འཇིགས་བྲལ་བསྟན་འཛིན།
སྔོན་གླེང་།
དེང་སྐབས་བོད་དོན་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་སྤྱི་ཚོགས་ནང་དབུ་མ་དང་རང་བཙན་གྱི་ཐད་རྣོ་ངར་ལྡན་པའི་བགྲོ་གླེང་སླེབས་ཀྱི་ཡོད་པ་རེད། དེར་བརྟེན་བོད་ཀྱི་གནད་དོན་འདིའི་སྐོར་ལ་གུས་པས་དེ་སྔ་གང་ཞུས་པ་དང་། ད་ལན་གསར་དུ་གང་ཞུ་འདོད་པ། མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐད་བསམ་ཚུལ་དོན་བསྡུས་ཁ་གསལ་ཞིག་བོད་མི་ཡོངས་ལ་གསོལ་འདེབས་ཀྱི་ལམ་ནས་རེ་སྐུལ་ཞུ་བཞིན་ཡོད།
བོད་མིའི་ཞི་རྒོལ།
ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གུས་པས་རྡ་ས་ནས་རིན་མེད་འགྲེམས་སྤེལ་ཞུས་པའི་༼བོད་ཀྱི་དྲི་ལན་༽དུ། འབྱུང་འགྱུར་གྱི་དུས་ཡུན་ནང་ཧ་ཅང་ཛ་དྲག་གི་རང་བཞིན་ལྡན་པའི་འཚེ་མེད་ཞི་བའི་འཐབ་རྩོད་བོད་ནང་ནས་འབྱུང་རྒྱུ་ཡིན་པ་དང་། དེ་སྐབས་ང་ཚོ་བཙན་བྱོལ་བོད་མི་ཚོ་གྲ་སྒྲིག་སྔ་ས་ནས་ཡོད་དགོས་པའི་བསམ་ཚུལ་གསལ་པོ་ཞུས་ཡོད། རྗེས་སུ་བོད་དུ་ཞི་རྒོལ་རིམ་པར་བྱུང་སྐབས་ང་ཚོས་གྲ་སྒྲིག་འཐུས་ཚང་ག་ཚོད་བྱུང་ཡོད་མེད་ཞུ་མི་དགོས་ལ། བཙན་བྱོལ་དུ་བོད་དོན་ལས་འགུལ་ཁག་ཅིག་འགོག་ཐབས་བསྟེན་པའི་གནས་སྟངས་ཡང་བྱུང་ཡོད་པའི་དབང་གིས་མི་མང་ལས་འགུལ་ནང་ཞུགས་རྒྱུར་དཀའ་ངལ་རིམ་པར་བྱུང་ཡོད། དེ་བཞིན་བོད་དུ་ ༢༠༠༨ ལོ་ནས་རིམ་པར་ལྷགས་པའི་ངོ་རྒོལ་སྐད་འབོད་དང་རང་ལུས་མེར་བསྲེག་གི་དོན་རྐྱེན་གྱི་འབོད་ཚིག་གི་ནང་དོན་ཁག་དབུ་མ་དང་རང་བཙན་གྱི་ཕྱོགས་གང་རུང་དུ་འཐེན་པ་སོགས་ཀྱི་དབང་གིས་གཞིས་ལུས་བོད་མིའི་འབོད་སྒྲ་ཇི་བཞིན་འཛམ་གླིང་ཐོག་ཁྱབ་སྤེལ་གྱི་ལས་དོན་འཐུས་ཚང་བྱུང་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་ཆགས་ཡོད། བྱུང་རིམ་འདི་ནི་ད་ལྟ་དབུ་མ་དང་རང་བཙན་གྱི་རྩོད་གླེང་ཡོང་རྒྱུའི་རྒྱུ་རྐྱེན་ཅིག་ཆགས་ཡོད་པས། མ་འོངས་པར་ཡང་བོད་ནས་ལས་འགུལ་མུ་མཐུད་བྱུང་སྐབས་བོད་ནང་གི་གནས་ཚུལ་གང་རག་པ་དེ་གནས་ཚུལ་སྤྲོད་མཁན་དང་སྤེལ་མཁན་ཚང་མས་དྲང་པོའི་ཐོག་ནས་ཁྱབ་སྤེལ་བྱེད་དགོས་པ་ལས་ཆབ་སྲིད་ལངས་ཕྱོགས་གང་རུང་གི་ཆེད་དུ་བེད་སྤྱོད་མི་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་སེམས།
བོད་གཞུང་གི་མཚན་བྱང་བཅོས་བསྒྱུར།
གུས་པས་ ༢༠༡༠/༠༧ ནང་སྤྱི་ཚོགས་ཐོག་ཁྱབ་སྤེལ་ཞུས་པའི་༼བོད་ཀྱི་ཁྲིམས་མཐུན་བདག་དབང་གླེང་བ་༽ ཅེས་པའི་རྩོམ་ཡིག་ཏུ། བཙན་བྱོལ་བོད་གཞུང་ཞེས་བརྗོད་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བེད་སྤྱོད་ཤུགས་ཆེ་བཏང་ཡོད་པ་དང་། ཧ་ཅང་གལ་གནད་ཆེ་བའི་འགྱུར་བ་འདི་དག་ཚིག་རེ་གཉིས་ཀྱི་ལམ་ནས་བཅོས་བསྒྱུར་གཏོང་གི་ཡོད་སྐོར་ཞུས་ཡོད་པ་མ་ཟད། འབྱུང་རྐྱེན་དེ་༢༠༠༨/༡༠ ནང་རྒྱ་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་། དེའི་འགྲེལ་བརྗོད་ཡིག་ཆ་བཅས་ཀྱི་འབྲུ་དོན་ཁག་ཅིག་ལ་ཐུག་གི་ཡོད་སྐོར་ཡང་གསལ་པོ་ཞུས་ཡོད། གང་ལྟར་དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་དངོས་སུ་༼བཙན་བྱོལ་བོད་གཞུང་༽གི་མཚན་བྱང་དེ་༼བོད་མིའི་སྒྲིག་འཛུགས་༽སུ་བཅོས་བསྒྱུར་བྱས་པའི་འགྱུར་བ་འདི་དག་བྱུང་ཡོད་ལ། བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་བསྒྱུར་འདི་བོད་ཀྱི་བདག་དབང་གི་གནད་དོན་ཞིག་ཏུ་ངོས་བཟུང་བའི་ཐོག་ནས་དབུ་མ་དང་རང་བཙན་གྱི་གླེང་སློང་བསྐྱར་དུ་བྱུང་སོང་བསམ་གྱི་ཡོད། དེར་བརྟེན་མ་འོངས་པར་གནད་དོན་འདིའི་ཐད་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་༼སྔོན་གླེང་༽དུ། བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ྋགོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ། དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་ཞེས་གསལ་བ་དེ་བཞིན་རྩ་འཛིན་དུ་ངོས་འཛིན་དང་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ། བོད་དང་བོད་མིའི་རྩ་དོན་རྩོད་པ་ལ་བོད་དོན་ཆབ་སྲིད་གོང་འཕེལ་དུ་གཏོང་དགོས་པ་ཧ་ཅང་གལ་ཆེན་མིན་ནམ་སྙམ།
རྒྱ་སྡེ་བོད་སྡེ། ཟི་བོད་ས་མཚམས།
གོང་དུ་ལམ་ཙམ་ཞུས་པ་བཞིན་༢༠༠༨/༡༠/༣༡ དང་། ༢༠༡༠/༠༡/༢༦ སོ་སོར་རྒྱ་གཞུང་ལ་ཕུལ་བའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་དོན་དང་འབྲེལ་ནས། ༢༠༡༠/༠༨/༢༧ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་རིན་མེད་འགྲེམས་སྤེལ་ཞུས་པའི་༼ཡབ་མེས་ཀྱི་དུར་ས་ནས་རྙེད་པའི་བོད་༽ཅེས་པའི་དེབ་ཏུ་གུས་པས། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་པའི་དོན་གྱིས། རྒྱ་ནག་དམར་གཞུང་ལ་བོད་ཀྱི་བདག་དབང་ཡོད་པ་དེ་དོན་ཚན་བཅུ་བདུན་ནས་ངོས་ལེན་གྱིས་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། དོན་ཚན་བཅུ་བདུན་འཇོག་ཡུལ་བོད་(ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ།)ཀྱི་ས་ཁུལ་དེའི་ནང་མ་ཚུད་པར་བརྗོད་པའི་བོད་ཀྱི་ས་ཁུལ་དག་རང་བཞིན་གྱིས་རྒྱ་ཁོངས་ཡིན་པའམ་བོད་ཡུལ་དུ་ངོས་ལེན་མ་བྱས་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་། རྒྱ་དཀར་ནག་གིས་བོད་ཀྱི་ལོ་རྒྱུས་ལ་བརྩི་བཀུར་ཁས་ལེན་བྱེད་ཀྱི་མེད་པས། བོད་ཀྱིས་རྒྱ་དཀར་ནག་སུ་ལ་ཡང་ལོ་རྒྱུས་ཀྱི་བོད་དུམ་བུར་གཏོང་བའི་ཁས་ལེན་གང་ཡང་བྱེད་དགོས་དོན་མ་མཐོང༌བའི་སྐོར་ནན་བརྗོད་བྱས་ཡོད།
དེ་ལྟར་བརྗོད་དོན་ཡང་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་དེ་གཉིས་ཀྱི་ནང་དོན་དང་འབྲེལ་ནས་༼འབྲི་ཆུ་ཤར་ནུབ་བམ་རྒྱ་སྡེ་བོད་སྡེ་༽དང་། ༼ཟི་བོད་ས་མཚམས་༽ཟེར་བའི་གནད་དོན་དེ་གླེང་སློང་ཡོང་རྒྱུ་ཡིན་པ་དང་། གླེང་སློང་འདིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མདོ་ཁམས་གཉིས་གཙོ་བོར་གྱུར་པའི་བོད་ཀྱི་ཡབ་མེས་ཚོས་ཚེ་སྲོག་བློས་གཏོང་གིས་སྲུང་སྐྱོབ་བྱེད་ཡུལ་བོད་ཀྱི་ཡབ་མེས་ཚོའི་དུར་ས་དེ་བོད་ཡུལ་ཡིན་པ་ལ་ཡིན་པར་ངོས་འཛིན་དགོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་དང་། ད་ལྟ་ཡང་ས་ཁུལ་དེ་དག་གི་བོད་མི་ཚོས་སོ་སོ་བོད་མི་ཡིན་པའི་ངོས་འཛིན་བྱེད་བཞིན་པའི་མི་མང་གི་ངོས་འཛིན་བཅས་ལ་ཕོག་ཐུག་འབྱུང་རྒྱུ་ཡིན་པ་དང་། དེ་བཞིན་དེང་སྐབས་བོད་གཞིས་བྱེས་གཉིས་ནས་ཆིག་སྒྲིལ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་དོན་ངོ་མར་ཆིག་སྒྲིལ་དགོས་པའི་འབོད་ཚིག་ཞིག་ཏུ་འགྱུར་མིན་ཐུབ་ཀྱི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ། མ་ཟད་དེང་མདོ་ཁམས་གཉིས་གཙོ་བོར་གྱུར་བའི་བོད་ནས་བཙན་པོའི་སྙིང་སྟོབས་སླར་གསོའི་ལས་དོན་ལ་བརྩོན་བཞིན་པའི་སྐབས་འདིར། བོད་ཀྱི་ལོ་རྒྱུས་དེ་གཞུང་དགའ་ལྡན་ཕོ་བྲང་གི་ལོ་ངོ་ཉིས་བརྒྱ་ཙམ་གྱི་དུས་ཡུན་ལ་གཞི་བཞག་ན་ཏག་ཏག་སྡོད་ཀྱི་ཨེ་ཡོད་ན་བསམས་པ་ཡིན། གང་ལྟར་ང་ཚོས་དོན་ཚན་བཅུ་བདུན་ཟེར་བ་དེ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་རིམ་པར་བཏང་བའི་རྩ་དོན་དེ་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་གནས་བབ་གང་འདྲ་ཞིག་ཏུ་ངེས་པར་མཐའ་འཁྱོངས་བྱེད་དགོས་པ་དེ། བོད་མི་ནང་ཁུལ་ལ་༼རྒྱ་སྡེ་བོད་སྡེ་དང་། ཟི་བོད་ས་མཚམས་༽ཟེར་ནས་གླེང་སློང་བྱེད་མི་དགོས་པ་ཡོང་རྒྱུའི་རྩ་བའི་གལ་གནད་ཆགས་ཡོད་པ་བོད་མི་ཚང་མས་ངོས་འཛིན་གསལ་པོ་གནང་དགོས་པའི་དུས་ལ་བབ་སླེབས་འདུག་བསམ་གྱི་ཡོད།
མཐའ་དོན་མ་འོངས་འཐབ་རྩོད་བྱེད་ཕྱོགས།
དེར་བརྟེན་ད་ལྟ་ང་ཚོའི་མིག་མདུན་དུ་ལྷགས་ཡོད་པའི་དྲི་བ་ནི། ཇི་ལྟར་བྱས་ན་བོད་མི་རྣམས་བོད་ཀྱི་རྩ་དོན་རྩོད་ལེན་གྱི་འཐབ་རྩོད་ཐོག་ཆིག་སྒྲིལ་དང་། དམིགས་ཡུལ་གཅིག་གི་ཐོག་ཡོང་ཐུབ་མིན་དེ་རེད། དེ་ལ་བོད་དུ་ལྷགས་བཞིན་པའི་གནས་ཚུལ་ཁག་ཡོ་འཁྱོག་མེད་པར་རྒྱལ་སྤྱིའི་ཁྱོན་དུ་འགྲེལ་བརྗོད་བྱེད་རྒྱུ་ལས་དོན་བྱེད་ཕྱོགས་ཨང་དང་པོར་འཇོག་རྒྱུ་དང་། དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ལྡན་པའི་བོད་ཡུལ་ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་རྒྱུ་དེ་ཆགས་ཡོད། འདི་ནི་རྒྱལ་སྤྱི་དང་། རྒྱ་ནག བོད་བཅས་ཕྱོགས་གསུམ་གྱི་དཀྱིལ་འཁོར་ནང་རྩོད་རིན་དང་གླེང་རིན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་མིན་ད་དུང་རྒྱ་གཞུང་ལ་ཕུལ་བའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་དོན་དང་འབྲེལ་ནས། ང་ཚོས་བོད་ནང་དུ་མང་གཙོའི་ལམ་ལུགས་ཤིག་བཙུགས་རྒྱུའི་ཆེད་དུ་རྩོད་ལེན་བྱེད་བཞིན་མེད་པར། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་ཡོད་པའི་ཐོབ་ཐང་རྩོད་བཞིན་ཡོད་པའི་གནས་ཚུལ་འདིས་དེང་སང་རྒྱལ་སྤྱིའི་དཀྱིལ་འཁོར་ནང་རྒྱ་གར་བ་ཚུད་པའི་བོད་མི་མ་ཡིན་པའི་མི་མང་པོ་ཞིག་གིས་གླེང་སློང་བྱེད་བཞིན་ཡོད་པ་སྣང་ཆུང་གཏོང་ཐུབ་པ་ཞིག་ཏུ་ལར་ནས་ངོས་འཛིན་བྱེད་མི་རུང་།
དེ་བས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་འགྲོ་བ་མི་རེ་རེ་བཞིན་ཡོད་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། གུ་ཡངས་མང་གཙོ་ལྡན་པའི་བོད་ཡུལ་ཞིག་བོད་མི་ཚོར་འཐོབ་ན། དེ་ནི་དབུ་མ་དང་རང་བཙན་གྱི་འདོད་ཚུལ་འཛིན་པའི་བོད་མི་ཚང་མས་རྩོད་པ་མེད་པར་ངོས་ལེན་བྱེད་ཐུབ་པ་ཞིག་ཡིན། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་མཚོན་ན་འདི་ནི་རང་དབང་དང་། དྲང་བདེན། ཞི་བདེ་བཅས་ཡོང་བའི་རྨང་གཞི་ཡིན་པར་རྒྱལ་སྤྱིས་ངོས་འཛིན་བྱས་ཡོད། དེ་ཡང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་བརྒྱུད་ནས་བོད་མི་རེ་རེ་ ནས་མིའི་ཆེ་མཐོང་དང་། མིའི་རིན་ཐང་། འདྲ་མཉམ། ཕོ་མོ་འདྲ་མཉམ། ཤེས་ཡོན། འཕྲོད་བསྟེན། སྨྲ་བརྗོད། ཆོས་དད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་། མཁར་དབང་། འདོད་དབང་། མ་དང་བྱིས་པ་སོགས་ཀྱི་ཐད་འགན་སྲུང་གི་ཐོབ་ཐང་འཐོབ་རྒྱུ་ཡིན་སྟབས་བོད་མི་སེར་སྐྱ་ཚང་མར་དགོས་པའི་ཐོབ་ཐང་དེ་ཡིན་པ་གསལ་པོ་ཆགས་ཡོད། མ་ཟད་རྩོད་ཕྱོགས་འདིས་དབུ་མ་དང་རང་བཙན། རྒྱ་སྡེ་བོད་སྡེའམ་འབྲི་ཆུ་ཤར་ནུབ་དང་། ཟི་བོད་ས་མཚམས་སོགས་གང་ཡང་གླེང་མི་དགོས་པར། བོད་མི་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་པའི་མིའི་ཐོབ་ཐང་འཐོབ་ངེས་པའི་འཐབ་རྩོད་བྱེད་ཐུབ་པ་བྱུང་ན་དེ་གས་འགྲིག་བསྡད་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་བས་ང་ཚོས་རྒྱ་ནག་དང་རྒྱལ་སྤྱི་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་རྒྱུ་ཁོ་ན་མིན་པར། ང་ཚོ་བོད་མི་ཚང་མ་གུ་ཡངས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་མཁན་གྱི་བོད་མི་ཞིག་ཏུ་ད་ལྟ་ནས་འགྱུར་ཐབས་ཇི་ཡོད་ལ་གཞུང་མང་གཉིས་ཀ་གོམས་ཁ་ངེས་པར་ཕྱོགས་དགོས་པ་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད། དེ་མིན་གོང་དུ་རིམ་པར་བརྗོད་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས། བོད་དང་བོད་མིའི་མ་འོངས་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་མི་ཐོག་གཅིག་གི་རིང་ཐག་གཅོད་ཡོང་རྒྱུའི་ལས་དོན་བྱེད་ཕྱོགས་འདི་གང་འདྲ་ཞིག་ཡིན་ནམ་སྙམ་ནས་བློ་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག་ཅེས་བརྗོད་འདོད་བྱུང་།
གྲོས་མཐུན་དོན་ཚན་༡༧ བཙན་དབང་འོག་འཇོག་དགོས་བྱུང་ནས། མི་ལོ་༦༣ ཧྲིལ་པོ་འཁོར་བའི་ཉིན་སྟེ། ༢༣/༠༥/༢༠༡༣ ལ།
དེ་བཞིན་དེང་སྐབས་བོད་གཞིས་བྱེས་གཉིས་ནས་ཆིག་སྒྲིལ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་དོན་ངོ་མར་ཆིག་སྒྲིལ་དགོས་པའི་འབོད་ཚིག་ཞིག་ཏུ་འགྱུར་མིན་ཐུབ་ཀྱི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ། ཅེས་གསལ་བ་དེ།
དེ་བཞིན་དེང་སྐབས་བོད་གཞིས་བྱེས་གཉིས་ནས་ཆིག་སྒྲིལ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་དོན་ངོ་མར་ཆིག་སྒྲིལ་དགོས་པའི་འབོད་ཚིག་ཞིག་ཏུ་འགྱུར་ཐུབ་མིན་གྱི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ། ཅེས་བཅོས་རོགས།
དྲ་གྲོགས་ཚོ། བསམ་ཚུལ་འདིའི་ཐད་བསམ་ཚུལ་གང་ཡོད་ལ་ལན་འདེབས་བྱེད་ཀྱི་ཡིན།
འཇིགས་བྲལ་བ་་་་ཁམས་བཟང་།
རང་གིས་མ་ཤེས་པའི་དྲི་བ་ཞིག་ཡོད། འབྲུ་ཆུ་མར་ཆན་རྒྱ་ཁོངས་རེད་ཟེར་བ་འདིའི་ཐོགས་ཏུ་མ་ཤེས་པའི་གནད་དོན་ཏོག་ཙམ་ཡོད། ༡༩༠༨་ཡན་མན་ཙམ་ལ་ཁམས་ཁུལ་དུ་གོ་མིང་ཏང་གིས་བཙན་འཛུལ་བྱས་པ་ཨེ་རེད་དམ། ཡིན་ན་་་་དེའི་སྔོན་དུ་དར་མདོ་ཡན་ཆན་བོད་སྡེ་བ་གཞུང་གི་མངའ་འོག་རེད་དམ་མ་རེད། དགའ་ལྡན་ཕོ་བྲང་གིས་མི་ལོ་བཞི་བརྒྱ་མ་ཟིན་ཙམ་བོད་ཀྱི་སྲིད་འཛིན་པ་རེད། འབྲུ་ཆུའི་མན་ཆན་གོ་མིང་ཏང་གི་འོག་ཏུ་ལོ་ག་ཚོད་བསྡད་པ་རེད་དམ།།
ཇོ་བོ་རིན་པོ། ཅོ་རི་ལགས། གད་མོ་ཤོར་བའི་དྲི་བ་དེ་འདྲ་མ་དྲིས་ན་མི་ལེགས་སམ།
གོ་མིན་སྲིད་གཞུང་མེད་པའི་ཡར་སྔོན་དུ་གོ་མིན་སྲིད་གཞུང་གི་ཁུངས་གཏོགས་ཡིན་མིན་ཇི་ལྟར་ཤོད་དགོས་རེད་དམ། ཨ། ཅོ་རི། མགོ་རིལ་རིལ་ཞིག་མ་གཏོགས་ཀླད་པ་མདོང་མདོང་ཞིག་ཡོད་ཚོད་མི་འདུག་ག
གོ་མིན་སྲིད་གཞུང་ནི་སྤྱི་ལོ་ 1912 ལོར་གསར་དུ་རྒྱལ་ས་བཟུང་བའི་རྒྱ་ནག་མི་སེར་རྒྱལ་ཁབ་ཟེར་པ་དེ་རེད།
དེའི་ཡར་སྔོན་ལ་མན་ཇུ་ཟེར་པའི་མི་རིགས་ཤིག་གིས་རྒྱ་ནག་ལ་དབང་བསྒྱུར་ནས་ཡུན་རིང་བསྡད་པ་རེད། ད་ཤེས་སོང་ངམ། ཞིབ་དུ་གླེང་དགོས་ན་དུས་ཚོད་མི་འདུག
འཇིགས་བྲལ་ལ་འདྲི་རྒྱུ།
བོད་དོན་འཐབ་རྩོད་དེ་མི་ཐོག་གཅིག་ལ་ཐག་གཅོད་བྱེད་པར་བློ་འཚབ་ཡོང་ན། ཁྱོད་བྱས་ན་མི་ཐོག་ག་ཚད་ལ་བསྒུག་ནས་ཐག་གཅོད་བྱེད་ན་ད་གཟོད་འོས་འཚམ་ཡོད་པ་རེད་དམ། ལན་ལ་བསྒུག་ཡོད།
ཅོ་རི་ཉི་མ་ལགས། ལན་གང་ཤེས་ཤིག་ཞུས་ཡོད།
ཕྱི་ལོ་ ༡༦༩༦ ལོའི་མན་ཇུ་རི་ཡའི་མན་ཇུ་སྲིད་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ཀྱི་སྐུ་ཚབ་ནས་འདྲ་མཉམ་གྱི་སྒོ་ནས་རྒྱ་བོད་ས་མཚམས་ཐིག་ལེན་གཏན་འབེབབ་བྱེད་པའི་སྐབས་དར་རྩེ་མདོ་བོད་ཁོངས་སུ་ཡོད་པ་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་གིས་བརྩམས་པའི་ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད་ཅེས་པར་རྒྱའི་ཡིག་ཚང་ཁུངས་བཅས་གསལ་སྟོན་གནང་འདུག ཡིན་ནའང་ཕྱི་ལོ་ ༡༦༩༩ ལོར་རྒྱ་ཕྱོགས་ནས་ས་མཚམས་ཐིག་ལེན་གཏན་འབེབས་དེ་ལ་བརྩིས་མེད་བྱས་ཏེ་དར་མདོར་བཙན་འཛུལ་བྱས་ཡོད་འདུག དེ་ནས་བཟུང་བོད་གཞུང་གིས་སྟོབས་ཤུགས་དར་མདོར་ཡོད་སྐོར་མི་གསལ་ལ། རྒྱ་ཕྱོགས་ཀྱི་སྟོབས་ཤུགས་དམིགས་བསལ་བ་ཡོད་པའི་ལོ་རྒྱུས་གང་ཡང་མི་འབྱུང་། དར་མདོའི་སྐོར་དེ་ཙམ་ཡིན། ད་བར་དར་མདོའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཁག་ནས་གུས་པའི་ཤེས་རྟོགས་བྱུང་བ་དེ་ཙམ་ཡིན།
༡༩༠༣-༤ ལོར་ཁམས་མགར་ཐར་ཁུལ་དུ་མན་ཇུ་རི་ཡའི་མན་ཇུ་སྲིད་གཞུང་དང་། དེ་རྗེས་ཕྱི་ལོ་ ༡༩༡༢ ལོའི་རྒྱ་ནག་གོ་མིན་ཏང་སྲིད་གཞུང་བཅས་ནས་རིམ་བཞིན་བོད་མདོ་ཁམས་སྟོད་སྨད་ཀྱི་ས་ཁུལ་དུ་བཙན་འཛུལ་གཉའ་གནོན་རིམ་པར་བྱས་ཏེ་ཕྱི་ལོ་ ༡༩༡༨ ལོར་ཐོག་མར་སྡེ་དགེ་ལྕང་ར་རུ་རྒྱ་བོད་གྲོས་འདུ་བྱས་ཏེ་དམག་མཚམས་འཇོག་པའི་གྲོས་མཐུན་དུ་རྒྱ་སྡེ་བོད་སྡེའི་རྣམ་དབྱེ་ཐོག་མ་བྱུང་། ཡིན་ནའང་གྲོས་ཐོག་ཕྱོགས་གཉིས་ཀ་མ་གནས་པར་དམག་རྒྱག་བྱུང་མཐར་ཕྱི་ལོ་ ༡༩༣༢ ལོར་འབྲི་ཆུ་ཤར་ནུབ་ཟེར་བའི་དམག་མཚམས་འཇོག་པའི་གྲོས་མཐུན་བྱུང་། དེའི་སྔོན་དུ་བོད་གཞུང་གིས་ཁམས་ཁུལ་འདི་ལ་སྲིད་ཕྱོགས་ནས་དབང་བསྒྱུར་སྟོབས་ཤུགས་འཐུས་ཚང་ཞིག་བྱུང་མི་འདུག་མོད། དབང་ཤུགས་མེད་པ་དེ་འདྲ་ཡང་རེད་མི་འདུག ཁམས་གྲའུ་དཔོན་རབས་ལ་མཚོན་ན། དཔོན་རབས་ཚང་མ་བོད་གཞུང་ལ་གསར་མཇལ་ཞུ་དགོས་པའི་ལུགས་སྲོལ་ཡོད་འདུག གང་ལྟར་དེ་ནས་བཟུང་བོད་གཞུང་ལ་ཁམས་ཀྱི་འབྲི་ཆུ་ཤར་རྒྱུད་ལ་ཐེ་ཏོག་མེད་པར་གྱུར། ༡༩༣༢ ནས་ ༡༩༥༡ བར་གྱི་དུས་ཡུན་དེར་འབྲི་ཆུ་ཤར་ནུབ་ཟེར་བ་བྱུང་ཡོད་པ་རེད། རྒྱ་སྡེ་བོད་སྡེ་དང་འབྲི་ཆུ་ཤར་ནུབ་ཟེར་བའི་འཛིན་མཚམས་འདིས་རྐྱེན་པས་འབྲི་ཆུ་ཤར་རྒྱུད་ཀྱི་མི་སྣ་གནད་ཡོད་ཚོ་ལ་བློ་ཕམ་དང་ལྷན་དུ་སྡང་སེམས་ཤིག་ཀྱང་བྱུང་ཡོད་ས་རེད་བསམ་པ་ཞིག་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ནང་གི་མི་སྣ་ཁག་གི་གཏམ་བརྗོད་ནས་མངོན་ཐུབ་ཀྱི་འདུག དམག་མཚམས་འཇོག་པའི་གྲོས་ཆོད་དེ་འདྲ་ཞིག་ཡོད་ཀྱང་རྒྱ་ནག་ཏུ་གོ་གུང་དམག་འཁྲུགས་ལངས་ཏེ་ཁམས་ཁུལ་དུ་དབང་བསྒྱུར་དངོས་གནས་པ་ཞིག་བྱུང་མེད་པར་རང་ས་རང་སྐྱོང་གི་ཚུལ་དུ་ལུས་ཡོད་པ་ལོ་རྒྱུས་ཡིག་ཚང་ན་གསལ་པོ་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་དམག་བོད་དུ་ཐོག་མར་ཡོང་སྐབས་ཁམས་ཁུལ་དུ་བཙན་འཛུལ་བྱེད་དགོས་པ་ལས་དེའི་སྔོན་གྱི་འབྲི་ཆུ་ཤར་ནུབ་ཟེར་བས་ཕན་ཐོགས་བྱུང་མེད་པར། ལོ་གཅིག་གི་ནང་ཚུན་དུ་མདོ་ཁམས་ཁུལ་དུ་དམག་འཁྲུགས་རིམ་པར་བརྒྱབ་སྟེ་ཁམས་ཁུལ་སླར་ཡང་བཙན་བཟུང་གིས། མཐར་ཆབ་མདོའི་ཉེ་འཁོར་ཁོ་ནར་གཞུང་དམག་ཁོ་ན་ལྔ་སྟོང་བདུན་བརྒྱ་ལྷག་རྩ་མེད་བཏང་སྟབས་མདོ་སྤྱི་ངོ་ལས་མགོ་འདོགས་ཞུས་པ་དང་། ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་པེ་ཅིང་དུ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་འཇོག་དགོས་བྱུང་ནས་མཇུག་མཐའི་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཀྱི་ཤུལ་ལྷག་གི་བོད་དེ་ཡང་རྒྱ་འོག་ཏུ་ཤོར་བ་རེད།
བོད་དང་བོད་མིའི་མ་འོངས་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་མི་ཐོག་གཅིག་གི་རིང་ཐག་གཅོད་ཡོང་རྒྱུའི་ལས་དོན་བྱེད་ཕྱོགས་འདི་གང་འདྲ་ཞིག་ཡིན་ནམ་སྙམ། ཅེས་བྲིས་ཡོད། དེའི་དོན་ནི།
མི་ཐོག་མང་པོར་སྒུག་དགོས་རེད་ཟེར་བའི་དོན་མིན་པར་ད་ལྟའི་ལས་དོན་བྱེད་ཕྱོགས་དེ་མི་ཐོག་གཅིག་གི་རིང་ཐག་གཅོད་ཡོང་ཐབས་ཀྱི་བྱེད་ཕྱོགས་ཤིག་ཏུ་མཐོང་གི་འདུག ཉེན་ཁ་ཞིག་ཏུ་མཐོང་གི་འདུག་ཅེས་བརྗོད་ཀྱི་ཡོད།
དྲ་གྲོགས་ཚོ་ཕེབས་ནས་དྲི་བ་དང་དགོངས་ཚུལ་གནང་འདུག་པར་དགའ་བསུ་ཞུ།
དྲི་ལན་དེ་ལས་གསལ་ཙམ་ཞིག་འདེབས་པ་མི་འདུག་གས། མེད་ན་མི་ཐོག་གཅིག་ཟེར་པ་དེས་མི་ཐོག་མང་པོ་ཞིག་གི་རིང་བསྒུག་དགོས་པ་བསྟན་པ་མ་རེད་པས།
རྩ་དོན་མི་ཐོག་གཅིག་ལ་འགྲུབ་སྲིད་ལ་མི་འགྲུབ་པ་ཡང་སྲིད། ད་ལྟའི་ལས་དོན་བྱེད་ཕྱོགས་དེ་མི་གཅིག་གི་རིང་ཐག་གཅོད་ཡོང་ཐབས་ཀྱི་ཐབས་ཤེས་ཤིག་ཏུ་མཐོང་གི་འདུག ཐབས་ཤེས་དེ་མ་འགྲུབ་ན་དེ་ནི་ཉེན་ཁ་ཞིག་ཡིན་པས། ཕུག་ཐག་རིང་ལ་འཕྲལ་ཕུག་ཚང་མར་རྩ་དོན་སྒྲུབ་ཕྱོགས་རྩོད་རིན་དང་གླེང་རིན་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད།
ནོར་བཅོས། རྩ་དོན་མི་ཐོག་གཅིག་ལ་འགྲུབ་སྲིད་ལ་མི་འགྲུབ་པ་ཡང་སྲིད། ད་ལྟའི་ལས་དོན་བྱེད་ཕྱོགས་དེ་མི་ཐོག་གཅིག་གི་རིང་ཐག་གཅོད་ཡོང་ཐབས་ཀྱི་ཐབས་ཤེས་ཤིག་ཏུ་མཐོང་གི་འདུག ཐབས་ཤེས་དེ་མ་འགྲུབ་ན་དེ་ནི་ཉེན་ཁ་ཞིག་ཡིན་པས། ཕུག་ཐག་རིང་ལ་འཕྲལ་ཕུག་ཚང་མར་རྩ་དོན་སྒྲུབ་ཕྱོགས་རྩོད་རིན་དང་གླེང་རིན་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད།
རེད།
རྩ་དོན་ནི་མི་ཐོག་གཅིག་ཕར་ཞོགས་ཉིན་མ་གཅིག་ལ་འགྲུབ་སྲིད་པ་དང་། ཉིན་མ་གཅིག་ལ་ཐག་གཅོད་བྱེད་སྲིད་པ་ཅིག་རེད། ང་ཚོས་རྩ་དོན་ལ་འཛིན་པའི་སྲིད་ཇུས་ནི་དུས་ཡུན་གང་ཐུང་ཐུང་ལ་ཐག་གཅོད་བྱེད་ཐུབ་པའི་འཆར་གཞི་དང་གྲ་སྒྲིག་བྱེད་དགོས་གི་རེད། སྲིད་ཇུས་འདི་ནི་འཛམ་གླིང་གི་ལོ་རྒྱུས་དང་མཐུན་པའི་རྩ་དོན་རྩོད་ཕྱོགས་ཅིག་རེད།
མི་ཐོག་ནས་མི་ཐོག་བསྒུག་རྒྱུར་འཛིན་པའི་སྲིད་ཇུས་ཅིག་ཡིན་ན་སྲིད་ཇུས་དེ་འདྲ་བ་ནི་ང་ཚོས་རྩ་དོན་རྩོད་དགོས་གི་མ་རེད། འཐབ་རྩོད་མ་བྱེད་པར་ལྷོད་ལྷོད་ངང་བསྡད་ཆོག་གི་རེད། མིཐོག་ཁ་ཤས་ཅིག་བསྒུག་བསྡད་ན་རང་བཞིན་གྱིས་ཅིག་ཆག་འགྲོ་གི་རེད། དེར་སྲིད་ཇུས་དང་འཐབ་རྩོད་ཟེར་གི་མ་རེད། དེ་ནི་སྒྱིད་ལུགས ་དང་བག་མེད། ལེ་ལོ་བཅས་ཀྱི་སྤྱོད་པ་ཐ་ཤལ་ཅིག་རེད།
བོད་དོན་ལ་ཤ་ཚ་སྙིང་ཉེ་ཡོད་མཁན་ཞིག་ཡིན་ན་རྩ་དོན་དེ་དེ་རིང་རང་ཐག་གཅོད་ཐུབ་ན་བསམ་གི་རེད། རེད་མ་རེད།
དེ་རིང་ཐག་ཆོད་ན་བསམ་མི་བསམ་གྱི་སྐད་ཆ་མ་རེད། གཙོ་བོ་བསམ་པ་ནང་བཞིན་འགྲུབ་ཡག་གི་གདེང་ཚོད་ཡོད་དགོས་པ་རེད། དེ་མེད་ན་དེ་ལ་དཔག་པའི་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས་པ་རེད། ཕུག་ཐག་རིང་ཙམ་ཡོད་དགོས་རེད་མ་གཏོགས། དེ་རིང་གི་བསམ་བློ་དེ་མ་འགྲུབ་པའི་སང་ཉིན་ག་རེ་བྱེད་ཀྱི་རེད། དེ་ཉེན་ཁ་རེད།
དྲ་གྲོགས་རྣམ་པ་ཚོས་དགོངས་ཚུལ་གསུངས་གནང་ཡོད་པ་ཞུ།
ཐུ་བ་རྒྱ་མཚོ་ལགས། ལྷོད་ལྷོད་བསྡད་ནས་རང་བཞིན་གྱིས་འགྲིག་སོང་བའི་རྒྱལ་ཁབ་མི་རིགས་ཀྱི་འཐབ་རྩོད་ཅིག་དཔེ་མཚོན་ཞོགས་དང་།
སྤྱིར་བཏང་ཚོར་ཤུགས་ཀྱི་དབང་དུ་སོང་བའི་བཀའ་མོལ་དེ་རིགས་གནས་ལུགས་ཀྱི་སྐད་ཆ་མིན་པར་སེམས། ཡིན་ནའང་ང་ཚོར་ཤུགས་དགོས་ཀྱི་མ་རེད་ཟེར་གྱི་མེད། ཡིན་ནའང་ཚོར་ཤུགས་ཀྱི་དབུགས་དེ་ཡལ་སྐབས་སེམས་ཤུགས་ཆག་འགྲོ་བ་མང་པོ་ཡོད་རེད། དེ་ཡང་ཉེན་ཁ་ཞིག་རེད། དཔེར་ན། མི་འདིའི་རིགས་ཀྱིས་ཚོར་ཤུགས་ཀྱི་དབང་དུ་སོང་བ་ལས་གཉིད་སད་སྐབས་གནས་ལུགས་ཀྱི་བསམ་བློ་དེ་མེད་ཙང་། མི་རིགས་ཀྱི་འཐབ་རྩོད་ཡང་བྱས་ན་དགོས་ཕན་མི་འདུག་ཅེས་ཀྱང་བརྗོད་སྲིད་པ་དང་། མི་ཁག་ཅིག་གིས་མི་འདི་དུས་རྒྱུན་འཐབ་རྩོད་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་པས། འདིའི་བརྗོད་པ་དེ་ཡིན་ངེས་རེད་བསམ་མཁན་ཡོང་སྲིད། དེ་འདྲར་སོང་གནས་ལུགས་ཀྱི་བསམ་བློ་གཞི་ལ་བཞག་པའི་འཐབ་བྱུས་རང་བཞིན་གྱི་བསམ་བློ་དེ་གནས་སྐབས་ཀྱི་ཚོར་ཤུགས་ལས་བརྟན་པ་དང་། བརྗིད་ཁོག་ཚ་བ། ཕན་རླབས་ཆེ་བ་བཅས་ཡོད་རེད་བསམ་གྱི་འདུག
འཇིགས་བསྟན་ལགས། ཁྱོད་བདེན། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་ཉི་མ་གཅིག་དང་མི་ཁ་ཤས་ཀྱིས་ཐག་བཅད་ན་དེ་ནི་ཉེན་ཁའི་རང་བཞིན་རེད། ལར་ནས་མགོ་གཏད་རིང་ལུགས་པ་དང་སེམས་འཚོར་རིང་ལུགས་པས་སྙིང་རྩ་ཆད་ཟིན་པའི་གཏམ་ལ་གནས་ལུགས་རྒྱུ་མཚན་ཅང་ཡོད་རྒྱུ་མ་རེད།
བྱས་ཙང་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་འདི་མི་ཐོག་འདི་དང་མི་རབས་འདིས་ཐག་གཅོད་རང་བཞིན་ལྡན་པའི་ནུས་ལྡན་གྱི་ཆ་རྐྱེན་ཚང་མེད་ན་མི་རབས་རྗེས་མ་ཚོར་ཐར་ལམ་ཞིག་ཅིས་ཀྱང་་འཇོགས་རོགས། མི་རབས་རྗེས་མ་ཚོ་ལྟ་བཟོ་གཏད་བཟོ་མེད་པར་རྒྱའི་གཡོག་པོར་མ་རྫངས་རོགས་ཞེས་ངས་ནམ་རྒྱུན་ནས་འབོད་སྐུལ་ཞུས་བསྡད་ཡོད།
དར་རྩེ་མདོའི་སྐོར་གླེང་བ་དེ་གནད་ཅན་ཞིག་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་སུ་དར་རྩེ་མདོར་རྒྱ་བོད་གཉིས་བར་ལ་དམག་འཁྲུགས་ཆེན་པོ་ཞིག་བྱུང་བ་རེད་ལགས། དེ་ལུགས་སྡེ་སརིད་ཀྱིས་བརྩམས་པའི་དུ་ཀུ་ལའི་འཕྲོ་མཐུད་ནང་ལ་གསལ་འདུག ཡིན་ན་ཡང་ཞིབ་ཆ་དེ་ཙམ་མེད་མོད་རྒྱ་མིའི་ཡིག་ཆའི་ནང་ལ་ཡང་འཁོད་ཡོད་སྐོར་འདུག
རྩ་དོན་འཐབ་རྩོད་བྱེད་པའི་ལས་འགན་དེ་མི་རབས་རྗེས་མ་ཚོར་བསྐྱུར་ནས་འཇོག་དགོས་རེད་ཟེར་པའི་སྐད་ཆ་འདི་འདྲ་བཤད་མཁན་ངོ་མི་ཚ་ན་ཉན་མཁན་ངོ་གནོང་གིས། མི་རབས་འདིའི་ཕྲག་ལ་དངོས་སུ་བབས་པའི་ལས་འགན་དེ་མི་རབས་རྗེས་མའི་མགོ་ལ་འཇོག་གི་ཡིན་ཨེ།
མི་རིགས་ཤ་ལ་ཚ་མེད་པ། རྩ་དོན་ལ་སེམས་ཤུགས་མེད་པ། འཐབ་རྩོད་ལ་སྙིང་རུས་མེད་པ།
རྡར་མ། སྐྲག་ཤོར། ཟོག་པོ།
ཁྱེད་ཚོས་རང་ཉིད་སྒྱི་ལུགས་བག་ལྷོད་དུ་བསྡད་ཐུབ་ཀི་མ་རེད་བསམ་པའི་ཁྲེལ་མེད་ཀྱི་སྐད་ཆ་འདི་འདྲ་སེམས་ལ་དྲན་ན་ཁ་ནས་ཤོད་ཕོད་པ་ངོ་མ་ཡ་མཚན་རེད། ད་རུང་ཕུག་ཐག་རིང་བའི་ཐབས་དང་ཇུས་ཡིན་ན་ཅིག་ཟེར། སྐད་ཆ་འདི་འདྲ་མི་རབས་རྗེས་མའི་རྣ་ལ་གོ་ན་ཞབས་འདྲེན་ནག་པོ་ནམ་མཁར་མི་ཤོང་བ་ཅིག་མ་རེད་པས།
དྲ་གྲོགས་ཚོ་ཕེབས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ།
དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ལྡན་པའི་བོད་ཡུལ་ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་རྒྱུ་དེ་ཆགས་ཡོད། ཅེས་ཇི་ལྟར་གསལ་བ་བཞིན་ང་ཚོ་ནང་ཁུལ་འཁྲུགས་འཛིངས་ཕན་མེད་འདི་མི་ཡོང་བ་དང་། ཚང་མས་གཅིག་གྱུར་གྱི་དམིགས་ཡུལ་ཞིག་འཛིན་ཐབས་སུ་ཆེད་དུ་སྤེལ་དགོས་དོན་བཅས་གསལ་བ་ནི་བསམ་ཚུལ་འདིའི་སྙིང་དོན་ཡིན། འདིའི་ཐད་དགོངས་ཚུལ་རེ་ཡོད་ན་གསུངས་རོགས་ཞུ།
རྒྱལ་རོང་དང་། དར་མདོ་སོགས་མཐའ་མཚམས་ཀྱི་ཁུལ་འདི་དཀའ་རྙོག་དམིགས་བསལ་ཆེ་བ་ཡོད་པས་ལོ་རྒྱུས་ལ་མུ་མཐུད་ཞིབ་འཇུག་བྱེད་དགོས་པ་ཆགས་ཡོད། རྒྱལ་རོང་པ་ལ་མཚོན་ན་བོད་རིགས་ཡིན་སྐོར་ལ་བོད་ནང་གི་མཁས་དབང་ཚོས་དམིགས་བསལ་ཐུགས་ཁུར་མཛད་ནས་ཆེད་རྩོམ་སྤེལ་ཡོད།
རྒྱབ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་ན་མི་ཐོག་གཅིག་ནས་ཐག་ཆོད་འགྲོ་བ་དང་མཇུག་རྫོགས་འགྲོ་བ་ཞིག་མ་རེད་དྲན། ལྷག་པར་བོད་ཀྱི་གནས་སྟངས་འདིའི་ཐུག་ས་དེ་འཛམ་གླིང་ཐོག་ཁྲིམས་དང་སྒྲིག་གཞི་གང་ལའང་འགན་ཁུར་མི་དགོས་པའི་རྒྱ་ནག་དམར་པོའི་གཞུང་ཞིག་རེད།
སྤྱིར་མི་རབས་རྗེས་མ་ཟེར་དུས་ལོ་ཚོད་ག་ནས་གང་ཞིག་བར་འཇོག་དགོས་མིན་མ་ཤེས་ཀྱང་། མི་ལོ་ལྔ་བཅུ་དང་དྲུག་ཅུའི་གོང་གི་རྒན་རབས་པ་དེ་ཚོས་བོད་ཀྱི་གནས་སྟངས་དེ་ང་ཚོར་རྩིས་སྤྲད་པ་རེད། གལ་སྲིད་སླར་ཡང་མི་ལོ་ལྔ་བཅུའི་རིང་རྒྱ་ནག་ནང་འགྱུར་བ་གང་ཡང་མ་ཕྱིན་པ་ཡིན་ན་ང་ཚོས་ཀྱང་སོ་སོའི་བུ་ཕྲུག་ཚོར་བོད་ཀྱི་གནས་སྟངས་དེ་རྩིས་སྤྲོད་བྱ་དགོས་པ་རེད།
སྐབས་དེར་ཁོང་ཚོར་མ་མཐའ་ཡང་འདི་དང་དེ་བྱོས་ཟེར་བའི་ལམ་ཁ་ཞིག་སྟོན་རྒྱུ་མེད་ན་ང་ཚོར་སོ་སོར་ངོ་གནོང་དགོས་པ་ལས། མི་རབས་རྗེས་མ་ཚོར་བོད་ཀྱི་འཐབ་རྩོད་བྱེད་ཕྱོགས་ལམ་སྟོན་ཐུབ་ན་དེ་ལ་རྡར་མ་དང་། སྐྲག་ཤོར། ཟོག་པོ་སོགས་མི་ཟེར་སྙམ།
ཐུ་བ་རྒྱ་མཚོར་ག་རེ་མ་འཕྲོད་པ་ཡིན་གསལ་པོ་མ་བྱུང་ཡང་། གང་ལྟར་མི་ཐོག་འདིར་དོན་ཕན་ལྡན་པའི་གྲུབ་འབྲས་མ་བྱུང་ན་ང་ཚོས་འཐབ་རྩོད་འདི་བསྐྱུར་འཇོག་ཟེར་སྲོལ་ནི་མེད། དེ་བས་ང་ཚོའི་འཐབ་བྱུས་ཀྱི་ཆ་ནས་འཕྲལ་ཕུག་ཚང་མར་རྩོད་རིན་ཡོད་པ་ཞིག་འཛིན་དགོས་རྒྱུ་གནད་འགག་ཡིན་པར་ཞུས་ཡོད། དེ་མིན་མི་ཐོག་ཕྱི་མིའི་ལག་ཏུ་རྩོད་རྒྱུར་ཆེད་དུ་བསྐྱུར་འཇོག་དགོས་པ་རེད་བཤད་མེད་ལ། དྲན་གྱི་ཡང་མེད་པས་ཐུ་བ་ལགས་བློ་སྦུག་དོག་པོ་དེ་འདྲ་རང་མ་གནང་དང་།
སྤོབས་པ་མཐའ་ཡས་ལགས་དང་། གསེར་འབྲུག་སྡེར་ལྔ་ལགས་གཉིས་ནས་བསམ་ཚུལ་འདིར་དགོངས་ཚུལ་གཞན་དག་ཡོད་ན་བསམ་བློ་བརྗེ་རེས་སུ་དམིགས་ནས་གསུང་གནང་ཡོད་པ་ཞུ།
བསྟན་འཛིན་རྒྱལ་པོ་ཕེབས་པར་དགའ་བསུ་ཞུ།
རྩོམ་པ་པོ་འཇིགས་བྲལ་ལགས།
ང་ལ་འདིའི་སྐོར་ལ་དྲི་བ་ཟེར་ན་འདྲ། དེ་ནི་དེང་སང་རང་བཙན་དགོས་ཟེར་མཁན་ཚོར་གྲ་སྒྲིག་མེད་པས་དེ་བས་དབུ་མའི་ལམ་ཟེར་བ་དེ་བཟང་ཚུལ་བཤད་མཁན་ཁ་ཤས་མཐོང་སོང་། དབུ་མའི་ལམ་ལ་ཞུགས་མཁན་ཚོར་གྲ་སྒྲིག་གང་འདྲ་ཞིག་ཡོད་དམ་བསམ་པ་དེ་ཡིན། དབུ་མའི་ལམ་པ་ཚོའི་གྲ་སྒྲིག་དེ་ལོ་དང་ཟླ་བ་ག་ཚོད་ཀྱི་ནང་ལ་ལས་རིམ་ག་འདྲ་ཞིག་གྲ་སྒྲིག་རིམ་པ་བྱས་ཡོད་པ་ཡིན་ནམ། ཁོང་ཚོའི་གྲ་སྒྲིག་དེས་དམིགས་ཡུལ་ག་འདྲ་ཞག་དུས་ནམ་ཞིག་ལ་འགྲུབ་པའི་གྲ་སྒྲིག་ཡོད་པ་ཡིན་ནམ།
སྤོབས་པ་མཐའ་ཡས་ནི་དྲི་བ་མཐའ་ཡས་རེད་ཅེས་དྲ་གྲོགས་ཚོས་བརྗོད་པ་དོན་དུ་གནས། ཧཧཧཧ།
སྤྱིར་ངས་བསམ་ཚུལ་འདིར་ད་ལྟའི་དབུ་མ་དང་རང་བཙན་གྱི་དཀའ་ངལ་ཅིག་ཡོང་བཞིན་ཡོད་པས་བོད་མི་ཡོངས་ནས་མོས་མཐུན་བྱེད་ཐུབ་པའི་ཆིག་སྒྲིལ་གྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ཅིག་ཡོང་ཐབས་སུ་གོང་གསལ་བསམ་ཚུལ་དེ་སྤེལ་བ་ཡིན།
དེ་ལྟར་སྤེལ་དོན་ནི། དབུ་མའི་ལམ་གྱི་མཚན་ཐོག་ནས་བཏོན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་བསམ་འཆར་སྔ་ཕྱི་གཉིས་དེ་ད་ལྟའི་དབུ་མའི་ལམ་གྱི་གྲ་སྒྲིག་ཡིན་ཅེས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་འཐབ་བྱུས་འདི་ང་ཚོས་རྒྱ་གཞུང་ལ་རེ་སྐུལ་ཞུ་བ་དང་། རྒྱ་གཞུང་གིས་དབུ་མའི་ལམ་འདི་ཁ་ཞེ་གཉིས་མེད་ཡིན་པར་ཡིད་ཆེས་པའི་ཉིན་མོ་འཐོབ་ཏུ་རེ་བའི་བསམ་བློ་གཏོང་གི་ཡོད་པ་རེད། དེ་བས་དབུ་མ་ཁ་ཞེ་གཉིས་མེད་ཡིན་པའི་རྣམ་འགྱུར་སྟོན་ཐབས་སུ་དེང་སང་འབད་བརྩོན་ཧ་ཅང་བསྐྱེད་བཞིན་པའི་སྐབས་ཤིག་ཆགས་ཡོད་རེད།
ཡིན་ནའང་དབུ་མའི་ལམ་གྱི་འཐབ་བྱུས་འདི་ལ་མི་འདོད་པ་ཆེན་པོ་ཡོང་དོན་ནི། རང་བཙན་རྩོད་མཁན་ཁོ་ན་མིན་པར་དབུ་མ་བའི་ནང་ནས་ཀྱང་ཡོད་བསྡད་པ་ཞིག་རེད། དེ་ཡང་འཐབ་བྱུས་འདིའི་ངོས་ནས་ད་ལྟ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། དམར་པོོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་བཅས་ཁས་བླངས་ཡོད་པ་ལས་ཡོངས་ཁྱབ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཆོལ་གསུམ་ས་ཁུལ་ཡོངས་ཁྱབ་བཅས་རྩོད་གླེང་བྱེད་ཀྱི་མེད་པ་དང་། ཁས་ལེན་འདི་དག་གི་རྐྱེན་ལ་བརྟེན་ནས་བོད་མི་ནང་ཁུལ་ལ་ཡང་རྒྱ་སྡེ་བོད་སྡེ་ཟེར་བ་དང་། ཟི་བོད་ས་མཚམས་ཟེར་བ་འདི་གླེང་ཡོང་ཡག་གི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ནི་དབུ་མའི་ལམ་པ་ཚོར་ཡོད་པའི་གྲ་སྒྲིག་དེ་རེད། དེ་ལ་ནང་ཁུལ་ནས་དཀའ་ངལ་ཡོང་རྐྱེན་བཅས་ཆགས་ཡོད་པ་རེད།
རང་བཙན་གསུངས་མཁན་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་རེ་བ་རེ་རང་བཙན་ཡིན་པར་བསྒྲུབ་ཀྱིན་ཡོད་པ་རེད། དཔེར་ན་འཇམ་ནོར་གྱི་རང་བཙན་དཔང་རྟགས་དེ་དག་གིས་བོད་ཁམས་ཡོངས་ལ་ཁྱབ་མི་ཐུབ་པའི་དཀའ་ངལ་ཡོད་པ་དང་། ལོ་རྒྱུས་ཐོག་གི་མདོ་ཁམས་གཉིས་ཀྱི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་འཐབ་འཁྲུག་གི་ལོ་རྒྱུས་ཁྲག་དྲི་དྲོ་བ་དེ་རྒྱའི་བཙན་འཛུལ་ཡིན་པ་དང་། ད་ལན་ཙམ་མིན་པར་རྒྱ་ནག་གི་སྲིད་གཞུང་རིམ་བྱུང་བཅས་ནས་བོད་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་གླེང་ཐུབ་ཀྱི་ཡོད་མ་རེད། དེ་མིན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། གཞིས་ལུས་བོད་མིའི་སྙིང་སྟོབས་བཅས་ཀྱི་མཁར་བ་ལ་བརྟེན་ནས་རང་བཙན་རྩོད་རྒྱུ་ཡིན་སྐོར་གསུང་གི་ཡོད་པ་རེད།
གང་ལྟར་ཕྱོགས་གཉིས་ཀས་འཁྱར་འཁྱོར་ཅིག་གསུང་གནང་གི་ཡོད་པ་རེད། དུས་འགྱུར་དམིགས་བསལ་བ་དེ་འདྲ་བྱུང་ན་མ་གཏོགས་གཉིས་ཀ་ལ་ད་ལྟའི་ཆར་གདེང་ཚོད་མེད་པ་དེ་གསལ་པོ་རེད།
འཇིགས་བྲལ་བསྟན་འཛིན་ལགས། ཁྱེད་ཀྱིས་མི་བུ་སྒེར་པ་ཞིག་གི་དགོངས་ཚུལ་ལྷུག་པོར་གསུངས་པར་གུས་རྩི་ཞུ། སྐུ་ཉིད་ནས་གསུངས་པའི་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ཞེས་པ་དེ་བོད་མི་ཚོ་མཉམ་སྒྲིལ་སྟོབས་ཤུགས་གཅིག་ཏུ་ཆགས་པར་ཕན་ནུས་གལ་ཆེན་ཞིག་ཡིན་ནའང་། དབུ་རང་གཉིས་ལོག་ཏུ་བཞག་ནས་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ ཁོ་ནའི་ལམ་ནས་བོད་དོན་བདེན་མཐའ་བསལ་གྱུར་དཀའ་སྙམ།
རྒྱུ་མཚན་ནི་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ནི་སྤྱིར་འཛམ་གླིང་ཐོག་འགྲོ་བ་མི་སྤྱི་ལ་ཚང་དགོས་པའི་གལ་ཆེའི་དབང་ཚད་ཅིག་ཡིན་པ་ལས། ཐབས་ལམ་འདི་བོད་ཀྱི་འཐབ་རྩོད་ཐོག་དམིགས་བསལ་བ་ཞིག་མིན་སྟབས་དེ་ཁོ་ནའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་མི་ཐུབ་དྲན།
ང་ཚོས་ནང་ཡང་ལོ་རྒྱུས་དང་བདེན་པར་རྒྱལ་ཁ་སྤྲོད་དགོས་ཚེ་བོད་འདི་ལོ་རྒྱུས་ཐོག་ནས་གང་ལྟར་ཆུ་གླང་རྩ་ཚིག་སོགས་སུ་རང་བཙན་གསུངས་མ་གསུངས་དང་། དེའི་གོང་དུ་རང་བཙན་ཡིན་མིན་སོགས་ཀྱི་གཏམ་ཐོས་མོད་ཀྱང་། རྒྱལ་ཁབ་གཞན་གྱི་འོག་ཏུ་གནས་མེད་པའི་རང་དབང་གི་རྒྱལ་ཁབ་ཅིག་ལ་རང་ངོས་ནས་ཚང་དགོས་པའི་ཆ་རྐྱེན་རྣམས་ཡོད་ན་རྒྱལ་ཁབ་དེར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
དེར་བརྟེན་ལོ་རྒྱུས་ཀྱི་ཐོག་ནས་འཐབ་རྩོད་བྱ་རྒྱུ་ཡོད་རེད་དྲན། འོན་ཀྱང་རང་བཙན་རྩོད་ཟེར་དུས་མཚོན་ཆ་དང་དྲག་རྒོལ་རིགས་བེད་སྤྱོད་དགོས་པའང་དེ་བས་མ་མཐོང་། ང་ཚོས་རྒྱལ་སྤྱིའི་ཁྲིམས་ཁང་དང་དྲང་བདེན་གྱི་ལམ་བུ་ཁག་ལ་བརྒྱུད་དེ་བོད་འདི་བོད་མིར་རྩིས་སྤྲོད་བྱ་འཇུག་རོགས་ཞུ་རྒྱུ་དེ་རེད། འོན་ཀྱང་འདི་ལ་དུས་ཚོད་དགོས་ནི་རེད། མི་རྣམས་ཞེད་སྣང་བྱ་ས་གཙོ་བོ་ནི་དུས་ཚོད་རིང་པོ་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། མི་གསར་པ་ཚོའི་ཁ་དོག་སོགས་ཡོངས་སུ་བོར་རླག་དང་རྩ་མེད་འགྲོ་བའི་ཉེན་ཁ་ཞིག་ཡོང་གི་ཡོད། དེར་བརྟེན་མི་མང་པོ་ཞིག་གིས་དབུ་མའི་ལམ་འདི་བོད་དོན་བདེན་མཐའ་བསལ་བར་མགྱོགས་པོ་དང་གཉིས་ཕན་ཞིག་ཡིན་པར་འདོད་ཀྱིན་ཡོད། འོན་ཀྱང་གུས་པའི་རྣམ་རྟོག་ལྟར་ན་རྒྱ་ནག་དམར་པོའི་གཞུང་དེ་མགོ་གཏིང་ལོག་པའི་ཉིན་མོ་བར་དབུ་ལམ་གྱིས་བོད་དོན་བདེན་མཐའ་བསལ་མི་ཐུབ་པ་དངོས་ཡོད་གནས་ཚུལ་རེད།
རྒྱུ་མཚན་ནི་ང་ཚོའི་ངོས་ནས་འབྲེལ་མོལ་གྱི་ལམ་ཁ་ཕྱེས་ཕྱེས་པ་ཡིན་ནའང་རྒྱ་གཞུང་ནས་དེ་དག་ལ་སྐྱོན་རྗོད་ལོག་འགྲེལ་ཁོ་ནས་མི་ལོ་སུམ་བཅུའི་རིང་འབྲེལ་མོལ་གྱི་གྲུབ་འབྲས་གང་ཡང་བྱུང་མེད་ལ། དེ་ལས་སྡུག་ཏུ་ཕྱིན་ནས་བོད་ནང་དུ་དམ་དྲག་དང་། མི་རིགས་ལ་མཐོང་ཆུང་། བཙོན་འཇུག་མནར་སྤྱོད་ཡ་ང་བ་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བཞིན་པ་འདིས་གྲོས་མོལ་གྱི་ལམ་ཀ་ཞིག་ཡོད་མི་སྲིད་ལ། མི་རབས་གསར་པ་ཚོ་ཡང་རང་གི་ཕ་མ་བསད་པའི་དགྲ་བོའི་ལག་གཡོག་དང་། དུས་རབས་ཉེར་གཅིག་པའི་ནང་དུ་མིའི་རྣམ་དཔྱོད་དང་བློ་གྲོས་ནི་རང་དབང་དང་མང་གཙོའི་ལམ་དུ་ཡར་གོང་འཕེལ་འགྲོ་དགོས་པ་ལས་དམར་པོའི་སྲིད་གཞུང་ཞིག་གི་འོག་ཏུ་མར་སྡོད་འདོད་སུ་ཞིག་ལའང་ཡོད་རྒྱུ་མ་རེད་དྲན།
བསྟན་འཛིན་རྒྱལ་པོ་ལགས། བསམ་ཚུལ་གསུངས་པར་དགའ་བསུ་ཡོད། དགོངས་ཚུལ་གསུངས་ན་བསམ་ཚུལ་དངོས་གཞི་གཟིགས་ནས་གསུངས་རོགས།
དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ལྡན་པའི་༼བོད་ཡུལ་༽ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་རྒྱུ་དེ་ཆགས་ཡོད། ཅེས་གསལ་ཡོད་ལ།
དེའི་གཤམ་དེར་སླར་ཡང་འདི་ལྟར་བཀོད་ཡོད།
གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་བརྒྱུད་ནས་བོད་མི་རེ་རེ་ནས་མིའི་ཆེ་མཐོང་དང་། མིའི་རིན་ཐང་། འདྲ་མཉམ། ཕོ་མོ་འདྲ་མཉམ། ཤེས་ཡོན། འཕྲོད་བསྟེན། སྨྲ་བརྗོད། ཆོས་དད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་། མཁར་དབང་། འདོད་དབང་། མ་དང་བྱིས་པ་སོགས་ཀྱི་ཐད་འགན་སྲུང་གི་ཐོབ་ཐང་འཐོབ་རྒྱུ་ཡིན་སྟབས་བོད་མི་སེར་སྐྱ་ཚང་མར་དགོས་པའི་ཐོབ་ཐང་དེ་ཡིན་པ་གསལ་པོ་ཆགས་ཡོད། མ་ཟད་རྩོད་ཕྱོགས་འདིས་དབུ་མ་དང་རང་བཙན། རྒྱ་སྡེ་བོད་སྡེའམ་འབྲི་ཆུ་ཤར་ནུབ་དང་། ཟི་བོད་ས་མཚམས་སོགས་གང་ཡང་གླེང་མི་དགོས་པར། བོད་མི་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་པའི་མིའི་ཐོབ་ཐང་འཐོབ་ངེས་པའི་འཐབ་རྩོད་བྱེད་ཐུབ་པ་བྱུང་ན་དེ་གས་འགྲིག་བསྡད་ཡོད་པ་ཞིག་ཆགས་ཀྱི་ཡོད། ཅེས་གསལ་ཡོད།
དེ་བས་དེ་འདྲའི་བོད་ཡུལ་ཞིག་དབུ་མ་དང་། རང་བཙན་གང་བརྒྱུད་ནས་འཐོབ་ན་དེ་ངོས་ལེན་བྱེད་དགོས་པ་ཞིག་དང་། བྱེད་ཐུབ་པ་ཞིག་རེད་བསམ་གྱི་ཡོད།
དང་པོ་དབུ་མའི་ལམ་ནས་དེ་འདྲའི་བོད་ཡུལ་དེ་འཐོབ་མི་སྲིད་པ་ཞིག་རེད། དབུ་མའི་ལམ་གྱི་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆར། སྐུ་ཉིད་ཀྱིས་གསུངས་པ་ལྟར་“དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། དམར་པོོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་བཅས་ཁས་བླངས་ཡོད་པ།” ཞེས་པ་དེ་ཡིན་ན། དབུ་མའི་ལམ་གྱི་ཐོག་ནས་༼གུ་ཡངས་མང་གཙོ་༽ཞིག་གཏན་ནས་རག་རྒྱུ་མི་འདུག འདི་ནི་འུག་པའི་རྫུན་དྲུག་བཤད་པ་དང་འདྲ།
རྒྱུ་མཚན་ནི། (དམར་པོོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས།)བྱ་རྒྱུ་དང་(གུ་ཡངས་མང་གཙོ)བྱ་རྒྱུ་གཉིས་མཉམ་དུ་གཏན་ནས་ཡོང་མི་སྲིད་དྲན།
གཉིས་པ་རང་བཙན་གྱི་ཐོག་ནས་དེ་འདྲའི་བོད་ཡུལ་ཞིག་འཐོབ་པར་དུས་ཚོད་དགོས་ནི་རེད། དེའི་བར་ང་ཚོའི་ཆོས་དང་རིག་གཞུང་རྩ་རླག་ཏུ་འགྲོ་མི་ཡོང་ངམ་སྙམ་པའི་སེམས་འཚབ་འདུག
ཆོས་སྲུང་སྐྱོབ་ཁོ་ན་ཤུགས་ཆེར་གླེང་ནས་ཆབ་སྲིད་བརླག་ན་འགྲིག་གི་མ་རེད། ཆབ་སྲིད་ཁོ་ན་གླེང་ནས་ཆོས་བརླག་ན་འགྲིག་གི་མ་རེད། ཆོས་སྲིད་གཉིས་ཀའི་ངོས་ནས་སྐྱ་སེར་གཉིས་ཀའི་མ་འོངས་པར་བསམ་བློ་གཏོང་དགོས་རེད། ཡོངས་ཁྱབ་འགྲོ་བ་མིིའི་ཐོབ་ཐང་བརྩད་པ་ཡིན་ན་གཉིས་ཀ་རྩོད་ཀྱི་ཡོད་རེད། དེ་འདྲའི་ལམ་ཞིག་འཚོལ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་མིན་དཱ་མ་འོངས་པར་བོད་མི་རྩ་མེད་འགྲོ་གི་རེད་ལ། བོད་མི་མེད་པའི་ཆོས་དང་རིག་གཞུང་དེ་ཡང་ཡོང་གི་མ་རེད། གཉིས་མེད་ཅིག་ཆགས་ཀྱི་འདུག་བསམ་གྱི་ཡོད། དེ་བས་གཉིས་མཐུན་གྱི་སྒོ་ནས་བོད་དོན་འཐབ་རྩོད་བྱེད་པའི་ལམ་ཞིག་བསྟེན་དགོས་པར་མཐོང་། དེ་ལ་གོང་དུ་ཞུས་པའི་ཐབས་ལམ་དེ་ལས་མཐོང་གི་མི་འདུག
ད་ལྟའི་ཆར་དབུ་མ་དང་རང་བཙན་གྱི་ཁྱད་པར་མེད་པར་ཐོབ་ཡག་གི་གདེང་ཚོད་མེད་པ་གཅིག་པ་རེད་བསམ་གྱི་འདུག མ་འོངས་པར་དབུ་མ་སྔོན་དུ་འཐོབ་སྲིད་ལ་རང་བཙན་སྔོན་དུ་འཐོབ་སྲིད། གང་ལྟར་སྐྱ་སེར་གཉིས་ཀར་དགོས་པའི་ཐོབ་ཐང་འདི་དག་མ་འཐོབ་པ་ཡིན་ན་བོད་དོན་དཀའ་ངལ་སེལ་ཡོད་པ་མ་རེད།
མདོར་ན་དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་ཕྱོགས་གཉིས་ཀས་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ལྡན་པའི་༼བོད་ཡུལ་༽ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་དགོས་པ་རེད། དེ་མིན་གང་ཡང་མ་འཐོབ་གོང་ནས་ནང་ཁུལ་ལ་དཀའ་ངལ་ཆེན་འཕྲད་རྒྱུ་རེད་བསམ་གྱི་འདུག་ལ། དེས་ཆིག་སྒྲིལ་མི་ཡོང་བ་དང་། སྟོབས་ཤུགས་མེད་པ་ཆགས་ནས་འཐབ་རྩོད་དེ་ཧ་ཅང་དཀའ་ཁག་ཆེན་པོ་ཆགས་རྒྱུ་ཡིན་པར་མཐོང་གི་འདུག
ནོར་བཅོས།
མདོར་ན་དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་ཕྱོགས་གཉིས་ཀས་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ལྡན་པའི་༼བོད་ཡུལ་༽ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་དགོས་པ་རེད། དེ་མིན་གང་ཡང་མ་འཐོབ་གོང་ནས་ནང་ཁུལ་ལ་དཀའ་ངལ་ཆེན་འཕྲད་རྒྱུ་རེད་བསམ་གྱི་འདུག་ལ། དེ་ཡང་ཆིག་སྒྲིལ་མི་ཡོང་བ་དང་། སྟོབས་ཤུགས་མེད་པ་ཆགས་ནས་འཐབ་རྩོད་དེ་ཧ་ཅང་དཀའ་ཁག་ཆེན་པོ་ཆགས་རྒྱུ་ཡིན་པར་མཐོང་གི་འདུག
ངའི་ཁ་འདི་ཅིག་འགུལ་འི་ཡིན། འདི་འདྲ་ཞིག་རེད། རང་བཙན་ནི་བོད་མི་བརྒྱ་ཆ་བརྒྱ་བོས་ལུས་གཏོང་ཐུབ་པའི་དུས་ཞིག་ནམ་ཡང་ནམ་ཡང་ཤར་མི་སྲིད་པ་རེད། ལྷག་དོན་བོད་ནང་གི་བོད་མིས། དེ་ན།
རྒྱ་ནག་དུད་འགྲོ་ཚང་གི་རྣམ་རྟོག་གི་ནང་ལ་དབུ་མ་ནི་༧གོང་ས་མཆོག་གིས་བོད་རྒྱ་ཆེ་དམངས་ཁྲོད་ལ་ཕན་འབྲས་ཡོད་པའི་ཐབས་ལམ་མཐའ་བསྐྱལ་ཡོད་ས་ཞིག་མ་རེད་གསུང་ཚར་དུས་ཚར་རེད།
འགྲོ་ས་གཅིག་དང་། རྡོག་རྩ་གཅིག་རེད། དོ་འི་བསམ་ན་ངར་ནས་མགྱོགས་པོ་རྩོད་ཡ་རེད། མི་དོ་འི་བསམ་ན་ངུས་ནས་ལོ་ངོ་སྟོང་ཕྲག་ལ་རྩོད་ཡ་རེད། མི་རིགས་མ་ཉམ་ན། ཆོས་དང་སྐད་ཡིག། རིགས་གཞུང་ནི་ག་དུས་སླར་གསོ་བྱེད་བྱེད་རེད།
གཉིས་མེད་རང་བཙན།
རང་བཙན་དགོས་ན་གསར་གསོད་གཏོང་། །
རང་ས་བླངས་ནས་རང་གཞུང་བཙུག །
གཉིས་སྨན་དབུ་ལམ།
རང་བཙན་བཞག་ནས་དབུ་མར་བརྩོན། །
དབུ་མ་རག་ནས་བོད་ལ་ལོག །
གནམ་ནས་ག་རེ་གསུང་གི་ཡོད་པ་ཧ་གོ་གི་མི་འདུག ཡུལ་སྐད་དུ་བྲིས་ཡོད་པས་ཡིན་ནམ་དག་ཆ་མེད་སོང་བས་ཡིན། གང་ལྟར་དོན་གོ་མ་སོང་། གནམ་ལགས།
རང་བཙན།
དབུ་ལམ་བཞག་ནས་ཞི་དྲག་སྤྱོད། །
རྒྱལ་ས་བླངས་ནས་རྒྱལ་ཁབ་བཙུག །
དབུས་ལམ།
ཚེ་མེད་ཞི་བས་གཉིས་སྨན་བརྩོན། །
དབུས་ལམ་ཐོབ་དུས་བོད་ལ་ལོག །
བོད་རྒྱལ་རང་བཙན།
ནང་དམེས་བྱས་ནས་ས་མཚམས་བགོས། །
སེང་དར་བསྒྲེངས་ནས་རང་ས་སྲུངས། །
བོད་རྒྱ་མཉམ་སྡོད།
བཟོད་བསྲན་བསྒོམས་ནས་རང་སྐད་དང་། །
ཆོས་རིག་བསྲུངས་ནས་ཡར་རྒྱས་གཏོང་། །
ཆབ་སྲིད་ཤེས་མདོག་འདྲ་ཞིག་བྱེད་ཀྱིན་འདུག ཡང་མི་ཤེས་མདོག་མདོག་འདྲ་ཞིག་བྱས་ནས་ཁྱི་སྨྱོན་ཚོར་ལན་འདེབས་འདྲ་ཞིག་བྱེད་ཀྱིན་འདུག དོལ་ལུགས་པའི་རྩོད་གཤེར་ཡིན་ན་རང་བཙན་རྩོད་གཤེར་མིན་པར་མཁྱེན་པ་གནང་ཨ། སྤྱིར་བཏང་བཅོམ་ལྡན་འདས་མི་དགོས་ན་རང་བཙན་མི་དགོས་པ་མིན་ཅིང་། བཅོམ་ལྡན་འདས་མི་དགོས་པའི་དོལ་ལུགས་པར་རང་བཙན་མི་དགོས་སྟབས། རང་བཙན་རྩོད་ཀྱི་རེད་ཅེས་ན་ག་འདྲ་ཞིག་ཆགས་སོང་། ཚིག་ལ་ཐལ་ཆ་བྱུང་མེད་ཉོན་ཨ། ཕ་མ་ཁས་མི་ལེན་མཁན་ཁྱིམ་ཚང་གི་རྩ་དོན་ཁས་ལེན་མཁན། འདི་འདྲའི་དམ་ཉམས་ཀྱི་བདག་དབང་རྩོད་གཤེར་ཅིག སྡོམ་པ་ལེན་མཁན་འདུལ་བ་ཁྱོན་ནས་མི་དགོས་ཟེར་མཁན་འདི་ཚོས་དངོས་གནས་རང་བཙན་རྩོད་ཀྱི་མ་རེད། རང་བཙན་དགོས་མདོག་མདོག་བྱེད་པའི་དམ་ཉམས་་དང་། རང་བཙན་དགོས་པའི་གང་ཟག་མ་ནོར་བ་གནང་ཨ། རང་བཙན་ནི་རྒྱུ་འབྲས་དང་མཐུན་པའི་བོད་མིའི་བདག་དབང་དུ་འདོད་པའི་གང་ཟག་དེས། སྤྱི་ཚོགས་སྟེང་རྒྱུ་འབྲས་ཀྱི་འབྲེལ་བ་ལས་ཉམས་པར་སྐད་གྲགས་ཡོད་པའི་དོལ་ཚོགས་དང་ལྷན་དུ་མཉམ་དུ་གྲབས་གཅིག་ཏུ། ལམ་དབུ་མ་དང་རང་བཙན་དང་སྐད་ཡིག་གི་ཐོབ་ཐང་ཙམ་ཡང་གླེང་བརྗོད་ཀྱི་རྩོད་གཤེར་གནང་བ་ཡིན་ན་དུས་དེ་ནས་བཟུང་། གུང་ཁྲན་དང་བློ་མི་མཐུན་པའི་ཕྱི་ནང་གི་རྒྱ་ཆེས་པའི་མི་དམངས་ལ་ཐད་ཀར་གདོང་སྟོན་མི་ནུས་སྟབས་དྲྭ་ཐོག་ཉིད་ལ་བརྟེན་པའི་གླེང་བརྗོད་དང་རྩོད་གཤེར་ཙམ་དུ་གྱུར་པ་རེད། དེ་ཡང་གུང་ཕྲན་ཀྱི་ཕོག་མ་ཟོས་པའི་གསལ་བཤད་ཕར་ཞོག་ད་ལྟ་ཟ་བཞིན་པ་མ་ཡིན་པའི་གསལ་བཤད་ཙམ་ཡང་བོད་མི་དམངས་ཀྱིས་མ་ཐོས་པས་སོ། གཅིག་བྱོས།
http://blog.amdotibet.cn/ogyenling/archives/89475.aspx
ཁྲམ་པ་མང་པོ་འདུག
མང་དུ་བཤད་ན་ཅི་ཞིག་ཕན། དབང་ཆེ་དབང་ཆུང་དང་འབྲེལ་བའི་བོད་དོན་རང་བཙན་དང་དབུ་མ་བཞག་ནས། བོད་ཀྱི་སྐད་ཡིག་གཉིས་ཀྱི་ཆེད་དུ་ད་ལྟ་རྒྱ་ནག་གཞུང་གི་འཛིན་སྐྱོང་བྱེད་བཞིན་པའི་འོག་ལོག་འགྲོ།
འཇིག་བྲལ་བསྟན་འཛིན་ལགས་ཀྱིས་དཔྱད་གླེང་དེ་སྙན་པོ་འདུག། རྒྱ་བོད་བར་གྱི་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་ཞིག་ཁ་གསལ་གོ་བདེ་གསུངས་འདུག། རྗེས་མར་དེ་བཞིན་ཡོང་བའི་རེ་བ་ཡོད།
http://sangdhor.com/list_c.asp?id=11575
འདི་ན་དཀྲུགས་ཤིང་གི་ལྟེ་བ་དེ་འདུག
སྐལ་མེད་སར་སྐེ་བསྲིངས་ཡོང་བ་དག་ལ་ལན་འདེབས་བྱེད་དགོས་པ་མ་རེད་ལ་ཨ་ཁུ་ཁྲོ་ཐུང་འདྲ་བའི་མགོ་གཉིས་ཅན་ནམ་རྒྱུན་ག་ས་ག་ལ་མཆན་སྙང་མ་ཛར་ཛར་གྱིས་སྒྲོ་འདོགས་དང་འུར་ཟིང་ཁོ་ནས་ཡར་དཀྲུགས་མར་དཀྲུགས་བྱས་ནས་དུས་བསྐྱེལ་མཁན་དག་ལ་ཁ་ཡ་དེ་བས་བྱེད་དགོས་པ་མ་རེད། འདི་ཚོ་ནི་སྐྱག་པ་དང་འདྲ་བ་ལག་པ་འཆང་ན་དྲི་ངན་མཐུལ་བས་བསྐོར་ནས་འགྲོ་རྒྱུ་དེ་ཡང་གལ་ཆེན་པོ་རེད།
(ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་) (གུ་ཡངས་དམངས་གཙོ་)འདི་རྒྱལ་སྤྱིའི་ཁྲིམས་ལུགས་ར་བའི་ནང་ཡོད་བསྡད་པ་ཞིག་རེད་ལ་གཞི་རྩའི་འགྲོ་བ་མི་ཞིག་ཡིན་ཕྱིན་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཡོད་དགོས་པ་དང་འདྲ་མཉམ་རང་བཞིན་འོག་དད་མོས་རང་དབང་དང་། རིག་གཞུང་རང་དབང་། སྐད་ཡིག་བསྲུང་སྐྱོབ་རང་དབང་། སྨྲ་བརྗོད་རང་དབང་། དཔལ་འབྱོར་འདུ་འགོད་རང་དབང་། མང་མོས་ཐག་གཅོད་བྱས་ཆོག་པའི་ཁྲིམས་ལུགས་རང་དབང་སོགས་རང་དབང་མང་པོ་ཞིག་ཡོད་པ་རེད། མི་རིགས་ཀྱི་འཐབ་རྩོད་གཅིག་ཡིན་ན་རང་ཐག་རང་གཅོད་ཀྱི་འཐབ་ལམ་འདེམས་པའི་དབང་ཚད་ཆ་ཚང་ཡོད་པ་རེད།
འདི་འདྲ་ཞིག་ཡོང་བར་ཡིན་ཅིག་ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་དགོས་པ་རེད་དྲན།
ཀརྡོ་གཉེར་ཕྱག་པ་ལགས།
བཟོད་བསྲན་བསྒོམས་ནས་རང་སྐད་དང་། ཆོས་རིག་བསྲུངས་ནས་ཡར་རྒྱལ་ཇི་ལྟར་གཏོང་གི་རེད། གནས་བབ་གང་འདྲ་ཞིག་གི་འོག་ནས་ཡར་རྒྱས་གཏོང་གི་རེད། སྤྱིར་བཏང་ཚིག་བཅད་འགའ་བྲིས་འདུག་པ་འདིར་འགན་ཁུར་རང་བཞིན་ལྡན་པའི་སྐད་ཆ་མི་འདུག་མོད། དྲ་གྲོགས་ཚོས་དགོངས་པ་བཞེས་ཡག་གི་ཆ་རྐྱེན་དུ་འགྱུར་ཆེད་དྲི་བ་འདི་ཞུས་པ་ཡིན།
དྲན་དཀར་དཔལ་ཡོན་ཟེར་བ་འདིས་བསམ་ཚུལ་རྩ་བ་ནས་མ་ཀློག་པར་སྨྱོ་བཤད་བྱས་འདུག ག་རེ་བརྗོད་ཀྱིན་པ་འདི་སུས་ཆེད་དུ་ཡིན་མིན་ཡང་དོགས་པའི་རང་བཞིན་དུ་མཐོང་། དེ་བས་སྤྱིར་བཏང་ལན་གྱི་དགོས་པ་གང་ཡང་མ་མཐོང་ཡང་ད་ལན་ངའི་བསམ་ཚུལ་གྱི་འོག་ཏུ་མཆན་ཞིག་བཞག་པའི་ངོ་ལ་བལྟས་ནས་མཆན་ལན་ལྟ་བུར་ཁྱོད་རང་གིས་བྲིས་པ་དེ་བཀླགས་པ་ཡིན་ཟེར་བ་མཚོན་དོད་དུ་འདི་བྲིས་པ་ཡིན།
དྲན་དཀར་དཔལ་ཡོན་ཟེར་བ་འདིས་འཇམ་ནོར་ལ་ཞུ་གི་ཡོད་ན། ཁོ་རང་གི་ཟིན་བྲིས་ར་བ་༼རང་བཙན་དྲ་བ་༽ཟེར་བ་ཞིག་འདུག་པས་དེར་སོང་དང་། བཤད་རྒྱུ་ཡོད་ན་བཤད་ས་འདུག
ད་ལྟ་ང་ཚོས་མི་རིགས་ཆིག་སྒྲིལ་བཤད་བསྡད་པ་ཙམ་མི་ཕན་པར། འབྱུང་འགྱུར་གྱི་གནས་སྟངས་ལ་བསམ་བློ་མ་བཏང་ན་ལོ་རྒྱུས་ཀྱིས་མི་རིགས་ཁ་བྲལ་དུ་གཏོང་བ་དང་། སྐྱོན་མཚང་གིས་མི་རིགས་ཁ་བྲལ་དུ་གཏོང་བ་གཉིས་ལས། སྔ་མ་ཉེས་པ་ཆེ་བར་སེམས། སྐྱོན་མཚང་ནི་ཐད་ཀའི་སྐྱོན་རེད། ལོ་རྒྱུས་རྫུན་མ་བཟོ་བ་དུས་རབས་མང་པོ་རྫོགས་མི་ནུས་པའི་སྐྱོན་རེད། དེ་ཙམ་དུ་མ་ཟད་ལོ་རྒྱུས་དང་། ལྟ་གྲུབ་རྫུན་མ་རྐྱང་རྐྱང་བཟོ་བསྡད་ན་རིག་གཞུང་གི་རྙིང་པོ་སྟོར་ངེས་པ་དང་། རིག་གཞུང་ལ་གཏད་སོ་མེད་ན་བོད་ཀྱི་གཞོན་སྐྱེས་ཚོ་ཆོས་བོན་གཉིས་ཀྱི་རིག་གཞུང་དང་། དེར་འཛིན་གཉིས་ཀ་ལ་རྒྱབ་གཏད་ངེས་རེད། དེ་དུས་ཇི་ལྟར་བྱ་རྒྱུ་ཡིན།
ཨོ་རྒྱན་ཉི་མ་ལགས་ནས། འབྱུང་འགྱུར་གྱི་གནས་སྟངས་ལ་བསམ་བློ་མ་བཏང་ན་ལོ་རྒྱུས་ཀྱིས་མི་རིགས་ཁ་བྲལ་དུ་གཏོང་བ་ཟེར་བ་དེ་བདེན་པའི་ཆ་ཆེན་པོ་རེད། དེ་ཡང་བོད་མི་ནང་ཁུལ་ཁ་བྲལ་གཏོང་བའི་བྱ་སྤྱོད་མཐའ་དག་འགོག་སྡོམ་དང་། དེ་དག་ཡོང་གཞི་མེད་པ་བཟོ་ཡག་ཧ་ཅང་གལ་ཆེན་པོ་རེད། དེ་མིན་ལོ་རྒྱུས་ཐོག་གཅིག་བོད་ཁོངས་སུ་དཀའ་ངལ་ཡོད་རབས་དང་། གཅིག་ལ་དཀའ་ངལ་མེད་རབས་སོགས་བཤད་བསྡད་ན་གང་ཡོང་ཤེས་ཀྱི་མ་རེད་བསམ་གྱི་འདུག
༤༣༽ འཇིགས་བྲལ་བསྟན་འཛིན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༡༤ སྐར་མ་ ༢༨
ཀརྡོ་གཉེར་ཕྱག་པ་ལགས།
བཟོད་བསྲན་བསྒོམས་ནས་རང་སྐད་དང་། ཆོས་རིག་བསྲུངས་ནས་ཡར་རྒྱལ་ཇི་ལྟར་གཏོང་གི་རེད། གནས་བབ་གང་འདྲ་ཞིག་གི་འོག་ནས་ཡར་རྒྱས་གཏོང་གི་རེད། སྤྱིར་བཏང་ཚིག་བཅད་འགའ་བྲིས་འདུག་པ་འདིར་འགན་ཁུར་རང་བཞིན་ལྡན་པའི་སྐད་ཆ་མི་འདུག་མོད། དྲ་གྲོགས་ཚོས་དགོངས་པ་བཞེས་ཡག་གི་ཆ་རྐྱེན་དུ་འགྱུར་ཆེད་དྲི་བ་འདི་ཞུས་པ་ཡིན།
ཞེས་པའི་ལནདུ།
ངོས་རང་འགན་འཁུར་མེད་པ་མིན་པས་ཁ་བརྡར་འོངས། །
འགན་འཁུར་བྱས་ནས་རང་བཙན་མ་རྩོད་རང་དབང་རྩོད། །
ཅེས་པའི་འབོད་སྒྲ་ཉིན་ལྟར་བསྒྲགས་ཀྱང་འགའ་ཤས་ཀྱིས། །
དབུས་ལམ་ཕྱོགས་སུ་བཟུང་ནས་རང་བཙན་རྩོད་མཁན་ལ། །
དམའ་འབེབས་ཚིག་མཚོན་འདེབས་པ་ལྟ་བུར་མཐོང་བས་ན། །
ད་ཆ་འུ་ཐུག་གནས་ཚུལ་ཤོད་སྟངས་ལྡོག་ཕྱོགས་ནས། །
མ་བཤད་རང་བཤད་ཆགས་ནས་རྩོད་ན་དེ་ལྟར་དགོས། །
ཞེས་པའི་ཚིག་དུམ་འགའ་ཤས་ཤོད་ཐལ་སོང་བའི་ནང་། །
ཁྱེ་ཀྱིས་བཟོད་བསྲན་བསྒོམས་ནས་རང་སྐད་ཆོས་རིག་དག །
བསྲུངས་ནས་ཡར་རྒྱལ་ཇི་ལྟར་གཏོང་སྟངས་ག་འདྲ་ཟེར། །
གཞིས་བྱེས་བོད་མི་ཡོད་ཚད་གར་ཡོད་ས་དེ་རུ། །
བོད་སྐད་བཤད་ནས་བོད་ཆོས་སྦྱངས་ནས་མི་ཚེ་སྐྱོལད། །
རང་སྐད་རིག་གཞུང་རང་གིས་སྲུངས། །
དཔལ་འབྱོར་ཤེས་ཡོན་གཞན་ནས་འཚོལ། །
ཆབ་སྲིད་འཛམ་གླིང་བགྲོས་དང་བསྟུན། །
རང་ཚུགས་མ་ཤོར་གཞན་འགྲན་གྱིས། །
འཇིགས་བྲལ་བསྟན་འཛིན་ཁྱེད་ཀྱི་ཉོན་ཨ། རང་བཙན་མི་དགོས་པ་ཙམ་དུ་མ་ཟད་གཞི་བྱེས་ལྷན་འཛོམས་ཙམ་ལ་ཡང་འཇིགས་སྣང་བྱེད་བཞིན་དུ་དྲྭ་ཐོག་ཉིད་ནས་རང་བཙན་ཁོ་ན་རྩོད་གླེང་བྱེད་མཁན་ཁག་ཅིག་ཁྱེད་ཀྱིས་རང་བཙན་རྩོད་མཁན་དུ་བགྲང་གི་འདུག འདི་ཆབ་སྲིད་ཤེས་མདོག་བསྟན་པ་མ་རེད་དམ། དངོས་གནས་རང་བཙན་རྩོད་མཁན་ཞིག་ཡིན་ན་མི་གྲལ་ནས་མི་གྲལ་རྒྱུད་ཏེ་གླེང་དགོས་པ་ལས་མི་གྲལ་ནས་ཁྱི་གྲལ་བཟུང་ཏེ་གླེང་དགོས་པ་གང་ཡིན་ནམ། ཁྱེད་ཀྱི་དབུ་རང་གི་རྩོད་པ་ཟེར་ནས་དྲག་མོ་འདྲ་ཞིག་བྱེད་ཀྱི་འདུག་དེ་ནོར་འདུག ཁྱེད་ཀྱིས་ཡི་གེ་བྲིས་ཏེ་སྲུང་སྐྱོབས་བྱེད་པ་ནི་བཀུར་བར་འོས་པའི་ཆ་ཞིག་རེད་འདོད། དེང་སང་རྩ་མི་ཚང་པའི་ཁ་བརྡ་བ་ཚོས་ཡིག་མིང་རྫིག་པོ་རེ་བཏེག་དེ་རྒྱ་གར་མེ་འཁོར་གྱི་སྒེའུ་ཁུང་ནང་ནས་གད་སྙིགས་གཡུག་པ་ནང་བཞིན་བྱེད་ཀྱིན་འདུག ཁྱི་ཕྲུག་ཕལ་ཆེ་བས་འདི་འདྲ་བྱེད་ཀྱི་འདུག
དྲན་དཀར་དཔལ་ཡོན།
དྲྭ་ཐོག་ཉིད་ནས་རང་བཙན་ཁོ་ན་རྩོད་གླེང་བྱེད་མཁན་སུ་ཞིག་ངས་རང་བཙན་རྩོད་མཁན་དུ་བགྲང་གི་འདུག??? ངས་ནི་སུ་གཅིག་རང་བཙན་རྩོད་མཁན་དུ་བགྲང་མེད། ཁྱོད་རང་དངོས་འབྲེལ་སེམས་དང་མིག་ཐང་ཐང་ཨེ་ཡོད་ན་བསམ་གྱི་འདུག
འཇིགས་བྲལ་ལགས། སྐྱག་ཁ་བསྔོགས་ནས་ཅི་བྱེད། ངས་གོང་དུ་ཁ་ཡ་བྱེད་དགོས་མ་རེད་ཞེས་ཞུས་ཡོད། མི་འདི་ཚོའི་རིགས་དེ་གུང་ཁྲན་གཅིག་བསྡུས་རིང་ལུགས་འོག་ཚར་ལོངས་བྱུང་བས་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་མིང་ཙམ་ཡང་གོ་མྱོང་མེད་པར་མི་གྲལ་ནས་ཁྱི་གྲལ་དུ་བསྡད་དེས་མི་་གང་མང་བྱུང་ལ་སོ་བརྒྱག་གིན་བརྒྱག་གིན་གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་ཆེད་དབྱེན་དཀྲུག་དང་སྒྲོ་འདོགས་འུར་ཟིང་ཁོ་ནས་དུས་སྐྱེལ་གྱིན་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དྲོ་སྐྱིད་ཀྱི་ཉི་མ་ཤར་བསྡད་ཡོད་བསམ་གྱི་ཡོད་པ་དེ་རེད།
འཇིགས་བྲལ་བསྟན་འཛིན་ལགས།
མྱི་འལ་མྱི་སྐད་བྲིས་ན་མི་གོ་ན། ཡིག་སྐད་རྐྱང་རྐྱང་བྲིས་ནས་ཉི་མ་མི་འཁྱོལད་ཀི། ཡང་བསྐྱར་ཞིབ་ཀློག་ཞིག་བྱེད་པའི་རེ་བ་ཡོད། ཡིག་ནོར་གི་ཆ་ཙམ་ཡང་མེད།
ཡག་པོ་བྲིས་འདུག
གང་ལ་གཏད་སོ་ཡོད་པའི་རིང་ལུགས་ཞིག་དང་།
གླེང་རིན་ཡོད་པའི་ས་བོན་མང་བོ་བཏབ་བྱ་དྲན་སོང་།
ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཚོས་འདི་ལྟར་དཔྱད་ན་ཡག་པོ་རེད་སྙམ
འདི་འདྲ་མུ་མཐུད་ནས་འབྲི་རོགས།
ང་ལྟ་བུ་ལ་ཡང་ཕན་ཐོག་ཆེན་པོ་འདུག
དངོས་གནས་རང་བཙན་རྩོད་མཁན་ཞིག་ཡིན་ན་རྩོད་ཚུལ་ཡང་དག་པ་ཞིག་ཁྱོན་ནས་མ་མཐོང་སྙམ། བོད་མིའི་སྒྲིག་འཛུགས་མིན་པའི་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་བཅས་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་འཐབ་རྩོད་ཉག་གཅིག་ཡིན་ན། བདེན་པ་ལ་ངེས་པར་བརྟེན་དགོས། བདེན་པ་ལ། འདས་པའི་གཞི་ལོ་རྒྱུས་ཐོབ་ཐང་བདེན་པ། ད་ལྟའི་མངོན་སུམ་ལག་ལེན་གྱི་བདེན་པ། མ་འོངས་པའི་མཇུག་འབྲས་ཕུགས་འདུན་གྱི་བདེན་པ་བཅས་ཀྱི་དཀྱིལ་འཁོར་ལས་བརྒལ་བའི་གཞིར་རྩོད་པ་ནི། ཁ་རྩོད་སྟོང་རྩོད་ཉིན་འཁྱོལ་བསྙོན་འདིང་བ་ཙམ་དུ་ཟད་པ་ཡིན་སྙམ།
འདས་པའི་བདེན་པ་ནི་འདས་པ་རང་རེད། གང་ཡིན་པ་དེ་ག་རང་རེད། དེ་ལ་འགྱུར་མེད་ནམ་མཁའི་དབྱིངས་སུ་ཡལ་ཟིན་པས་འདས་པ་ཞེས་བརྗོད་པ་མིན་ནམ། འོན་ཀྱང་ལོ་རྒྱུས་འཁྱོག་བཤད་བདེན་པ་རྫུན་བཟོ་བྱས་པར་དཔང་རྟགས་ཁུངས་འཕེར་དག་ཐེར་བྱ་རྒྱུ་ངེས་པར་ཡོད། དཔེར་ན་སྔ་མོ་ནས་བོད་འདི་ལོ་རྒྱུས་སུ་རྒྱའི་ཁོངས་ཡིན་པ་བྲིས་བཤད་བྱས་པར་རྣག་ཐོག་བཙག་འཁེལ་ལན་ངེས་པར་འབྲི་དགོས་ལ་དངོས་ར་འཕྲོད་པའི་གསལ་བཤད་ངེས་པར་དགོས་མོད། འོན་ཀྱང་དེ་ནི་ལོ་རྒྱུས་ཀྱི་གནས་བབ་ཅིག་རེད་མ་གཏོགས་ད་ལྟ་དང་མ་འོངས་བདེན་པར་ཁག་ཐེག་དོ་འཁུར་བྱེད་དཀའ་བ་ཡིན། དེ་ཡང་རྒྱ་རིགས་སློབ་ཕྲུག་ཡིན་ས་རེད། ཁོས་CNN དྲ་རྒྱར་ཚིག་ཐོ་བྲིས་པར། གལ་ཏེ་རྒྱ་རིགས་བོད་ནས་རྒྱུགས་ཞེས་འགྲོ་དགོས་ན། ཨ་རི་བ་ཚོར་གདོད་མི་བ་Indian ཚོས་ཐོན་རྒྱུགས་ཞེ་ན་ཉན་འཇོག་བྱེད་དམ། ཞེས་བྲིས་འདུག་པ་དེས་རྒྱ་དམར་གྱི་བོད་ཐོག་ལྟ་སྟངས་ངན་པ་ག་འདྲ་འདུག་གམ།
དེ་ལྟ་ལགས་ན། འདས་དོན་ཁོ་ན་རྩོད་པ་ནི། འདས་ལོག་བྱས་པ་དང་མཚུངས་པས་དངོས་གཞིའི་ལག་ལེན་ཐབས་ལམ་དང་། དེ་ལས་མ་འོངས་པའི་འགན་ཐེག་གི་གནས་ལ་འདྲེན་བྱེད་ཅིག་མིན།
དཔེ་གཞན་ལ། གལ་ཏེ་སྔོན་མ་རྒྱལ་པོ་དབང་ཡོད་ཕྱུག་པོ་དེ་གཞན་གྱིས་བཅོམ་ནས་ད་ལྟ་སྲང་ལམ་ཐོག་སྤྲང་པོའི་གནས་སྟངས་ལ་ཡོད། གལ་ཏེ་ཁོ་གནས་སྟངས་འདི་ལས་ཐར་བར་སྔོན་མ་ང་དབང་ཡོད་ཕྱུག་པོ་ཡིན་པའི་ལོ་རྒྱུས་བདེན་པ་བཤད་ནས་ལག་ལེན་འགྲོ་ཐབས་མེད་པ་བཞིན་ཡིན་སྙམ། ཡང་གོ་ནོར་མ་ཐེབས་པ་གནང་རོགས། གང་ལགས་ན། གལ་ཏེ་རྒྱལ་པོ་དེ་འཇོན་ཐང་ནུས་ལྡན་ཡིན་ན་ལོ་རྒྱུས་གཅིག་པུ་བཤད་པ་མིན་པར། ཐབས་ཚུལ་སྣ་ཚོགས་ཀྱིས་འགྱེལ་ས་ནས་ལངས་ཏེ་འཐབ་རྩོད་ཡོད་རྒུའི་ཤེས་འཇོན་རྒྱབ་རྟེན་སོགས་བཙལ་ཏེ། རང་གི་རྒྱལ་ས་སླར་ཡང་འཛིན་ཐུབ་ལ། དེ་ལ་སུས་ཀྱང་ལྡོག་ཐབས་མེད་པ་གསལ་པོ་རེད།
ང་ཁ་རྒྱག་པ་དང་སངས་རྒྱས་ཀ་ཁ་རེད་དེ། བསམ་ཚུལ་ཞིག་ཞུ་ན། གཞོན་ནུ་དང་སློབ་ཕྲུག་ཚོ་ནི་དངོས་གནས་ང་ཚོའི་མ་འོངས་པའི་བདག་པོ་དང་། དུས་རབས་གསར་པའི་འགོ་དཔོན་ཡིན་ན། ཕུགས་ཀྱི་རེ་བ་དང་བློས་བཀལ་ས་དེ་ངེས་པར་ཡིན། དེས་ན་ང་ཚོའི་ཕྲག་པར་བབ་པའི་འགན་དེ་ཧ་ཅང་འདེགས་དཀའ་བའི་མ་འོངས་པའི་འགན་འཁུར་ཞིག་ཡིན་པར་ཐེ࿒ཚོམ་མེད། དེར་བརྟེན་ང་ཚོས་དངོས་གནས་གཟབ་གཟབ་ཀྱིས་གོ་སྐབས་དམ་འཛིན་ལྷོད་ཤོར་མེད་པ་གནང་དགོས་ལས། ང་དང་ཁོ། སྟོད་དང་སྨད། དབུ་མ་དང་རང་བཙན་ཞེས་དགྲར་འཛིན་གྲོང་ཚིག་བྲལ་བའི་གྲོས་མོལ་གོ་རྟོགས་བརྗེ་ལེན་སྤེལ་རེས་ཚ་ཚ་འུར་འུར་ད་དུང་ཉུང་སྐ྄ོན་ཡོད། དངོས་གནས་འཁུར་ཡོད་ཀྱི་བསམ་ཚུལ་བགྲོ་གླེང་གོ་བསྐོན་བྱ་རྒྱུ་འགན་ཉག་གཅིག་རེད། ངོས་ཀྱི་རྟོག་འཆར་འདི་ཡིན།
ཁ་སང་རང་རྡ་སར་བོད་མིང་སྤེན་པ་ཟེར་བ་གསང་ཉུལ་བ་སྤྱི་ཚོགས་མདའ་དཀྲུག་ཕུ་དཀྲུག་ལ་དོགས་ཟོན་གྱིས་འཛིན་བཟུང་འོག་དཔང་འཕེར་ཁྲིམས་གཏུགས་ཞིབ་གཏན་འཁེལ་ཚེ། ཚང་མས་དོ་ནན་གཟབ་ནན་དགོས་འདུན་ཆེ་བ་ཞུ་གི་ཡོད།
དབུ་མའི་ལམ་གྱི་སྲིད་ཇུས་ལ་འཕོ་འགྱུར་འགྲོ་དགོས་པའི་གནས་བབ་དང་དུས་བབ་སླེབས་ཚེ། ཨ་རི་མཚེ་མའི་ཁང་བཟང་གཏོར་ཤིན་ཏུ་སླ་ཡང་། གསར་བསྐྲུན་བྱ་བར་མི་རྒྱུ་དང་ལོ་ངོ་ག་ཚོད་འགོར་བ་མཁྱེན་གསལ་ལགས། རང་ཉིད་རང་བཙན་རྩོད་རུང་དབུ་མའི་ལམ་གྱི་འགལ་རྐྱེན་དུ་ཕྱིན་ན་དེ་ནི་དགོངས་པ་ཧ་ལས་པའི་གཟབ་བཞེས་བྱ་དགོས། ད་ལྟའི་ཆ་ལ་ཐབས་པམ་དེ་བཟང་ཤོས་རང་ཡིན་སྙམ་མོ།།
གང་གི་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་གནད་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ཕྱག་འཚལ་ལོ། །མཉམ་མེད་ཤཀྱཱ་སེང་གེའི་སྐུ་བལྟམས་ཐུགས་རྒྱས་གསུང་སྒྲོག་པའི་དུས་ཆེན་བླ་ན་མེད་པར་དགའ་སྟོན་འཚམས་འདྲི་ཞུ།།།།