིག་གཅིག་ལ་དུས་རྒྱུན་སྐད་ཆ་བཤད་ཐུབ་པས་ནང་ཁུལ་དུ་ཆང་ས་རྒྱགས་ཐུབ་པར་མཐུན་རྐྱེན་ཆེན་པོ་ཞིག་རེད།
༣༽ ཚོང་ལས་ཀྱི་སྐོར་ནས་རེད། ཁོང་ཚོས་ཚོང་ལས་ཆུང་ཆུང་ནས་འགོ་འཛུགས་བྱེད་ཅིང་། ཚོང་ལས་ཐད་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད། ཉོ་མཁན་ཞིག་ཡིན་ན་ཡང་ཁོང་ཚོའི་མི་རིགས་ཀྱི་ཚོང་ཁང་ནས་ནང་ཉོ་ཞིང་། ཚོང་པ་ཞིག་ཡིན་ན་ཡང་ཆགས་ཡང་བཏང་ནས་ཚོང་གི་རེད། ང་ཚོ་ལ་བོད་པ་ལ་དེ་ལྟར་ཡོད་པ་མ་རེད།
གོང་གི་འདི་དག་ནི་རྒྱལ་ཁབ་སྟོབས་ཆེན་ཡིན་མིན་གྱི་གནད་དོན་མ་རེད། མི་རིགས་རང་གི་མི་རེའི་ངོ་རེའི་གནད་དོན་ཞིག་རེད།
དེ་ནས་རྒྱལ་ཁབ་ཀྱི་དམག་དོན་དང་ཆབ་སྲིད་ཕྱོགས་ནས་རེད། དམག་དོན་དང་ཆབ་སྲིད་ཕྱོགས་ནས་བཤད་ན་རྒྱ་མི་རིགས་ཀྱིས་མི་རིགས་སུ་ཡང་རྒྱ་མི་རིགས་ལ་བསྒྱུར་ཐུབ་མེད། བོད་ལ་མཚོན་ན་བཙན་གནོན་བཙུར་རྡུལ་ཅི་ལྟར་བྱས་པ་དེ་ལྟར་མཁྲེགས་འཛིན་གྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་བོད་རྒྱལ་ཁབ་དེ་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་གནད་དོན་རྐྱང་པ་མ་རེད། འགོ་ཁྲིད་ཀྱི་གནད་དོན་རེད།
ད་ལྟ་ང་ཚོས་ཁྲིམས་ལུགས་ཐོག་བོད་མི་ཡིན་མིན་གྱི་སྐད་ཆ་བཤད་ཚེ། དེ་ལ་དཀའ་ངལ་གང་ཡང་མེད། ཁྲིམས་ནང་ལ་གང་གསལ་བ་དེ་ཚང་ཡོད་མེད་བལྟ་རྒྱུ་ཙམ་རེད། ཁྲིམས་བཟོ་མཁན་ང་ཚོ་ནི་མ་རེད།
ད་ལྟའི་སྐབས་བབས་ཀྱི་སྐད་ཆ་ནི། མི་རིགས་ཤིག་ལ་ཚུད་དང་མ་ཚུད་ཀྱི་སྐད་ཆ་རེད། བོད་སྐད་ཤེས་པ་ནང་བཞིན་བོད་པ་ནང་བཞིན་ལས་རྒྱུ་འབྲས་ལ་བསམ་བློ་ཏོག་ཙམ་ཡོད་པ། ང་ཚོ་བོད་མི་ནང་བཞིན་གྱི་རིན་ཐང་གི་འདུ་ཤེས་(value system)ཡོད་པ། དེ་ལ་བོད་པའི་རིག་གཞུང་ལྡན་པ་ཞེས་ངོས་འཛིན་བྱས་ཆོག གཞན་བོད་སྐད་ཏོག་ཙམ་ཤེས་པ་ལ་བོད་པ་རེད་ཟེར་ནའང་ཧ་ལས་རྒྱུ་གང་མི་འདུག ཨ་རི་ལ་བོད་ཕྲུག་ཚོས་ཕ་མ་ཁྲིམས་ལ་སྦྱར་མཁན་མང་དག་ཡོད་རབས་མང་པོ་གོ་སོང་། ད་དེ་འདྲའི་ཕྲུ་གུ་བོད་པ་ཟེར་བ་ཙམ་ལས་བོད་པ་ཡིན་གོ་མི་ཆོད། ཅུང་ཟད་མགོ་སེར་ཙམ་ཡོད་རུང་ཕ་བོད་རིགས་ཡིན་པ་དང་བོད་པའི་རིག་གཞུང་དང་ལྡན་ན་བོད་པ་རེད་ཅེས་བཤད་པ་ལ་ནོར་བ་མེད། འོན་ཀྱང་ཕྲུ་གུ་དེ་ཕྱིས་སུ་བོད་མི་ཞིག་ཆང་ས་མ་བརྒྱབ་པར་ཕྱི་གླིང་ཞིག་དང་ཆང་ས་བརྒྱབ་ན། བོད་གྲལ་ནས་བུད་སོང་བ་རེད་སྙམ།
བོད་རིགས་འདི་རྒྱ་རིགས་སུ་མི་འགྱུར་བའི་རྒྱུ་མཚན་དུ་ད་ལྟའི་བོད་ཀྱི་གནས་སྐབས་འདི་བགྲང་ན་མི་འགྲིག རྒྱུ་མཚན་ནི་མི་ལོ་བཅུ་ནི་མི་རབས་གཅིག་གི་དུས་ཡུན་རྫོགས་ཟིན་མ་ཟིན་གྱི་དུས་སྐབས་ཤིག་ཡིན་པས་བོད་པ་ཡོད་ཚད་རྒྱ་རུ་འགྱུར་བར་དུས་ཚོད་གྱིས་མི་འདང་སྟེ། བོད་མི་མང་ཤོས་ཡིག་རྨོངས་པ་ཡིན་པས་རྒྱ་རུ་འགྱུར་བསམ་ཡང་གློ་བུར་འགྱུར་ཐབས་མེད། དེ་ནི་དུས་ཡུན་གྱི་མ་འདང་བ་ལས་བོད་མིར་སྟོབས་ཤུགས་ཡོད་པ་བགྲང་ན་སྔ་དྲགས་པ་སེམས། དེ་ནས་བོད་ཀྱི་གླུ་བ་མང་པོ་རྒྱ་སྐད་མ་གཏོགས་བོད་སྐད་མི་བཤད་པའི་གནས་སྟངས་འདིར་བལྟས་ན་ལྟས་ངན་གྱི་མགོ་བོའི་ཐོན་ལ་ཉེ་བཞིན་འདུག མི་རིགས་ཤིག་གི་སྐད་དང་རིག་གཞུང་རྩ་བརླགས་སུ་འགྲོ་པ་མ་མཐའ་ཡང་ལོ་གཉིས་བརྒྱ་ནས་སུམ་བརྒྱ་དགོས་མས་མི་རབས་བདུན་ནས་བརྒྱད་བར་དགོས། བོད་ཀྱིས་དུས་ཡུན་དེ་ལྟར་བསྲིང་ཐུབ་ན་རང་རྐང་ཅན་གྱི་མི་རིགས་ཤིག་ཏུ་བགྲང་ཚོག་ཚོག་རེད། དེ་ནས་བགྲང་ན་ཅུང་སྔ་དྲགས་པ་སེམས།
ནེའུ་ཡོག་ཏུ་རྒྱ་ཁྲོམས་ཡོད་པ་ནི་བོད་ཀྱི་གནས་བབ་དང་་བསྡུར་ཐབས་མེད། རྒྱུ་མཚན་ནི་ནེའུ་ཡོག་གཅིག་བུ་རྒྱ་རིགས་འབུམ་ཕྲག་ཁ་ཤས་ཡོད་ཅིང་དེ་དག་ཕལ་ཆེར་སྔོན་ཆད་ལས་ཀའི་ཆེད་དུ་བྲན་གཡོག་ཏུ་ཡོང་མཁན་ཡིན། དེ་ནི་རྒྱ་གར་གྱི་བོད་པའི་གནས་བབ་དང་འདྲ་ཞེས་སྨོས་ན་འདྲ། འོན་ཀྱང་། མི་འདྲ་ས་གཅིག་བུ་ནི་བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང་རྒྱ་རིགས་རྣམས་བྲན་གཡོག་ཏུ་ཡོང་བ་རེད།
ནོར་བཅོས། བྲེལ་ཚབས་ཀྱིས་བྲིས་བས་ནོར་འཁྲུལ་བྱུང་བ་དགོངས་འགལ་མེད་པ་ཞུ།
བོད་རིགས་འདི་རྒྱ་རིགས་སུ་མི་འགྱུར་བའི་རྒྱུ་མཚན་དུ་ད་ལྟའི་བོད་ཀྱི་གནས་བབ་འདི་བགྲང་ན་མི་འགྲིག རྒྱུ་མཚན་ནི་མི་ལོ་བཅུ་ནི་མི་རབས་གཅིག་གི་དུས་ཡུན་ཟིན་མ་ཟིན་ཞིག་ཡིན་པས་བོད་པ་ཡོད་ཚད་རྒྱ་རུ་འགྱུར་བར་དུས་ཚོད་གྱིས་མི་འདང་སྟེ། བོད་མི་མང་ཤོས་ཡིག་རྨོངས་པ་ཡིན་པས་རྒྱ་རུ་འགྱུར་བསམ་ཡང་གློ་བུར་འགྱུར་ཐབས་མེད་ལ་རྒྱ་ནག་ལ་དཔལ་འབྱོར་གྱི་སྒང་ནས་དེ་ལྟར་མགྱོགས་མྱུར་བོད་མི་རྒྱ་རུ་བསྒྱུར་བའི་ནུས་པ་བ་མེད།། དེ་ནི་དུས་ཡུན་དང་རྒྱ་ནག་གི་ནུས་བས་མ་འདང་བ་ལས་བོད་མིར་སྟོབས་ཤུགས་ཡོད་པ་བགྲང་ན་སྔ་དྲགས་པ་སེམས། ད་ནས་བོད་ཀྱི་གླུ་བ་མང་པོ་རྒྱ་སྐད་མ་གཏོགས་བོད་སྐད་མི་བཤད་ཅིང་དེ་དག་རྒྱན་དུ་འདོད་པའི་གནས་སྟངས་འདིས་ལྟས་ངན་གྱི་མགོ་བོའི་ཐོན་ལ་ཉེ་བའི་སྔོན་བརྡ་རེད། མི་རིགས་ཤིག་གི་སྐད་དང་རིག་གཞུང་རྩ་བརླགས་སུ་འགྲོ་པ་མ་མཐའ་ཡང་ལོ་གཉིས་བརྒྱ་ནས་སུམ་བརྒྱ་དགོས་སམ་མི་རབས་བདུན་ནས་བརྒྱད་བར་དགོས། བོད་ཀྱིས་དུས་ཡུན་དེ་ལྟར་བསྲིང་ཐུབ་ན་རང་རྐང་ཚུགས་ཅན་གྱི་མི་རིགས་ཤིག་ཏུ་བགྲང་ཆོག་ཆོག་རེད། ད་ནས་བགྲང་ན་ཅུང་སྔ་དྲགས་པ་སེམས། དེ་ནི་ང་ཚོས་མི་རབས་འདི་ལ་དམིགས་བསལ་གྱིས་རག་ལས་བ་སེམས།
ནེའུ་ཡོག་ཏུ་རྒྱ་ཁྲོམས་ཡོད་པ་ནི་ནུབ་སྡོད་བོད་ཀྱི་གནས་བབ་དང་བསྡུར་ཐབས་མེད། རྒྱུ་མཚན་ནི་ནེའུ་ཡོག་གཅིག་བུ་རྒྱ་རིགས་འབུམ་ཕྲག་ཁ་ཤས་ཡོད་ཅིང་དེ་དག་ཕལ་ཆེར་སྔོན་ཆད་ལས་ཀའི་ཆེད་དུ་བྲན་གཡོག་ཏུ་ཡོང་མཁན་ཡིན། དེ་ནི་རྒྱ་གར་གྱི་བོད་པའི་གནས་བབ་དང་འདྲ་ཞེས་སྨོས་ན་ཆོག འོན་ཀྱང་། མི་འདྲ་ས་གཅིག་བུ་ནི་བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང་རྒྱ་རིགས་རྣམས་བྲན་གཡོག་ཏུ་ཡོང་བ་རེད།
བོད་མི་ཡིན་མིན་གྱི་ས་མཚམས་ནི་མི་སུ་ཞིག་ལ་བོད་མི་རིགས་ཀྱི་ཤ་རུས་ཁྲག་གསུམ་གྱི་རྒྱུད་པ་གཅིག་ཅིང་ང་བོད་ཡིན་བསམ་པའི་བློ་ལྡན་མཁན་ཞིག་ལ་བོད་མི་བཤད་དགོས་བ་ལས་ཁོ་དང་མོའི་སྐྱེ་ཡུལ་ལམ་། ཡང་ན་བོད་ཡིག་དང་བོད་པའི་རིགས་གཞུང་ཡང་དག་པ་མི་ཤེས་མཁན་ཞིག་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་མཁན་ཞིག་ལ་བོད་མིན་བཤད་ན་ཆེས་སྐུ་དོག་གི་གཏམ་ཡིན་། རྒྱུ་མཚན་ནི་འུ་ཚོའི་ཆོས་རྒྱུད་ཀྱི་ཐོག་མ་བོན་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་། འུ་ཚོར་ཁ་ཆེ་ཡང་ཡོད་པས་དེ་ཚོར་བོད་མ་ཡིན་ཞེས་བཤད་དམ་། ད་དུང་བོད་རིགས་ཕྱི་རྒྱལ་ནས་སྐྱེ་ཞིང་བོད་སྐད་དེ་ཙམ་མི་ཤེས་མཁན་ཚོས་བོད་ཡིན་བསམ་པའི་པོད་པ་དང་བཅས་བོད་དོན་ལ་ཁོ་ཚོས་ནུས་བ་དང་གཏུན་པའི་ལས་བྱེད་ཀྱིན་ཡོད་པས་དེ་ཚོ་ཡང་བོད་རིགས་མིན་ཟེར་ཐུབ་བམ་། མཐའ་དོན་བོད་རིགས་ཡིན་མིན་ནི་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ཀྱིས་བཀས་གཅོད་མི་ཐུབ་ལ་འགྲོ་བ་མིའི་འགྱུར་འགྲོ་དང་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཚོས་དེ་བས་ཀྱང་ཁ་ཚོད་གཅོད་མི་ཐུབ་།
ནོར་བཅོས་། སྤོབས་པ་།
སྐུ་ཞབས་ལྷ་ཀླུ་ལགས་ཀྱིས་རྩོམ་དེ་འབྲེལ་ནས་་བདག་གིས་དྲ་གྲོགས་དག་ལ་། ་བོད་ངོ་མ་དང་། བོད་རྗུན་མ་གཉིས་གྱི་ཁྱད་པར་མཚོན་པའི་སྒྲུང་ཐུང་ཞིག་བཤད་། གནས་ཚུལ་མཁོ་འདོན་པ་ང་མིན་། འོན་ཀྱང་ང་ཡིན་ཚུལ་གྱི་ཞུ་གི་ཡིན། ན་ནིང་གི་3.14 གནད་དོན་དེ་རྒྱ་ནག་གཞུང་གི་ཉིན་མཚན་བར་མེད་བསྒྲགས་ནས་། སྐབས་ཞིག་བརྙན་འཕྲིན་གྱི་ཁ་འགྱེད་མི་འདོད་པ་ལྟ་བུ་ཞིག་ཆགས་སོང་། སྡུག་མོལ་དེ་གི་མགོ་འཇུག་བར་གསུམ་ན་། 藏民 ཞེས་བས་ཚིགས་དེ་ནི་གཟུགས་མེད་ཀྱི་དུག་འདའ་ཞིག་དང་འདྲ་བར་། ངེད་ཚོ་་གོང་འོག་བར་གསུམ་ན་ཡོད་པ་བོད་མི་ཆེ་ཆུང་ཚང་མས་། ཁོག་སྙིང་ཉིན་རེར་དུམ་བུར་བརྒྱ་རེ་སྟོང་དུ་གཏོང་། ལྷགས་པར་དུ་ང་ཚོའི་ལས་ཁུང་ལ་མཚོན་ན་ས་འདིའི་ཉེན་རྟོགས་ལས་ཁུང་ཆེ་ཤེས་དེ་ཡིན་པས་། སྐབས་དེ་དུས་། ཞོགས་པ་རེ་རེ་ལས་ཁུང་སུ་འགྲོ་སྐབས་ངའི་ལུས་སྟེང་ན་སྤྱི་རྒྱ་གཅིག་སྟོང་ཞིག་གི་གནན་ཡོད་པ་ལྟ་བུའི་ཚོར་བ་ཞིག་སྟེར་། ང་ཚོའི་ལས་ཁུང་ནང་བཀྲ་ཤིས་ཟེར་བ་ཞིག་ཡོད་། ཁོ་སྔོན་མ་བོད་མིང་འོག་སློབ་ཆེན་དུ་འཛུལ་བས་རྒྱ་རིགས་ཞིག་རེད་། མཚོ་མོ་ཟེར་བས་བོད་མོ་ཞིག་ཡོད་། ཉིན་གུང་ཞིག་ལ་ཚོགས་འདུ་ཞིག་ཚོགས་ནས་ས་གནས་ཁག་གི་དགོན་པ་དག་ལ་སྲུང་སྐྱོབས་ལས་བགོས་བྱས་། སྐབས་དེར་བཀྲ་ཤེས་ཟེར་བ་དེས་། ་་ ཏ་ལེ་བླ་མ་ལ་ལས་རྒྱ་སྣོག་རྒྱུ་མང་དྲགས་བས་འདི་བྱུང་བ་རེད་།་་ མཚོ་མོ་ཟེར་བས་བོད་མོ་དེ་མཆོང་ཐེད་གཅིག་ཁོས་ཁ་གཏད་དུ་ལང་ནས་། ཁྱོད་གེ་ལབ་གི་ཡོད་། ཁྱོད་ཀྱི་སྐད་ཆ་དེ་སྐྱར་དུ་ཐེང་གཅིག་ལ་བཤོད་། ་་ ཞེས་ཉེན་རྟོགས་པ་རྒྱ་བོད་མི་ལྔ་བཅུ་ལྷག་ཡོད་པ་ཚང་མ་འཇམས་ཐེང་ངར་བཞག་། ་་་
གྲོགས་པོ་ཨ་ནུ་ཐང་ལགས། ངེད་གཉིས་ལས་འབྲེལ་འདི་མི་ཤེས། གང་ལྟར་ཁྱོད་རང་མེད་ན་མཆན་ཁུག་འདི་སྟོང་བའི་སྣང་བ་ཞིག་ཤར་གྱི། རེད་ད་ངེད་གཉིས་བརྗོད་གཞི་ལ་འཇུག་རྒྱུ་ཡིན།
བོད་རིགས་རྒྱ་རིགས་ལ་འགྱུར་བའི་དོན་སྐད་དང་ཡི་གེའི་འགྱུར་བ་ལ་རྩ་བ་ནས་བྱེད་མི་རུང་། སྤྱིར་བཏང་བོད་སྐད་དང་བོད་ཡིག་མེད་ན་བོད་མིའི་ངོ་བོ་མཚོན་བྱེད་ཅིག་མེད་པ་རེད་དེ། བོད་སྐད་དང་བོད་ཡིོག་མ་ཤེས་པས་བོད་རིགས་རྒྱ་རིགས་ལ་འགྱུར་བ་རྩ་ནས་མ་རེད། བོད་རིགས་རྒྱ་རིགས་ལ་འགྱུར་ཞེས་པ་ནི་བོད་རྒྱ་གཉིས་ཀྱི་ཁྲག་རྒྱུན་འདྲེས་ནས་ནང་ཞིག་བོད་ཀྱི་ངོ་བོར་མཚོན་བྱེད་ཅིག་མེད་པ་ག་དུས་གྱུར་ན་དེ་དུས་གྱུར་བ་རེད། དཔེར་ན་རྒྱ་ནག་ཏུ་ད་དུང་ཡང་མི་རིགས་ལྔ་བཅུ་ལྷག་ཡོད། འོན་ཏེ་ཁ་ཤས་ལས་མི་རིགས་སོ་སོར་མཚོན་བྱེད་ཅིག་མེད་པ་གསལ་བོ་རེད། ཡིན་ནའང་མི་རིགས་ལྔ་བཅུ་ལྷག་ཡོད་པ་རྒྱ་ནག་རང་གིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད་རེད། དེ་གཅིག་པུར་བསམ་ཡང་མི་རིགས་དེའི་སྐད་དང་ཡི་གེ་མེད་པས་མི་རིགས་དེ་མེད་པ་མི་འགྲུབ་པ་ཞིག་རེད།
དྲ་གྲོགས་གཙང་ཁ་ལགས། ཉིད་ཀྱིས་ངས་མཆན་བུ་བཀོད་རྒྱུ་འདོད་མོས་ཡོད་པ་ཐུགས་རྗེ་ཆེ།
བདེན་པ་རེད། བོད་རྩ་སྟོང་དུ་འགྲོ་དགོས་ཚེ་ཉིད་ཀྱིས་གསུངས་བའི་གནད་དོན་བཞིན་ཁྲག་རྒྱུན་རྒྱ་མིའམ་གཞན་ཞིག་དང་མཉམ་དུ་ཐིམས་ཚེ་བོད་མི་མེད་པ་འགྱུར་བར་མོས་མཐུན་ཡོད། འོན་ཀྱང་། མི་རིགས་ཤིག་མཚོན་ན་མཚོན་བྱེད་གསུམ་ཡོད། སྐད་ཡིག་དང་ཁྲག་རྒྱུན། འདུ་ཤེས་བཅས་རེད། ཁྲག་རྒྱུན་གཅིག་བུ་བོད་མི་ཡིན་ན་བོད་མི་བགྲང་ཆོག་ཀྱང་དེ་ལས་གལ་ཆེ་བ་ནི་འདུ་ཤེས་རེད། འདུ་ཤེས་ཀྱི་ཚེ་སྲོག་མེད་ན་ཁྲག་རྒྱུན་ནི་བསྐལ་དོན་ནམ་མི་སེར་སྤེལ་བའི་སྲིད་ཇིས། མ་རིག་པའི་དབང་གིས་འགྱུར་བ་བཏང་ཐུབ་ཅིང་ཚད་གཞི་དེ་མི་རིགས་སམ་མི་ཞིག་གཞན་དུ་འགྱུར་ཟིན་པའི་སྐད་ཅིག་ཕྲ་མོ་དེ་རེད། རྒྱ་བལ་མཐའ་མཚམས་སུ་གནས་བའི་མི་སྣ་མང་པོ་ཞིག་བོད་རིགས་ཡིན་ཡང་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་བརྗེད་ནས་རྒྱ་བལ་གྱི་མི་མང་ཡིན་པའི་འདུ་ཤེས་འཛིན་ཞིང་བོད་ལས་རྒྱ་བལ་ལ་དགའ་ཞེན་འཛིན་པ་ནི་ཁྲག་རྒྱུན་མ་བརྗེ་ཡང་འདུ་ཤེས་ཉམ་པས་རེད། དེ་ནི་ཁོང་ཚོ་གཅིག་བུ་མ་རེད། འཇིག་རྟེན་འདི་དེ་ལྟར་མི་རིགས་མང་པོ་ཡོད་ངེས་རེད། དེ་བརྟེན་འདུ་ཤེས་ནི་ཧ་ཅང་གལ་ཆེ་ལ་མི་རིགས་ཤིག་ལ་མཚོན་ན་ཚེ་སྲོག་དང་། ཁྲག་རྒྱུན་ནི་ལུས། སྐད་ཡིག་ནི་བླ་རེད། དེ་གསུམ་མི་རིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་ཞིང་གང་རུང་ཞིག་མེད་ཚེ་ཚད་ལྡན་གྱི་མི་རིགས་ཤིག་མིན། སྐད་ཡིག་མེད་ན་མི་རིགས་གང་ཞིག་ཡིན་ཡང་རང་ཉིད་གཞན་ལས་ལོགས་སུ་ཡིན་པ་དྲན་སྐུལ་བྱེད་མཁན་མེད་ལ་མི་རིགས་ཤིག་གི་ཐུན་མིན་གྱི་ལྟ་བ་དང་འདུ་ཤེས་འཛིན་སྟངས་དེ་ཙམ་མེད། རྒྱུ་མཚན་ནི་སྐད་ཡིག་གིས་ཡོད་ཚད་ཉར་བས་ཡིན། དེ་ནི་ཤེས་སླ་སྟེ། བོད་ཡིག་མི་ཤེས་ཤིང་རྒྱ་ཡིག་མཁས་བའི་བོད་མི་ཞིག་དང་སྐད་ཆ་བཤད་དང་། ཁོང་བསམ་བློ་བཏང་ཕྱོགས་བོད་ལས་རྒྱ་ལ་ཉེ་བ་ཡོད། གལ་སྲིད་བོད་མི་རྣམས་ཀྱིས་རྒྱ་སྐད་བརྒྱབས་པ་ཡིན་ན་བོད་ཀྱི་ཐུན་མིན་པའི་བསམ་བློའི་འདུ་ཤེས་རང་བཞིན་གྱིས་རྩ་སྟོང་དུ་འགྲོ་ཞིང་རིམ་བཞིན་བོད་མི་རྒྱ་ལས་ལོགས་སུ་ཡིན་པ་དྲན་སྐུལ་བྱེད་མཁན་མེད་པས་འདུ་ཤེས་ལ་འགོག་རྐྱེན་ཐེབས་ཞིང་། ཉིན་གཅིག་རྒྱ་རིགས་ཡིན་པའི་འདུ་ཤེས་སླེབས་སྲིད། འདུ་ཤེས་སླེབས་ཚེ་བོད་དང་རྒྱ་གཉིས་ནི་ཁོ་དོག་མི་འདྲ་བའི་ཁྱད་པ་དེ་ཙམ་མེད་པས་འགྱུར་ཆོག་ཆོག་རེད་ལ། དེ་ནི་སྔ་མོ་ནས་རྒྱ་ནག་གིས་གྲྭ་སྒྲིག་བྱས་ཟིན། ཀྲོང་གོ་ཟེར་ནས་མིང་གསར་ཞིག་བཟོས་ཤིང་བོད་སོག་ཡུ་གུར་བཅས་ཀྲོང་གོ་ཡིན་པའི་རྒྱུ་མཚན་སྣ་ཚོགས་དང་འགྲེལ་བཤད་སྣ་ཚོགས་བགྲང་ཞིང་སློབ་ཆུང་ནས་ཁྲིད་པས་བོད་ནང་དུ་ཡོད་པའི་བོད་མི་མང་པོས་རང་ཉིད་ཀྲོང་གོ་ཡིན་པ་རྩོད་མེད་ཀྱིས་མོས་མཐུན་ཡོད། འོད་ཀྱང་རྒྱ་མི་ཡིན་པ་མོས་མཐུན་མེད། དེ་ནི་རྒྱ་ནག་གིས་ཤེས་རྟོགས་ཡོད་ཅིང་བོད་སོག་གི་ལོ་རྒྱུས་ཁྲོད་དོན་དངོས་དང་མི་མཐུན་པས་བོད་སོག་མི་མང་སོགས་ཀྱིས་ཁས་ལེན་བྱེད་ཐབས་མེད་པ་ཤེས་ནས་ཀྲོང་གོ་ཞེས་བའི་མིང་གསར་ཞིག་བཟོས་ཤིང་། ཀྲོང་གོ་ནི་རྒྱ་བོད་སོག་དང་ཡུ་གུར་བཅས་ཀྱི་སྤྱི་མཐུན་གྱི་སྲིད་གཞུང་ཡིན་ཚུལ་བཤད། ཕྱི་ཕྱོགས་སུ་ཀྲོང་གོ་ཞེས་བའི་ཟུར་ཙམ་ཡང་གླེང་རྒྱུ་མེད་པ་རྒྱ་ནག་བཅས་བའི་མིང་ཚིག་རྙིང་པ་Chinaདེ་བཅོས་སྒྱུར་མེད་པ་བོད་སོག་ཡུ་གསུམ་གནའ་སྔ་མོ་ནང་རྒྱ་ནག་གི་ཁྱབ་ཁོངས་ཡིན་པ་སྒྲུབ་བཞིན་ཡོད་ལ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་དེ་ལྟར་མོས་མཐུན་བྱས་ཡོད། དེ་ནི་མི་བཅུ་ལ་མགོ་སྒོར་མཏང་མི་ཐུབ་ཀྱང་བརྒྱ་ལ་མགོ་སྐོར་བཏང་ཐུབ་ཅེས་བའི་དཔེ་ལས་མ་འདས་ཤིང་དེ་ལྟར་ལག་ལེན་བསྟར་བ་སེམས། རྒྱ་ནག་གིས་བོད་སོག་ཡུ་གསུམ་མགོ་སྐོར་བཏང་མི་ཐུབ་ཤེས་ན་ཀྲོང་གོ་བཟོས། ཕྱི་ཕྱོགས་སུ་རྒྱ་ནག་གི་གནས་བབ་ཤེས་མཁན་དཀོན་པ་རྟོགས་ནས་དེ་གསུམ་གནའ་སྔ་མོ་ནས་རྒྱ་ནག་ཡིན་ཚུལ་སྒྲུབ། དོན་དངོས་རྒྱ་ནག་གིས་ཕྱོགས་ཁག་གཉིས་ལ་མགོ་སྐོར་བཏང་ནས་ཁེ་བཟང་ལེན་པའི་རྔམ་སེམས་ཡོད་ཤེས་གསལ་རེད། རྒྱ་ནག་གི་མི་རིགས་ལྔ་དྲུག་ཟེར་བ་ནི་ཆབ་སྲིད་ཀྱི་གཡོ་འཁྲབ་ཅིག་ཡིན། བོད་སོག་གི་མི་རིགས་ཡིན་པ་མང་པོ་ཞིག་གྱོན་གོས་ཅུང་མི་འདྲ་བར་མཉེད་ནས་མི་རིགས་ལོགས་སུ་ཡིན་པ་སྒྲུབས། རྒྱ་རིགས་ནང་ཁུལ་དུ་གོམས་གཤིས་དང་ཆས་གོས་མི་མཐུན་ཅི་ཙམ་ཡོད་ཀྱང་བཏང་སྙོམས་སུ་བཞག་ནས་མི་རིགས་གཅིག་པ་བགྲང་བ་སོགས་ནི་ཆབ་སྲིད་ཡིན་པ་ལས་ཡིད་རྟེན་འཕེལ་བ་དཀའ། རྒྱ་ནག་ནི་གཡོ་སྒྱུ་ལ་བྱང་ཆ་ཡོད་པའི་བླ་མེད་ཀྱི་མི་རིགས་ཤིག་ཡིན་པས་ལས་ཚེ་ཉན་རྒྱུ་ཁག་པོ་རེད།
ཡང་སྙིང་ངའི་བསམ་པར་ཚད་ལྡན་གྱི་མི་རིགས་ཡིན་དགོས་ཚེ། བླ་སྲོག་ལུས་གསུམ་མཚོན་པའི་སྐྱེས་བོ་ཞིག་སྟེ་སྐད་དང་ཁྲག་རྒྱུན། འདུ་ཤེས་གསུམ་ཚང་དགོས་བ་འདོད། རྒྱུ་མཚན་ནི། འདུ་ཤེས་ནི་སྲོག་དང་། ཁྲག་རྒྱུན་ནི་ལུས། སྐད་ཡིག་ནི་བླ་རེད། དེ་གསུམ་མ་ཚང་ཡང་འདུ་ཤེས་དང་ཁྲག་རྒྱུན་གཉིས་ཡོད་པས་བོད་མི་བགྲང་ཆོག འོན་ཀྱང་བླ་བྲལ་བའི་སྲོག་ཅིག་རྒྱུན་རིང་འཚོ་སྡོད་དཀའ་ཞིང་འཚོ་ཡང་དེ་ཙམ་ཚད་ལྡན་ཞིག་མིན། དཔེར་ན་བྷ་གཟལ་དང་མེ་གསེ་ཁོ་ལྟ་བུ་རེད། ཁོང་ཚོས་རང་ཉིད་ཀྱི་སྐད་ཡིག་མི་སེར་སྤེལ་བའི་འོག་ནས་བརླགས་ཟིན་པས་རང་ལུགས་མཚོན་བྱེད་ཀྱི་སྐད་ཅིག་མེད། འོན་ཀྱང་ཁོང་ཚོར་སྐད་ཡིག་གི་ཚབ་ཏུ་རྒྱལ་ཁབ་ཀྱི་བླ་ཞུགས་པས་འཇིག་རྟེན་འདིར་འཚོ་གནས་ཐུབ་ཡོད། དེ་བརྟེན་མ་འོངས་བར་བོད་མི་ཚོའི་སྐད་ཡིག་བརླགས་ཀྱང་འདུ་ཤེས་མ་བརླགས་པ་ཡིན་ན་སྐད་ཡིག་གི་བླའི་ཚབ་ཏུ་མི་རིགས་རིང་ལུགས་ཀྱི་བླ་ཞུགས་པས་རྒྱུན་གནས་ཐུབ་པའི་རེ་བ་ཡོད། འོན་ཀྱང་བོད་མི་རྣམས་གྲངས་ཉུང་ཡིན་ཞིང་ཁ་གཏད་གཅོད་ཡུལ་ཆེ་ཁར་ས་འབྲེལ་དང་རིགས་ཀྱི་ཁ་དོག་འདྲ་བས་སྐད་ཡིག་མེད་ན་གོང་གི་མི་རིགས་དེ་ཚོ་ལྟར་གནས་དཀའ་ཞིང་འཇའ་ལྟར་ཡལ་ངེས་རེད། འདུ་ཤེས་མེད་པའི་མི་རིགས་སམ་མི་ནི་བེམ་པོ་ཙམ་གྱི་མི་རིགས་སམ་མི་༼བོད་མི་ཡིན་ཡང་བོད་མི་ཡིན་པའི་འདུ་ཤེས་མེད་པའི་མེད་པ༽ཡིན་པས་འཚོ་ཡང་ནུས་བ་མེད་ལ་འཚོ་ཐབས་ཀྱང་རྒྱུན་རིང་མེད། རྒྱུ་མཚན་ནི། སྲོག་བརླགས་པའི་བེམ་པོ་ཞིག་རྒྱུན་རིང་གནས་མི་ཐུབ་པས་ཡིན།
མཆན་གོང་མ་ཆད་ལྷག་དང་ཡིག་ནོར་ཁ་ཤས་ཤོར་ཡང་མང་པ་དོགས་ནས་སྐྱར་བཀོད་བྱེད་རྒྱུ་མིན། ཉིད་ཀྱིས་ཤེས་བའི་རེ་བ་ཡོད།
ཨ་ནུ་ཐང་ལགས། རྒྱ་རིགས་མཁས་པ་གྲགས་ཅན་ཀྲིག་ཀུ་ཁྲིན་ནས། མི་རིགས་ཁྱད་པར་སྐད་ཡིག་དང་། ཆོས་ལུགས་དད་མོས། གདུང་རྒྱུད་གསུམ་གྱི་ཕྱེ་བ་ཡིན་གསུངས་འདུག
བླ་སྲོག་ལུས་གསུམ། སྐད་དང་ཁྲག་རྒྱུན་འདུ་ཤེས་གསུམ། བླ་མས་གསུང་རེད་། ཨ་ནུ་ཐང་བསོད་ནམས་ཀྱི་གསུང་བ་ལ་སྔོན་པར་སྟོད་དོ།
ཤ་དང་ཁྲག་གི་བོད་པ་ཡིན་མིན་ལ་ཁ་ཚོན་ཆོད་དགོས་ན། སྔོ་ལོ་ལངས་ནས་འཕྱར་རྒྱུ་རང་རེད། འགའ་ཤས་ཀྱི་ངོ་གདོང་ལ་ལྟོས་དང་། ཁྲག་རྩའི་ནང་དུ་སུ་ཞིག་གི་ཁྲག་རྒྱུག་གི་ཡོད་པ་ཚོད་དཔག་གང་ཙམ་བྱེད་ཐུབ། འཛམ་གླིང་འདིའི་ཐོག་མི་རིགས་ཅུང་ཟད་མ་འདྲེས་པ་ཧ་ལམ་མེད། བྱས་ཙང་ཁྲག་རྒྱུད་ནས་གཏན་འབེབས་བྱ་རྒྱུ་དེ་ཅུང་ཟད་རྙོག་འཛིང་ཆེ་ལ། དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་རེད། དེ་ལས་རིག་གཞུང་གི་གཏིང་ཚུགས་ཡོད་མིན་ལ་བལྟ་དགོས། ང་ཚོ་བོད་མིའི་རིག་གཞུང་ནི་ནང་ཆོས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཙམ་གྱིས་ནང་ཆོས་རེད་ཅེས་བསྙོན་འཛུགས་བྱེད་མི་རུང།།
གཙང་བུ་ལགས།
ཆོས་ལུགས་དད་མོས་ཞེས་བ་ནི་ལོ་བརྒྱ་ཕྲག་ཙམ་གྱི་གོང་གལ་ཆེ་སྲིད་ཀྱང་ད་ལྟ་ཆོས་ལུགས་ཁས་མི་ལེན་པའི་མི་རིགས་མི་ཉུང་པ་ཞིག་ཡོད་པས་ཆོས་ལུགས་དད་མོས་ཟེར་ན་སྐྱོན་འབྱུང་ཞིང་ལྷག་པ་ཆོས་ལུགས་གཅིག་ལ་དད་མོས་བྱེད་མཁན་གྱི་རྒྱལ་ཁབ་དང་མི་རིགས་འདྲ་མིན་ཡོད་པ་མ་ཟད། མི་རིགས་གཅིག་ལའང་ཆོས་ལུགས་འདྲ་མིན་ལ་གུས་བཀུར་བྱེད་མཁན་ཡོད་པས་མ་ངེས་ཏེ། ཆོས་ལུགས་དད་མོས་ཟེར་ན་གནས་ལུགས་ཀྱི་མདུན་དུ་ཁས་ལེན་དཀའ། འོན་ཀྱང་ཉིད་ཀྱིས་རྒྱ་རིགས་ཀྱིས་བཤད་པ་བཀོད་པ་ཐུགས་རྗེ་ཆེ། མི་རིགས་གཅིག་ལ་གཞན་གྱི་ཤན་ཞུགས་ཡོད་པ་བདེན་སྲིད་ཀྱང་སྤྱིའི་ཆ་ནས་བཤད་ན་ཁྲག་རྒྱུན་གཅིག་པ་ལ་བཤད། དེ་ནི་ལོ་རྒྱུས་ལ་ལྟས་ན་ཤེས་ངེས་རེད།