རྩོམ་པ་པོ། སྒོ་ཡོན།
སྐྱེས་བུ་འགའ་ཞིག་གི་བློ་སྤོབས་དང་རྒྱུ་ཚེགས་ཀྱི་དྲིན་ལས། དུས་འདིར་བརྡ་འཕྲིན་གྱི་ཉེར་སྤྱོད་མང་བོར་བོད་ཡིག་ཆ་ཚང་བཀོལ་ཐུབ་པའི་གོ་སྐབས་སྤྲད་ཡོད་ཕྱིར། འདི་དང་བསྟུན་ནས་ཁ་པར་གཙོས་པའི་བརྡ་འཕྲིན་ལག་ཆའི་ནང་དུ་བོད་མི་ཡིན་ནོ་ཅོག་གིས་བོད་ཡིག་བཀོལ་སྤྱོད་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད།
དེ་ཡང་བོད་མི་རྣམས་ཀྱི་པོད་ཕྲན་དང་འཕྲིན་ཕྲན་གྱི་ཟིན་ཐུང་སོགས་ལ་མཇལ་བའི་ཚེ། བོད་རྒྱ་ཨིན་གསུམ་གྱི་ཚིག་དུམ་བསྒྲིགས་མའི་བསྲེས་ཡིག་སྣ་ཚོགས་ཁ་དར་ཡོད་ལ། སོ་སོའི་དྲྭ་གྲོགས་བརྒྱ་ཆ་དགུ་བཅུ་ལྷག་བོད་མི་འབའ་ཞིག་ཀྱང་། སྔར་བཞིན་རྒྱ་ཡིག་སོགས་ཀྱི་ཚིག་དུམ་དག་གིས་རྒྱན་ཆ་འདོགས་ཀྱི་འདུག
ཞིབ་ཏུ་བསམས་ན། དྲྭ་ལམ་གཞན་དང་གཞན་ནས་བཤུས་བཀོད་འདྲེན་གསུམ་བྱས་པའི་རྒྱ་ཨིན་གྱི་ཚིག་དུམ་དེ་དག་སུས་ཀྱང་བཤུ་འཁྱེར་ཤེས་ལ། སྟབས་བདེའི་ཚིག་མཛོད་དག་ལ་སྐྱབས་བཅོལ་ན་མིང་ཚིག་འགའ་ཞིག་ལྷུ་སྒྲིག་མི་ནུས་པ་ཡང་ག་ལ་ཡིན་མོད། དོན་དངོས་སུ་གཞན་ཡིག་གི་ཡོན་ཏན་མངའ་བ་ཡིན་ན། གཞན་མིའི་ཤེས་རིག་དང་རིགས་སྡེ་ལ་འཕྲད་དུས་ད་གཟོད་རྩལ་དྲུག་འཛོམས་ལེ་དགོས་པ་ལས། ཕྱི་སྐད་ནང་ལ་སྒྲོག་པ་དང་ཕྱི་ཡིག་ནང་ལ་སྤྱོད་པའི་ཚད་ལ་ནི་རང་ཅག་ད་དུང་ཐོན་མེད།
ཡང་གཅིག་བཤད་ན། ཐག་རིང་ཐུང་གི་སྐྱེས་བུ་ཁ་ཅིག་གིས། ལོ་ཟླ་དུ་མར་མངོན་དང་མི་མངོན་པའི་སྒོ་ནས་བོད་ཡིག་བརྡ་འཕྲིན་ཅན་དུ་གཏོང་བར་དཀའ་ངལ་ཁྲི་ཕྲག་གདོང་ལེན་གྱིས། འུ་ཚོའི་མདུན་དུ་འདི་ལྟའི་གཟུགས་མཛེས་ལ་སྤྱོད་བདེ་བའི་རྒྱལ་སྤྱིའི་ཡི་གེའི་མ་ལག་དང་མཐུན་པའི་བཀོལ་ནུས་ཀྱི་ཞིང་ས་ཡངས་པོ་བསྐྲུན་པའི་དུས་འདིར། སྤུན་ཟླ་ནང་ཁུལ་ལ་དགའ་བ་དང་སྤྲོ་བའི་ངང་ནས་བོད་ཡིག་ཁྱབ་སྤེལ་མ་བཏང་བ་ཡིན་ན། ནམ་ཞིག་འདི་ཙམ་གྱི་བསྐལ་པའང་ཡོངས་སུ་བྲལ་ཚེ། གདུང་འབོད་དང་ཕྱི་འགྱོད་ག་ཙམ་སྐྱེས་ཀྱང་ཕན་འབྲས་སྤུ་ཙམ་མེད་པ་མ་ཟད། འདས་པའི་ཆར་ཡང་རང་ཡིག་འདི་ཉིད་བཅུད་ལྡན་དང་གཅེས་སྐྱོང་བཟང་བོ་མ་ནུས་པས་གནས་བབ་འདིར་འཕྲད་ཕྱིར།
ད་ལྟ་ཉིད་དུ་ང་ཚོ་རང་རང་གིས་དབུ་ཁྲིད་དེ། སྔར་བོད་ཡིག་ཉམས་རྒུད་ཅན་དུ་བཏང་བར་འཁོན་ལན་དང་། རང་ཡིག་འདིས་མི་རབས་རྗེས་མའི་འཚོ་གནས་ཀྱི་རིན་ཐང་ཐད་ལ་ཕན་ནུས་ཕྲན་ཙམ་ཡོང་བར་ད་ཆ་ནས་རེ་བཞག་མ་ཉམས་པའི་སྒོས། སོ་སོའི་འབྱོར་བར་ལྟོས་པའི་བོད་ཡིག་ཅན་གྱི་ཁ་པར་སྤྱོད་པ་དང་། བོད་མི་ནང་ཁུལ་དུ་བཀོལ་བའི་འཕྲིན་ཐུང་དང་སྐད་འཕྲིན་སོགས་ཐམས་ཅད་བོད་ཡིག་གིས་འབྲི་སྐུར་བྱ་བ། དེ་བཞིན། ཉེན་ཁའི་དུས་འདིར་ཡིག་ནོར་ཤོར་མིན་ལྟ་བུའི་ཡལ་ག་རྣམས་མི་རྩོད་པར། རྩ་བའི་ཆ་ནས་མི་སྒེར་སུ་ཡིས་བོད་ཡིག་སྤྱད་ན་དེར་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་མཛད་པ་སོགས།
མདོར་ན་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་དབང་གིས། བོད་ཡིག་གི་ཚེ་སྲོག་ཉིན་བཞིན་མར་འགྲིབ་པའི་དུས་ཚོད་དམིགས་བསལ་བའི་སྐབས། ནུས་པ་དང་གོ་སྐབས་གཞན་མེད་ཀྱང་། ཐ་ན་སྤུན་ཟླ་ནང་ཁུལ་གྱི་བརྡ་འཕྲིན་འབྲེལ་ལམ་བོད་ཡིག་ལ་བརྟེན་པ་གཅིག་པུས་ཀྱང་། དངོས་འབྲེལ་མི་རིགས་ཀྱི་གནད་འགག་དུས་ལ་ཞབས་འདེགས་ཡག་པོ་ཞུས་སོང་བ་ཡིན།
དེ་ལྟ་ན། འདིར་སྒོ་གསུམ་གུས་པ་ཆེན་པོས་རི་ཁ་བ་ཅན་གྱི་སྤུན་ཟླ་ཡོངས་ལ་གསོལ་བ་འདེབས་དོན། ཁྱེད་ཚོ་རེ་རེར་བརྡ་སྤྲོད་སྦྱོང་བའི་སྐལ་བ་མ་ཐོབ་པས་ཡིག་ནོར་ལེགས་བཅོས་ཀྱི་ནུས་པ་མེད་ཀྱང་ཆོག་ལ། སྙན་གཞུང་ལ་འཇུག་པའི་དུས་ཚོད་མ་བྱུང་བས་ཚིག་རྒྱན་ཕུན་ཚོགས་སྦྱོར་མ་ཐུབ་ཀྱང་རུང་སྟེ། སོ་སོས་བོད་མི་ནང་ཁུལ་དང་འབྲེལ་བའི་བརྡ་འཕྲིན་ཡོ་ཆས་སྤྱོད་པའི་ཁྲོད། བོད་ཡིག་ཁོ་ན་བཀོལ་སྤྱོད་གནང་བའི་རེ་འདུན་སྙིང་ནས་ཞུ་བའོ།།
ངོ་མ་བདེན་ནོ་་་་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་དོ།
བོད་པ་ཡིན་ན་བོད་ཡིག་སྦྱོངས་།
བོད་པ་ཡིན་ན་བོད་ཡིག་སློབ་།
བོད་པ་ཡིན་ན་བོད་སྐད་རྒྱོབ་།
ནང་བསྟན་སྲུང་མཁན་བོད་ཡིག་རེད་།
བོད་པས་བོད་སྐད་མ་ཤེས་ངོ་ཚ་རེད། །
བོད་པས་བོད་ཡིག་མ་ཤེས་བློ་ཕམ་རེད། །
བོད་པས་བོད་སྐད་མ་སྦྱངས་རྗེས་ལུས་རེད། །
བོད་པས་བོད་སྐད་མཐོང་ཆུང་ཀླད་ཆུང་རེད། །
བོད་པས་བོད་སྐད་ཤེས་པ་ཡག་པོ་རེད། །
བོད་པས་བོད་ཡིག་སྦྱངས་པ་དོན་ལྡན་རེད། །
བོད་པས་བོད་ཡིག་འབྲི་ཤེས་མཁས་པ་རེད། །
བོད་པའི་ནང་ཆོས་བོད་ཡིག་ཤེས་དགོས་རེད། །