བོད། ལྷ་ཀླུ་གཉན་གསུམ།
རྒྱ་ནག་སྲིད་གཞུང་གིས་ཉོ་མི་སྲིད་པའི་ཅ་དངོས་གང་ཡང་མེད། ཉོ་ཐུབ་པའི་སྟབས་འགྲིག་པ་ཡིན་ན། བོད་མི་རེ་རེ་བྱས་ནས་ཉོ་ངེས་ཡིན་ལ། ཉོས་པའི་གོང་ཚད་ཀྱང་གཏན་ནས་མི་ཉུང་བ་ཞིག་སྤྲོད་ངེས་ཡིན། རང་རང་གཞན་གྱིས་ཉོས་རྗེས་ནམ་ཞིག་ནོར་འཁྲུལ་དུ་ཤེས་ནས་ཕྱིར་ཉོ་རིན་ཕྱིར་སློག་བྱེད་འདོད་ཀྱང་། ཚེ་སྲོག་དང་ཁང་ཁྱིམ་ཅ་དངོས་གང་ཞིག་སྤྲད་ཀྱང་། གཏན་ནས་མི་འཕྲོད་པ་ཞིག་དུ་འགྱུར་ངེས་ཡིན། དེ་ཡིན་དུས་ད་ལྟ་བོད་མི་རྣམས་ཀྱིས་ཆེས་རྣམ་རིག་སྒྲུམ་དགོས་པའི་དུས་ཚོད་ཏག་ཏག་ཞིག་ལ་འཁེལ་ཡོད་པ་ཡིན། དུས་ཚོད་འདི་ཉིད་བོད་མི་དག་གིས་དམ་འཛིན་མ་བྱས་པ་ཡིན་ན་ནི། དངོས་ནས་མི་རིགས་ཤིག་གི་ཆོས་དང་སྐད་ཡིག རིག་གཞུང་ཡོད་ཚད། བྱམས་དང་སྙིང་རྗེ་བྲལ་བའི་སྲིད་གཞུང་ཞིག་གི་དཔལ་འབྱོར་གྱི་བྲན་གཡོག་ཁོ་ན་རུ་འགྱུར་ངེས་ཡིན། དེ་དུས་ཡོད་ཚད་ཚར་བའི་བོད་མི་རིགས་དེ་ནི། བེམ་པོ་ལས་རྣམ་ཤེས་མེད་པའི་མི་རིགས་མན་ཇུ་ལྟ་བུ་ཆགས་ངེས་རེད།
དེང་སང་རྒྱ་ནག་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྲོམ་རྭ་ལ་ཚོང་འགྲེམ་བྱེད་ཀྱི་མེད་པའི་ཅ་དངོས་ཤིག་ཕལ་ཆེར་མེད་ཚོད་དུ་ཡིན། དེ་དུས་སུ་གོང་ཡང་རྒྱལ་ཁབ་གཞན་དག་གི་གོང་ཚད་ལས་སླ་རུ་སོང་བ་དང་དཔལ་འབྱོར་ལ་དགའ་བའི་མི་རྣམས་ཀྱིས་རྒྱ་ནག་ལ་བསམ་བཞིན་དུ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། གོང་ཁེ་བའི་རིགས་ཉོ་བར་དགའ་བའི་གོམ་གཤིས་ཀྱིས་དོན་དངོས་སུ་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་དུ་འགྲོ་བར་ཞལ་འདེབས་དང་རྒྱབ་སྐྱོར་བྱས་ཡོད་པ་རེད། དེ་ལྟར་རྒྱ་ནག་སྲིད་གཞུང་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཅན་དུ་གྱུར་ནས། ད་ལྟ་ནི་འཛམ་གླིང་གི་རྒྱལ་ཁབ་གང་དུའང་རྒྱ་ནག་ནས་བཟོས་པའི་ཅ་དངོས་སླེབས་མེད་ས་མེད་ཅེས་བཤད་ན་སྐྱག་རྫུན་དུ་མི་འགྱུར་བ་ཡིན། དེ་དང་མཉམ་དུ་ཕྱོགས་སོ་སོ་ན་གནས་པའི་རྒྱལ་ཁབ་དེ་དག་གི་སྐྱེ་བོ་རྣམས་ལས་ཀ་ཤོར་བ་དང་བཟོ་ཚོང་ཁང་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྒོ་རྒྱགས་པའི་དུས་ཚོད་ཆགས་པ་རེད། སྐབས་འདི་འདྲ་ཞིག་ལ་ཁོང་ཚོས་དེ་ནི་རང་རང་སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་ལ་ལན་པ་ཡོད་པར་ངེས་འཛིན་བྱེད་ཀྱི་ཡོད་པ་རེད། དོན་དངོས་སུ་ལན་པ་དེ་ནི་མང་ཤོས་ཤིག་མི་མང་རང་ལ་ཡོད་པ་ཡིན། མི་མང་ནི་གོང་ཁེ་བོ་དང་དཔལ་འབྱོར་གྱི་ཡོང་འབབ་ལ་རྔམ་ནས་རང་གི་ས་ཐོག་གི་མིའི་འབྱུང་འགྱུར་ལ་འགན་མ་ཆགས་པའི་ཡིན།
དེ་བཞིན་དུ་དཔེ་སྟོན་གོང་དུ་ཉུང་ངུ་ཞིག་གྲངས་པ་ལྟར། བོད་མི་དག་གིས་གཟབ་པར་མ་བྱས་ན་རང་གི་གློ་སྙིང་བྲང་གསུམ་ཡང་རྒྱ་ནག་སྲིད་གཞུང་གིས་དཔལ་འབྱོར་གྱིས་ཉོ་མི་སྲིད་པ་གཏན་ནས་མིན། གལ་ཏེ། བོད་མི་ཚོས་བོད་མི་རིགས་འདི་ཉིད་ས་སྒང་འདི་ནས་གསོན་མ་གསོན་ལ་ཁྱད་པར་གང་ཡང་མེད་ཅེས་འདོད་ཀྱི་ཡོད་ན། ངས་གང་ཡང་བཤད་ཀྱི་མེད། ང་རང་ནི་ཁྱིམ་ཚང་སྒེར་བ་ཞིག་དང་བོད་མི་དཀྱིས་མ་ཞིག་ཡིན། རང་ཉིད་ལ་རང་ཉིད་ཀྱི་ཁྱིམ་ཚང་ལ་འགན་འཁུར་བའི་འགན་ལས་གཞན་གང་ཡང་མེད་ཟེར་ན་དེ་ནི་ནོར་བ་ཡིན། གལ་སྲིད། ཁྱོད་ཀྱི་མི་རྒྱུད་དང་བཅས་པ་བོད་མི་ཁྱིམ་ཚང་ཞིག་བྱེད་འདོད་ཡོད་ན། བོད་མི་རིགས་ཀྱི་ལས་དབང་ལ་འགན་འཁུར་བའི་འོས་བབ་དེ་འཁྲི་ཡོད་པ་ཡིན་ཟེར་ནས་ཞུ་འདོད་བྱུང་།
དེང་སང་རྒྱ་ནག་སྲིད་གཞུང་གིས་དཔལ་འབྱོར་གྱིས་ཉོ་བཞིན་པའི་ཁོར་ཡུག་ནི་དངོས་ནས་ཆུང་ཆུང་ཞིག་གཏན་ནས་མིན། རྒྱལ་ཁབ་སོ་སོའི་མི་མང་གི་འཚོ་གནས་དང་རྒྱལ་ཁབ་སོ་སོའི་དབུ་ཁྲིད། རྒྱལ་ཁབ་སོ་སོའི་གསར་འགོད་པ། རྒྱལ་ཁབ་སོ་སོའི་བརྙན་འཕྲིན་དང་གསར་འགོད་ཁང་སོགས་ལ་ལག་པ་གང་གཉོབ་ཅི་གཉོབ་ཀྱིས་ཉོ་བཞིན་ཡོད། གལ་སྲིད། མི་ཞིག་ལ་རང་ཉིད་འགྲོ་བ་མི་ཞིག་ཡིན། ངས་ཐོག་མའི་དམ་བཅའ་ནི་འགྲོ་བ་མིའི་ཡ་རབས་ཀུན་སྤྱོད་འདི་རྩ་བ་འཛིན་དགོས། དེ་ནས་རང་ཉིད་ཀྱི་ལས་ཀ་དང་འཚོ་གནས་སོགས་ལ་བསམ་བློ་གཏོང་དགོས་ཞེས་དྲན་མ་ཐུབ་པར། ང་ལ་དཔལ་འབྱོར་ལས་གལ་ཆེ་བ་གང་ཡང་མེད། དེ་ཡོད་ན་ཡོད་ཚད་བཟོ་ཐུབ་སྙམ་པའི་བསམ་པའི་འདུ་ཤེས་དེ་འདྲ་བསྐྱེད་པ་ཡིན་ན། འགྲོ་བ་མི་ཞིག་བྱེད་པའི་ཆ་རྐྱེན་མ་ཚང་བ་རེད་ལ། ལྷག་དོན་དུ་ད་ལྟའི་འཆར་བོད་མི་ཞིག་བྱེད་པའི་འགན་ཡང་གཏན་ནས་འཁུར་མེད་ལ། བོད་མིང་ཞིག་བསྒྲགས་ནས་བོད་གྲལ་ནས་འབུད་པ་ཡིན།
དེ་ཡིན་དུས་ད་ལྟའི་འཆར་བོད་མི་བྱེས་བསྡོད་པ་ཡོངས་ཀྱིས་རང་ཉིད་བོད་མི་ཞིག་བྱེད་པའི་འགན་ཡོད། བོད་མི་རིགས་འདི་ས་སྒང་འདི་ནས་གསོན་དགོས་ཀྱི་ཡོད། དེ་གསོན་པར་བྱེད་པ་ལ་ངས་ཀྱང་ལས་ཀ་ཞིག་བྱེད་དགོས་སྙམ་གྱི་ཡོད་ན། བོད་གཞིས་ལུས་མི་མང་གི་རྒྱབ་དུ་བླངས་དེ་འཛམ་གླིང་མི་མང་ལ་ང་ཚོ་བོད་མི་རྣམས་ལ་ཡང་འགྲོ་བ་མིའི་སྐྱིད་སྡུག་ལ་མཉམ་རོལ་བྱེད་པའི་བདག་དབང་ཡོད་པ་ངོ་སྤྲོད་བྱེད་པའི་ཆེད་དུ། བོད་མི་བྱེས་པ་ཚང་མ་ཡར་ལ་ལོངས་ཤོག ཞི་བའི་གྱེན་བླངས་བྱེད་དུ་ཤོག གཞིས་ལུས་མི་མང་སྐྱོབས་དུ་ཤོག ཞི་བདེ་དང་རང་དབང་བྲལ་བའི་མི་རིགས་འདི་ཉིད་ལ་རང་དབང་དང་ཞི་བདེ་ཐོབ་པར་འབད་འབུངས་བྱེད་པའི་འཐབ་རྩོད་བྱེད་དུ་འགྲོ
མཐའ་དོན་ངས་འདི་ནི་གསལ་བོ་ཞུ་རྒྱུ་ཞིག་ལ། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་ཆེད་དུ། མི་རིགས་གཞན་དག་གི་རང་དབང་དང་ཞི་བདེ་འཕྲོག་དུ་འགྲོ་ཟེར་གྱི་མེད། ང་ཚོ་ལ་ཡང་འདྲ་མཉམ་དང་ཐོབ་ཐང་ཞིག་དགོས་ཀྱི་ཡོད། ང་ཚོའི་མི་རིགས་ལ་ཡང་ཚེ་སྲོག་གི་རང་དབང་དགོས་ཀྱི་ཡོད་ཅེས་ཞུ་བཞིན་ཡོད།