གླིང་ཚ་ཚེ་བརྟན་རྡོ་རྗེ།
་་་་་་་་་་་་་་་་་་་་་་་་་་་་་་་་བོད་མི་ཚོས་དོན་དངོས་སུ་རང་དབང་དང་ཞི་བདེ་འདོད་ཀྱི་ཡོད་དམ་མེད།
ངས་བསམ་བློ་མང་བོ་མང་བོ་ཞིག་ཉིན་ལྟར་རང་ཉིད་བོད་ལ་སྐྱེ་བའི་འགན་འཁྲུ་དང་བོད་མི་ཞིག་ལ་བོད་ལ་སྐྱེ་བའི་འགན་འཁྲུ་ཇི་ལྟར་ཐེགས་དགོས་ཀྱི་ཡོད་མེད་དང་། བོད་མི་སྒེར་བ་ཞིག་གི་ངོས་ཐད་ནས་རང་ཉིད་ཀྱིས་རང་གི་མི་རིགས་ལ་འདི་ལ་སྲུ་ཞུ་དང་རང་ཉིད་བོད་ལ་སྐྱེི་བའི་མི་གཤིས་དང་བཟང་སྤྱོད། སྐྱེ་ནས་ད་ལྟའི་བར་དུ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ། བོད་མི་རིགས་དང་འབྲེལ་ཡོད་མེད་བཅས་ཀྱི་ཐད་དུ་བསམ་གཞིགས་ཉིན་མཚན་མེད་པར་བྱས་དེ་འོང་དུས། མི་རེ་རེ་ནས་རང་ཉིད་བོད་མི་ཞིག་བྱེད་རྒྱུ་ཡིན་མིན་དང་། བྱེད་ན་བོད་མི་རིགས་ལ་འགན་ཞིག་ཇི་ལྟར་ཁུར་དགོས་མིན། ད་དུང་ཆེས་ཉེན་ཁ་ཆེ་བའི་དུས་ཚོད་འདི་ལ་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་འདོད་མཁན་གྱི་མི་ཞིག་བྱེད་རྒྱུ་ཡིན་མིན་དེ་ཆགས་ནས་འདུག
ཐོག་མར་ངས་འདི་ནས་གསལ་བོ་ཞིག་ཞུ་ན་འདོད་པ་ནི། བོད་མི་རིགས་ཀྱི་སྐྱེ་བོ་ཡོངས་དང་ནང་སྒོས་སུ་བོད་མི་རིགས་ཤིག་བྱེད་པར་སྤྲོ་བ་ཡོད་མཁན་དང་བོད་མི་ཞིག་བྱེད་པར་དྭང་ལེན་བྱེད་པ་དང་གྲྭ་སྒྲིག་ཡོད་མཁན་གྱི་མི་ཞིག་མིན་ཚེ། ངས་མུ་མཐུད་བོད་མི་རིགས་ཀྱི་གནད་དོན་ལ་བཅིངས་པའི་སེམས་ཚོར་གྱི་སྐོར་འདི་མ་ཀློག་ན་ཆོག་ཞེས་ཞུ་རྒྱུ་དང་། དེ་མིན་པར་ད་ལྟའི་ཉེན་ཁ་ཆེ་བའི་བོད་མི་རིགས་ཀྱི་དར་རྒུད་དང་ལས་དབང་སྐྱ་བོའི་ཁྲོད་ཀྱི་མི་སྣ་ཞིག་བྱེད་པར་རང་ཉིད་ལའང་བོད་ལ་སྐྱེ་བའི་བོད་མི་སྒེར་བ་ཞིག་གི་འགན་འཁྲུ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཚེ། བདག་གི་བསམ་ཚུལ་དང་ཉམ་མྱོང་ལས་བྱུང་བའི་ཟིན་བྲིས་འདི་ག་ལེར་ཞིབ་དུ་ཐེངས་འགར་ཀློག་རྗེས། གཟོད་ནས་རང་རང་གི་བསམ་ཚུལ་གླེང་བ་དང་ལག་ལེན་ཁྲོད་དུ་འདེབས་དགོས་པ་དང་འདེབས་ཐུབ་པའི་རིགས་ལ་གོམ་འདྲིས་བྱེད་རོགས་ཞུ།
དང་བོ་ནི། ད་ལྟའི་འཆར་འདི་ལ་བོད་མི་མི་རེ་ངོ་རེ་ནས། རང་ཉིད་ལ་བོད་མི་རིགས་ལ་རང་དབང་དང་ཞི་བདེ་ཐོབ་པར་འབྲས་པུ་ཞིག་དགོས་པ་ངོ་མ་ཡིན་ན་དེ་ཡི་ཐད་དུ་བསམ་གཞིགས་ནན་ཏན་བྱེད་པའི་དུས་སུ་འཁེལ་ཡོད་པ་དེ་ངོ་ཤེས་པ་བྱེད་རྒྱུ་དང་ངོ་ཤེས་པ་ནས་རང་ཉིད་སྐྱེ་བོ་སྒེར་ཞིག་གི་མི་ཚེའི་ཁྲོད་ནས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་ཇི་ལྟར་བག་ཆགས་འཇོག་ཐུབ་མིན་དང་འགན་ཇི་ལྟར་ཁུར་ཐུབ་མིན་གྱི་གནད་དོན་བཅས་ལ་ཞིབ་ཚགས་པོའི་སྒོ་ནས་ངེས་པ་རྙེད་དགོས་པ་དེ་ཡིན། ད་དུང་། རང་ཉིད་སྐྱེ་བོ་སྒེར་ཞིག་ལ་མི་རིགས་ཤིག་གི་གནད་དོན་འཁྲུ་མེད་ལ། མི་སྒེར་གཅིག་གིས་མི་རིགས་ཤིག་གི་གནད་དོན་ལ་གང་ཡང་ནུས་མི་སྲིད་བསམ་པའི་བསམ་བློ་དེ་ཡང་ཏག་ཏག་བསྡད་ཡོད་མེད་ལ་རང་ཉིད་ནས་བརྩད་འཚོལ་ནན་གྱིས་བྱས་པ་ཡིན་ན། ད་གཟོད་རང་ཉིད་བོད་མི་རིགས་ཤིག་ཆགས་རྒྱུ་དང་ཆགས་ཡོད་མེད། ཆགས་ཡོད་ན་དེ་ཡི་འགན་ཇི་ལྟར་ཉིན་རེའི་འཚོ་བ་ཚུན་ཆད་དུ་ཁུར་དུ་བླངས་ཡོད་མེད་བཅས་ཡིན།
གཉིས་པ་ནི། ང་རང་གིས་ད་ལྟའི་འཆར་མུ་མཐུད་དུ་འདི་ལྟར་ཞིབ་ཚགས་པོའི་སྒོ་ནས་བལྟས་དེ་འོང་དུས། བོད་མི་རྣམས་ཀྱིས་དོན་ངོ་མའི་ཐོག་ནས་བོད་མི་རིགས་ལ་རང་དབང་དང་ཞི་བདེ་འདོད་ཀྱི་ཡོད་མེད་དེ་ཡིན། སྐད་ཆ་འདི་ལྟར་བཤད་དུས། བོད་མི་སུས་ཀྱང་ང་ལ་སུས་བོད་མི་རིགས་ལ་ཞི་བདེ་དང་རང་དབང་མི་འདོད་པ་ཡིན། དེ་ལྟར་ཡིན་མི་སྲིད། ཁྱོད་རང་གིས་ལོག་བཤད་བྱེད་ཀྱི་འདུག་ཟེར་ངེས་ཡིན། ཐད་ཀར་བལྟས་ན་འདྲ་བོ་ཞིག་ཡིན་ཡང་། དོན་དངོས་སུ་བོད་མི་རྣམས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་འདོད་ཀྱི་ཡོད་མེད་དེ་ནི་ལག་ལེན་སྟེང་ནས་ར་སྤྲོད་བྱེད་དགོས་པ་དེ་ཡིན། ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱེད་མ་ཐུབ་པ་འདིས་དོན་དག་གཞན་ཞིག་བསྟན་ཡོད་པ་ཡིན། དེས་ན་ཁ་ཤས་ཀྱིས་བོད་ནང་གི་ཞི་བའི་མེ་ལྕེ་དེ་དག་གིས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་རྩོད་ཀྱི་མེད་དམ་ཟེར་སྲིད་ངེས་ཡིན། དེ་ནི་སྐྱེ་བོ་སྒེར་བ་མི་ཉུང་བ་ཞིག་གིས་མི་རིགས་ལ་སྤར་བའི་ཞི་འབོད་ཀྱི་མེ་ལྕེ་དང་རང་ཉིད་ཀྱི་ཚེ་སྲོག་ལས་གཞན་གང་གིས་ཀྱང་ཚབ་མཚོན་མི་ཐུབ་པའི་དུས་ཚོད་དེ་ལ་ངེས་ཟིན་ཐོབ་ནས་ཞི་འབོད་ཞུས་པ་བདེན་ན་ཡང་། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་རྒྱལ་ཁ་ཐོབ་པར་བོད་མི་སྐྱེ་བོ་ཡོངས་ཀྱི་འགན་འཁྲུ་ཁུར་དུ་མ་བླངས་པར་དུ། དེ་ལྟར་དུ་ཞི་བའི་མེ་ལྕེའམ། གཞན་ཕམ་གྱི་མེ་ལྕེ་ཡི་གྲངས་ཀ་མང་དུ་གཏོང་བ་ལས། བོད་མི་རིགས་ལ་རང་དབང་དང་ཞི་བདེ་ཐོབ་རྒྱུ་ནི་ཧ་ཅང་ཐག་རིང་དུ་ལུས་ཡོད་པ་རེད།
གསུམ་པ་ནི། ད་ལྟའི་འཆར་བོད་མི་སྐྱེ་བོ་ཡོངས་ཀྱིས་དོན་དངོས་ཀྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ཞིང་བཞུགས་པའི་དུས་ཚོད་འདི་ལ་རང་ཡུལ་ཁ་བ་ཅན་གྱི་ལྗོངས་སུ་སྐུ་ངོ་མ་གདན་ཞུ་བྱེད་འདོད་ཡོད་མེད་དེ་ཆགས་ཡོད་པ་དེ་རེད། དེ་ཡང་བོད་མི་དག་གིས་དེ་ལྟར་མི་འདོད་པའི་བོད་མི་ཞིག་ཕལ་ཆེར་དཀོན་ཚོད་ཡིན་ཟེར་ངེས་ཡིན། སྐད་ཆ་དེ་ཡང་ངས་བདེན་པར་མཐོང་གི་མི་འདུག ཕྱོགས་སྣེ་རེ་ཟུང་ནས་ཚོགས་སྤྱི་དང་གཞུང་སྒེར་གང་རུང་གི་མིང་ཐོག་ནས་གྲོས་ཆོད་དང་ཤོག་ཐོག་གི་སྐད་ཆ་རེ་ཡོད་ཀྱང་། དོན་དངོས་པོའི་ཐོག་ནས་བོད་མི་མི་རེ་ངོ་རེ་ནས་ཉིན་རེའི་འཚོ་བའི་ནང་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་རྒྱུའི་ཐད་དུ་གང་ཞིག་བྱེད་ཐུབ་ཀྱི་ཡོད་མེད་དང་། ཉིན་རེའི་འཚོ་བའི་ནང་དུ་ཐ་ན་༧གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་འཚོ་བ་ཞིག་བསྐྱེལ་ཐུབ་ཡོད་མེད་སོགས་ནི་སྐྱེ་བོ་སྒེར་སོ་སོ་ལ་ལྐོག་དུ་གྱུར་བ་མིན་པས་ཐུགས་སུ་ཞུ་དག་ནན་གྱིས་ཞུས་པ་ཡིན་ན་གཟོད་ནས་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་སྐུ་ཞིང་གཞན་དུ་མ་ཕེབས་གོང་དུ་བོད་ཁ་བ་ཅན་ལ་ཕེབས་པར་རེ་བ་ཡོད་ངེས་ཡིན། དེ་ལྟར་མ་ཐུབ་པའི་ཆེས་ནག་ཉེས་ཀྱི་ལོ་ཟླ་ཞིག་བྱུང་དུས། བོད་མི་སྐྱེ་བོ་ཡོངས་ཀྱི་སེམས་ཁོང་དུ་ན་ཟུག་དེ་ནི་གློ་བུར་བ་དང་བཟོད་དུ་མེད་པ་ཞིག་གྱུར་དུས་ཀྱི་ནམ་ཟླ་དེ་ལ་སུ་ཡིས་འགན་འཁུར་ལེན་ཐུབ་ངེས་ཡིན། ང་རང་གིས་ངོས་ནས་འདི་ལྟར་ཞུ་ན་འདོད་ཀི གལ་སྲིད། ༧གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་བ་ཚང་བོད་ལ་གདན་འདྲེན་བྱེད་མ་ཐུབ་ཚེ། ང་ཚོ་བོད་མི་རྣམས་ལ་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་དགོས་ཀྱི་མེད་ལ། དགོས་ཀྱང་ང་ཚོ་ལ་དབང་ཡང་མི་སྲིད་པ་ཡིན་ཞེས་ཞུ་རྒྱུ་ཡིན་ལ། ང་རང་སྒེར་ངོས་ནས་༧གོང་ས་སྐུ་ཕྲེང་འདི་བ་ཚང་ནི་བོད་མི་རིགས་ཀྱི་མགོན་དུ་བཀུར་བའི་༧རྒྱང་མཆོག་སྐུ་ཕྲེང་ཆེས་མཇུག་མ་དེ་ཡིན་པར་ངེས་འཛིན་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་བདག་པོ་མི་ཐུབ་པའི་ནོར་བུ་ཞིག་ང་ཚོ་ལ་དགོས་དོན་མི་འདུག་པ་དེ་ཡིན།
བཞི་བ་ནི། ཆུང་བྱིས་པའི་སྟེང་ནས་བོར་བརླག་དུ་སོང་བའི་ཆུང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་རེད། བོད་མི་དག་གིོས་ཁོང་ལ་དད་གུས་བླ་མེད་ཡོད་པར་དུས་རྒྱུན་དུ་ངག་ཐོག་དང་ཡིག་ཐོག་ནས་འཛམ་གླིང་མི་མང་ལ་བཤད་ཀྱི་ཡོད་པ་རེད། དོན་དངོས་སུ་ད་ལྟའི་བར་དུ་མི་ལོ་ཉེར་གསུམ་ལྷག་གི་རིང་དུ་བྱིས་པ་ཉེས་མེད་ཅིག རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་། ཤི་གསོན་ཙམ་གྱི་གནས་ཚུལ་ཡང་རེག་མེད་པ་འདིས། ང་ཚོ་བོད་མི་རྣམས་ཀྱིས་ཁོང་ལ་དད་གུས་ག་ཚོད་ཅིག་ཡོད་མེད་ཀྱི་གནད་དོན་དེ་ཡི་སྟེང་ནས་ཁ་གྲགས་ཡོད་པ་རེད། ང་ཚོ་བོད་མི་དག་ལ་ད་ལྟའི་བར་དུ་ཤེས་ཡོན་པ་དང་མཁས་དབང་། འཛམ་གླིང་གི་ས་ཕྱོགས་གང་སར་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་སོགས་ཆེས་མི་ཉུང་བ་ཞིག་ཡོད་ཀྱང་། ཆུང་སྤྲུལ་རིན་པོ་ཆེ་ཡི་གནད་དོན་ལ་ཡང་དོ་ཁུར་ནན་ཏན་གྱིས་ཁྲིམས་ཐོག་དུ་བསྐྱལ་ནས་དྲང་བདེན་གྱི་སྐད་ཆ་བཤད་ཐུབ་པའི་འཛམ་གླིང་གི་སྐྱེ་བོ་དྲང་བདེན་པ་ཞིག་ཀྱང་ང་ཚོའི་རྒྱབ་དུ་ཉིན་མཚན་ལྟོས་མེད་དུ་བླང་མཁན་ཞིག་རེག་མེད་པ་རེད། ང་ཚོས་ད་ལྟའི་བར་དུ་ཞི་འགྲིག་དང་ཞི་མོལ་ཟེར་མཁན་གྱི་ཚོགས་སྡེ་མི་ཉུང་བ་ཞིག་ཡོད་ཀྱང་། སྐད་ཆ་དངོས་ཀྱི་སྟེང་ནས་རང་ཉིད་ཚོགས་པ་སྐྱིད་སྡུག་དེ་དག་གི་འགོ་ཁྲིད་ནས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་བག་ཆགས་ཡག་པོ་གང་ཞིག་འཇོག་ཐུབ་མིན་དང་ཐུབ་ཀྱི་ཡོེད་མེད་བཅས་ལ་རང་རང་གི་ཉིན་རེའི་འཚོ་བའི་ནང་ནས་ཕྱིར་བལྟས་བྱེད་ཐུབ་རྒྱུུ་དེ་ནི་ལྡོག་དུ་མེད་པའི་ལས་འགན་རེད་ལ། ཆུང་སྤྲུལ་རིན་པོ་ཆེ་མཆོག་གི་གཙོ་བའི་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་རྒྱའི་བཙོན་འོག་དུ་ཉིན་མཚན་ངོ་མ་ཤེས་པར་བསྡོད་མཁན་དག་གི་མགྲིན་ཚབ་པ་བྱེད་ཐུབ་པར་ཡིད་ཆེས་བྱེད་ཆོག་པ་ལས། དེ་མིན་ང་ཚོས་ལག་ལེན་གྱི་སྟོང་བའི་ཚོགས་སྡེ་དང་མི་སྒེར་སུས་ཀྱང་བོད་དོན་དུ་སྐད་ཆ་བཤད་ཤེས་པ་དེ་ཙམ་གྱིས་ཕན་ཐོག་བྱུང་གི་ཡོད་མེད་དེ་ནི་རང་རང་སོ་སོ་ངོས་ནས་ལན་འདེབས་བྱས་ན་འཐུས་པ་ཡིན།
ལྔ་བ་ནི། སྤྱིར་ན་གཞིས་བྱེས་གཉིས་སུ་གྱེས་པ་ནས་བཟུང་། བྱེས་ཀྱི་བོད་མི་དག་གིས་བོད་གཞིས་པ་དག་གི་ཚབ་བྱེད་ཐུབ་པའི་བྱ་བ་ཆེས་མང་བོ་ཞིག་ཀྱང་སྒྲུབ་ཡོད་ལ། ད་ལྟ་སྒྲུབ་དང་སྒྲུབ་བཞིན་པ་ཁག་གཅིག་ཀྱང་ཡོད་། ཕྱོགས་ངོས་གཞན་ནས་སྐད་ཆ་ཐད་ཀར་ནས་ཞུས་ན། བོད་གཞིས་པ་དག་གིས་བཙན་འོག་ནས་སྒྲུབ་ཟིན་པ་དང་སྒྲུབ་བཞིན་པ་མང་བོ་ཞིག་བྱེས་ནས་དུས་ད་ལྟའང་བྱེད་ཐུབ་མེད་པ་དེ་ནི་མངོན་སུམ་ལ་བཀུར་བ་བཏབས་པ་དེ་འདྲ་རྩ་ནས་མིན་པར་བོད་མི་རིགས་ཀྱི་འགན་འཁྲུ་ལ་བསམ་བཞིགས་དུས་རྒྱུན་དུ་བྱེད་མཁན་ཞིག་གི་ངོས་ནས་ཤེས་ཀྱི་ཡོད་པ་རེད། དཔེར་ན། བྱེས་ཀྱི་སློབ་གྲྭ་ཁག་ནས་བོད་རང་གི་སྐད་དང་ཡི་གེ་ལ་བྱང་ཆུབ་པའི་སློབ་མ་ཞིག་ཕལ་ཆེར་ད་ལྟའི་བར་དུ་{བཙན་བྱོལ་ནས་སྐྱེ་བ་དང་ཆུང་དུས་བོད་ནས་ཁྲིད་ཡོང་བའི་བྱིས་པ་ཚོ}བསྐྱེད་སྲུང་བྱེད་ཐུབ་པ་དེ་ནི་དངོས་ཡོད་གནས་ཚུལ་ཆགས་ཡོད་ལ། ༧གོང་ས་མཆོག་གི་བོད་མི་ལ་སྒེར་གྱི་སློབ་གྲྭ་དགོས་པའི་དགོས་དོན་བཏོན་པའི་དམིགས་ཡུལ་དེ་ཡང་འགྲུབ་མེད་པ་རེད། དུས་ད་ལྟའང་བོད་གཞིས་དང་བྱེས་གཉིས་ནས་བསྡུར་ནས་བལྟས་ན། བོད་ནང་གི་བྱིས་པ་དག་གིས་བོད་ཀྱི་སྐད་ཡིག་གི་གོ་རྟོག་དང་བྱེས་ཀྱི་བྱིས་པ་དག་གི་སྐད་ཡིག་གི་གོ་རྟོག་དང་བོད་མི་རིགས་ལ་བཅིངས་པའི་འདུ་ཤེས་ཟབ་མིན་གྱི་བར་ཁྱད་ནི་ཧ་ལས་པའི་ཁྱད་པར་ཤོར་གྱི་ཡོད་པ་དེ་ཡང་། བཙན་བྱོལ་གྱི་སློབ་གྲྭ་དག་གི་ཁོར་ཡུག་སློབ་གསོ་དང་མི་རིགས་རང་ལུགས་ཀྱི་གོམ་གཤིས་ལ་བག་ཆགས་འཇོག་མ་ཐུབ་པའི་ནག་ཉེས་ཤིག་ཆགས་ནས་ཡོད་པ་དེ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་མི་རིགས་ཀྱི་འཆི་གསོན་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་ས་ནི་བོད་གཞིས་ལུས་མི་མང་ཆགས་ཡོད་དུས། གཞིས་མི་མང་གསོན་མ་ཐུབ་པའི་ཉིན་མོ་དེར། བོད་མི་རིགས་འདི་ས་སྒང་འདི་ནས་ཤི་བར་ཕྱོགས་པ་དེ་ཡིན།
དྲུག་པ་ནི། དམིགས་སུ་བཀར་ནས་བོད་བྱེས་པ་དག་གིས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་འདོད་ཀྱི་ཡོད་པ་དེ་བདེན་པ་རེད་ཟེར་ནས་ཁས་ལེན་དགོས་པའི་ཉིན་མོ་ཞིག་ཤར་དགོས་པ་ཡིན་ན་ནི། ད་ལྟའི་འཆར་བོད་བྱེས་ཀྱི་སྤུན་ཟླ་ངེད་ཅག་ལ་བོད་མི་རིགས་ཀྱི་ཞི་བདེ་དང་རང་དབང་ཆེད་དུ་ལས་ཀ་བྱེད་རྒྱུ་ཆེས་མང་བོ་ཞིག་ང་ཚོའི་མདུན་དུ་ལུས་ཡོད་པ་ལས་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་པས་གང་ཡང་བྱེད་རྒྱུ་མི་འདུག་ཟེར་ནས་བསྡད་པ་ཡིན་ན་ནི། གཏན་ནས་ཡོང་ཐབས་མེད་པ་ནི། ང་ཚོ་འདི་ལྟར་ཁ་རོག་གེར་གཞན་ཡུལ་ནས་འཆི་རྒྱུ་ཡིན་ཟེར་བ་དང་ཁྱད་པར་མེད་པ་རེད། ང་ཚོས་གཞན་ལ་བསྟུན་དགོས་པ་བདེན་པ་ཡིན་ལ། གཞན་ལ་བསྟུན་རྒྱུའི་ཆེད་དུ་ང་ཚོས་རང་མི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་རྩོད་ལེན་བྱེད་པའི་དམ་བཅའ་དེ་དག་གཏིང་བརྗེད་དུ་སོང་ན་ནི་བོད་མི་རིགས་ལ་སྐྱེ་བའི་འགན་མ་ཁུར་བ་དང་། གཞིས་ལུས་མི་མང་གི་མགྲིན་ཚབ་དུ་བསྡད་ཡོད་ཅེས་རྟག་པར་བཤད་ཀྱིན་པའི་སྐད་ཆ་དེ་དག་ཡང་སྐྱག་རྫུན་ཁོ་ན་ཞིག་ཆགས་པ་རེད། ང་ཚོ་ལ་དངོས་ནས་རང་དབང་དང་ ཞི་བདེ་དགོས་པ་བདེན་པ་ཡིན་ན་ནི། ང་ཚོ་ལ་ཞི་བདེ་དང་རང་དབང་མེད་པ་འཛམ་གླིང་མི་མང་ལ་ཡིག་ངག་གཉིས་དང་། ལུས་སེམས་གང་ཅིའི་ཐད་ནས་སེམས་འགུལ་ཐེབས་པའི་ཞི་བའི་འཐབ་རྩོད་དག་རིམ་མཐུད་ཀྱིས་སྤེལ་དགོས་པ་དང་སྤེལ་སྟངས་ཀྱི་གཞི་རྒྱ་ཆེ་རུ་གཏོང་བ། སྤེལ་བའི་མི་གྲངས་ཀྱི་ཚད་ཀྱང་གཅིག་ནས་བཅུ་དང་བཅུ་ནས་བརྒྱ། བརྒྱ་ནས་སྟོང་ཕྲག་མང་བོ། ཉིན་ཞིག་བྱེས་ཀྱི་བོད་པ་ཡོངས་རྫོགས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཆེད་དུ་སྐད་འབོད་བྱེད་ཐུབ་སོང་བ་ཡིན་ན། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཐོབ་པར་ངས་ཡིད་ཆེས་བྱེད་རྒྱུ་ཡིན་ལ། འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་༧གོང་ས་མཆོག་རང་ཡུལ་ལ་ཕེབས་ཐུབ་རྒྱུར་ཡང་འཛམ་གླིང་མི་མང་གིས་རྒྱབ་སྐྱོར་ཏན་ཏན་ཐོབ་ངེས་ཡིན་ཞེས་ཞུ་རྒྱུ་ཡིན། དེ་མིན་ལུས་ངག་ཡིད་གསུམ་གང་ལ་ཡང་འགུལ་བསྐྱོད་ཀྱི་བློས་གཏོང་མེད་པའི་མི་རིགས་ཀྱི་འཐབ་རྩོད་ལ་ནམ་ཡང་རྒྱལ་ཁ་ཞིག་མེད་པ་ཐུགས་སུ་འཛིན་རོགས་ཞུ།
བདུན་པ་ནི། རང་རེ་རྣམས་མེས་པོ་དམ་པ་དག་གི་ཤུལ་འཛིན་ཡིན་མིན་དེ་དང་ཤུལ་འཛིན་ངོས་ནས་བྱེད་ཐུབ་མིན་གྱི་གནད་དོན་དེ་ཡིན། དེ་ནི་གཙོ་བོ་རིགས་རུས་འདྲིས་མིན་ལ་དེ་འདྲའི་གལ་ཆེན་པོ་ཆགས་ཡོད་མེད་ཀྱི་གནད་དོན་དེ་ཡིན། དེང་གི་དུས་སུ་རིགས་རུས་དེ་འདྲའི་གཙོ་གནད་དུ་མ་བཟུང་ན་འགྲིག་མོད། འོན་ཀྱང་། རང་རེས་བོད་མི་རྣམས་ལ་མཚོན་ན་མི་གྲངས་ཉུང་བའི་སྒང་ལ་ད་ལྟའི་འཆར་འཛམ་གླིང་གང་སར་འཐོར་བཤིག་དུ་འགྲོ་བའི་ཉེན་ཁ་ཞིག་བྱུང་གི་ཡོད་པ་དེ་ཡི་ཁྲོད་དུ་གནས་ཡོད་དུས། ཐོག་མར་རང་གི་རིགས་སུ་གཉེན་སྒྲིག་བྱེད་ཐུབ་བྱེད་རྒྱུ་དེ་ནི་གལ་ཆེན་པོ་ཆགས་ཡོད། དེ་ཙམ་གྱིས་མ་ཟད། གནས་སའི་ཁོར་ཡུག་ནི་དེ་བས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་ཡིན། ཕ་མ་གཉིས་ཀ་བོད་རིགས་གཙང་མ་ཡིན་པ་དེ་ཙམ་གྱིས་བོད་རིགས་གཙང་མ་ཞིག་ཡོང་ཐུབ་མེད། དཔེར་ན་ཨ་རིར་གནས་པའི་བོད་མི་བཟའ་ཚང་གཉིས་ཀྱི་བུ་ཕྲུག་དག་གིས་བོད་སྐད་བཤད་རྒྱུར་དཀའ་ངལ་འཕྲད་ཡོད་པ་ལྟ་བུ་ཡིན། བོད་ཀྱི་གོམ་གཤིས་ཡོད་པ་ཞིག་ཕར་ཞོག ཐ་ན་རང་གི་སྐད་བཤད་མི་ཤེས་པའི་མི་རིགས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཕ་མ་གཉིས་ཀ་བོད་མི་ཡིན་པ་གང་ཞིག་ལ་གནས་སའི་ཁོར་ཡུག་བོད་ཀྱི་ཁོར་ཡུག་ཡོད་ས་ཞིག་ཆགས་དགོས་ཀྱི་ཡོད་པ་དེ་ཡིོན། རྒྱུ་མཚན་དེ་ལ་བརྟེན་ནས་བོད་མི་རྣམས་རང་ཡུལ་ནས་འཚོ་བསྡོད་བྱེད་པའི་ཐད་དུ་འགན་ཁུར་བ་དེ་ནི་བོད་ལ་སྐྱེ་བའི་བོད་མི་སུ་ཞིག་བོད་མི་རིགས་ཀྱི་ཤུལ་འཛིན་བྱེད་འདོད་ཡོད་པ་རྣམས། རང་ས་རང་ཡུལ་ནས་ཁོར་ཡུག་བསྐྲུན་དགོས་པ་དེ་ཡིན། དེ་ལྟར་མ་ཐུབ་པའི་ཉིན་མོ་དེར་རང་གི་རིགས་རྒྱུད་རང་གིས་མེད་པར་བཟོ་བཞིན་ཡོད་པ་དེ་ནི་དངོས་ཡོད་འཚོ་བའི་ར་སྤྲོད་ཡིན་པའི་ཞིབ་དུ་བརྟག་པར་ཞུ། ལྷག་དོན་དུ་གཞན་ཡུལ་ནས་འདུག་ཡུན་ཅི་ཙམ་རིང་ན་དེ་ཙམ་གྱིས་གཞན་མིར་འགྱུར་བར་ཐག་ཉེ་བ་ཡིན་པ་ཤེས་པར་གྱིས་ཤིག
བརྒྱད་པ་ནི། ང་ཚོ་བོད་མི་ཞིག་བྱེད་པ་དེ་ནི་དགེ་མཚན་ཡོད་མེད་དེ་རེད། བོད་མི་རིགས་འདི་ས་སྒང་འདིར་གནས་པ་ལ་རིན་ཐང་ཡོད་མེད་དེ་ཡིན། མི་རིགས་གཞན་དག་ཆེས་མང་བོ་ཞིག་གི་གོམ་གཤིས་དང་སྲོལ་རྒྱུན་དང་བསྡུར་ནས་འོང་དུས་ང་ཚོ་བོད་མི་རྣམས་ཀྱང་དེ་དག་ལས་ཕྱུགས་པ་མེད་ན་སྐྱོ་བ་མེད་པའི་ངེས་ཤེས་ཀྱི་སྟེང་ནས་རང་ཉིད་བོད་མི་ཞིག་བྱེད་པ་དང་བྱེད་པ་ལ་ངོ་ཚ་དགོས་པ་དང་བག་འཁུམ་དགོས་པ་དེ་འདྲ་མེད་པ་ཤེས་ཀྱི་ཡོད། དེ་ཡིན་དུས་མི་རིགས་གཞན་དག་བཞིན་ང་ཚོ་ཡང་ས་སྒང་འདི་ན་གསོན་རིན་ཡོད་པ་ཤེས་དགོས་པ་དེ་ཡིན། སྐད་ཡིག་དང་རིག་གཞུང་གི་སྟེང་ནས་བལྟས་དེ་འོང་དུས་མི་རིགས་འདི་ས་སྒང་འདི་ནས་གསོན་ན་དོན་སྙིང་ཡོད་མེད་ལ་བརྟག་དཔྱད་བྱས་པ་ཡིན་ན། དེ་ཡང་མི་རིགས་གཞན་དག་གི་རིག་གཞུང་དང་སྐད་ཡིག་གི་གནས་ཚད་ལས་འབུར་དུ་ཐོན་པ་ཤ་སྟག་ཡིན་ཟེར་ནས་བཤད་ཁག་ཀྱང་། དེ་དག་ལས་དམའ་བ་མེད་པའི་གོ་རྟོགས་ཟབ་མོ་དེ་སླེབས་པ་ཡིན་ན། གཟོད་ནས་བོད་མི་རིགས་འདི་ཉིད་ས་སྒང་འདིར་གནས་པ་ལ་སྙིང་བོ་ཡོད་པ་དང་རྒྱུ་མཚན་ལྡན་པ་སོགས་ཀྱི་ངེས་པ་ཁོངས་དུ་ཆུབ་ངེས་ཡིན། དེ་འདྲའི་མི་རིགས་ཤིག་གིས་གཞི་ནས་རང་མི་རིགས་ཀྱི་འདུ་ཤེས་ཟབ་ས་དང་ཚོར་བ་སྙི་ས་ནས་ལྟ་བའི་མིག་ཟུང་ཡོད་པ་ཡིན། མི་དེའི་རིགས་ཀྱི་གཞི་ནས་ཕྱོགས་རུས་དང་རྒྱལ་ཕམ་རྩོད་ཀྱི་མེད་པར། མི་རིགས་ཤིག་གི་གསོན་གནས་ཀྱི་རིན་ཐང་རྩོད་ཀྱི་ཡོད་ལ། དེ་ཡི་ཆེད་དུ་རང་གི་ལུས་ངག་ཡིད་གསུམ། ཚེ་འདིའི་རྒྱུ་དངོས་སྤྱོར་གསུམ་ཡོད་ཚད་དེ་ཡི་ཆེད་དུ་བློས་གཏོང་བྱེད་པར་དུས་རྟག་དུ་གྲྭ་སྒྲིག་བྱེད་ཀྱི་ཡོད་པ་ཡིན། ང་ཚོས་འདི་ལྟར་རང་གི་མི་རིགས་ཀྱི་རིན་ཐང་དང་འཚོ་གནས་ཤེས་པ་ཡིན་ན། གཞན་ཡུལ་དང་བཙན་གནོན་འོག་གང་དུ་གནས་ཀྱང་བདེན་པའི་ཆེད་དུ་སུ་ལའང་འཇིགས་པ་མེད་པའི་བློ་སྟོབས་ཤིག་རྙེད་ནས་བདེན་པའི་སྟོབས་ལ་སེམས་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་ངེས་ཡིན། དེ་ལྟར་ཡིན་དུས་མི་རིགས་ཤིག་ལ་རང་ཉིད་ཀྱི་འཚོ་ཡུལ་གཏན་པོ་ཞིག་ཡོད་རྒྱུ་དེ་ནི་ཆེས་མེད་དུ་མི་རུང་བ་ཡིན།
དགུ་བ་ནི། ཕ་མ་དག་གིས་ཆུང་དུས་ནས་རང་གི་བྱིས་པ་དག་ལ་རང་ཉིད་གང་ནས་འོང་བ་དང་མི་རིགས་གང་གི་ཁུངས་སུ་གཏོགས་པ་སོགས་ཀྱི་ལོ་རྒྱུས་དག་བདེན་པ་རང་ལ་གཞི་བཅོལ་ནས་བཤད་རྒྱུ་དང་མི་ཟེར་བ་འདི་ལ་བདེན་པ་ལས་ལྷག་པའི་རིན་ཐང་ཞིག་གཏན་ནས་མེད་པ་དང་དེ་ཉིད་རྩོད་ལེན་བྱེད་རྒྱུ་ནི་ཆུང་བྱིས་པའི་དུས་ནས་གྲྭ་སྒྲིག་དགོས་པའི་བསླབ་བྱ་གནང་རྒྱུ་དེ་ནི་ཆེས་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེ་མིན་ཆུང་དུས་ནས་བཅར་བརྡུང་དང་ཚིག་རྩུབ། སྒོར་མོ་དང་དབལ་འབྱོར་སོགས་འཚོ་གནས་ཀྱི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་པར་བཤད་མཁན་གྱི་རིགས་ནི་མིའི་རིགས་ཀྱི་འདུ་ཤེས་ལ་ནོར་འཁྲུལ་ཤོར་བའི་ཕ་མ་དག་ཆགས་ཡོད་ལ། དེ་དག་གིས་བསྐྱེད་སྲུང་བྱས་པའི་བུ་ཕྲུག་ཚོ་ནི། གཏུམ་དྲགས་ཆེ་བ་དང་ཆེ་བཀུར་ཆུང་བྱམས་མེད་པ། རྒྱུ་དངོས་ལས་ལྷག་པའི་ཆེས་རིན་ཐང་ཆེ་བའི་བདེན་པ་ཟེར་བ་ཞིག་ཡོད་པ་བློ་ཡུལ་དུ་ཤར་ཐུབ་ཀྱི་མེད་པས་ནོར་འཁྲུལ་གྱིས་ཁྱིམ་དང་ཉེ་འབྲེལ་སྡུག་ལ་སྤྱོར་བ་དང་། ངོ་ཤེས་དང་གྲོགས་ཉེ་དུ་བར་དུ་འགལ་ཟླ་བཟོ་མཁན་དུ་གྱུར་བཞིན་ཡོད་པ་དེ་ནི། ཆུང་དུས་ནས་མི་གཤིས་ལ་བདེན་པ་མ་བསླབས་པའི་ཕ་མ་དག་གིས་ནོར་འཁྲུལ་ཡིན། ད་ལྟའི་འཆར་བོད་མི་དག་གིས་ཀྱང་ནོར་འཁྲུལ་འདིི་ཡི་སྒོ་མོ་ཤུགས་ཆེ་རུ་ཕྱེ་ནས་ཡོད་པ་དེ་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་གོམ་གཤིས་དང་ཐག་རིང་དུ་སོང་བ་དང་། བོད་མི་རིགས་ཀྱི་རིག་གཞུང་གི་རིན་ཐང་མ་ཤེས་པའི་ནོར་འཁྲུལ་དུ་ཆགས་ཀྱི་ཡོད་ལ། བོད་མི་རིགས་ལའགན་འཁུར་བའི་འདུ་ཤེས་ཀྱི་ཚོར་བ་ཟབ་མོ་དེ་བོར་ལ་ཉེ་བ་སྟོན་གྱི་ཡོད་པ་རེད། འཇིག་རྟེན་འདིའི་སྟེང་གི་བྱིས་པ་དག་གི་དགེ་རྒན་ཐོག་མ་དེ་ནི་ཕ་མ་གཉིས་ཀ་ཡིན་པར་འཇིག་རྟེན་ཡོངས་གྲགས་ལྟ་བུ་ཞིག་ཆགས་ཡོད་པ་རེད། ཕ་མ་གཉིས་ཀྱིས་ནང་གི་འགྲོ་འདུག་སྤྱོད་གསུམ་ནི་རང་གི་བྱིས་པ་ཁྲིད་བཞིན་པའི་ཉིན་རེའི་འཚོ་བའི་ནང་གི་སློབ་ཁྲིད་དུ་ཆགས་ཡོད་པ་ཤེས་དགོས་པ་ཡིན། དེ་ལྟར་མ་ཤེས་པར་ཕ་མ་གཉིས་ཀྱིས་དུས་རྒྱུན་དུ་ཤོ་སྤག་རྩེད་བ་དང་ཁ་རྩོད་རྒྱགས་པ། ཆང་རེག་ཚོད་མེད་དུ་སྤྱད་པ་ཡིན་ན་ནི། དེ་ཡི་མཇུག་འབྲས་ནི་བུ་ཕྲུག་གིས་མྱོང་དགོས་པ་དེ་ཡིན། དེ་ཡིན་དུས་ཉིན་རེའི་འཚོ་བའི་ནང་དུ་ཕ་མ་གཉིས་ཀ་ནི་བྱིས་པའི་སློབ་དཔོན་ཆགས་ཡོད་པ་རེད།
བཅུ་བ་ནི། མི་ཁ་ཤས་ཀྱིས་ངའི་སྐད་ཆ་འདི་དག་ཀློག་ནས་འོང་དུས། དོན་ལ་མི་བལྟ་བ་དང་གནས་ལུགས་དང་རྒྱུ་མཚན་ལ་མི་དཔྱད་པར། མི་ངན་ཁོས་ག་རེ་འཇོན་ཡོད་དམ་ཟེར་སྲིད། ང་རང་ཁྱེད་ཅག་བཞིན་མི་སྤྱིར་བཏང་བ་ཞིག་ཡིན་ལ། རང་ཉིད་ཀྱི་འཚོ་བའི་རྒྱུད་རིམ་ཁྲོད་ནས་དར་རྒུད་ཀྱི་མྱོང་བ་འདྲ་མིན་དང་། སྤྱི་ཚོགས་ཀྱི་ཟ་ཟུར་ཆེས་མི་ཉུང་བ་ཞིག་ལ་ལོ་ངོ་དུ་མའི་རིང་ལ་ཉམ་མྱོང་བསགས་རྗེས་སུ། རིགས་ཀྱི་གནད་དོན་གྱི་འབྱུང་ཁུངས་མི་ཉུང་བ་ཞིག་ལ་ཐོད་གཏུགས་བྱས་རྗེས་ཀྱི་མྱོང་བྱང་དག རིགས་ལ་ཕན་པར་སྙམ་ན་བསམ་ནས་འབད་བརྩོན་ལྷོད་མེད་ཀྱི་འབྲི་ཁུལ་བྱེད་ཀྱི་ཡོད་པ་དེ་ཡིན། དེ་ཡིན་དུས་ང་ཚོས་དོན་ངོ་མའི་ཐོག་ནས་ངས་ཡུན་རིང་བརྟག་དཔྱད་བྱས་པ་དེར་ཕྱིར་སྡོམ་ཞིག་བརྒྱབས་དུས་སུ། བོད་མི་རྣམས་ཀྱིས་རང་ཉིད་བོད་མི་ཞིག་བྱེད་པ་དང་རང་གི་མི་རྒྱུད་དག་བོད་མི་ཞིག་བཟོ་རྒྱུར་འདོད་པ་ཡོད་མེད་དང་དེ་ཡི་ཐད་དུ་བསམ་བློ་བཏང་ཡོད་མེད་དེ་རེད། མང་བོ་ཞིག་གིས་བསམ་བློའི་ནང་དུ་བོད་མི་ཞིག་བྱེད་པ་དང་རང་གི་རིགས་རྒྱུད་བོད་མི་ཞིག་བཟོ་བར་བསམ་བློ་མ་འཁོར་བར་གནས་སྐབས་ཀྱི་འཚོ་བའི་དགོས་འཁོ་ཕྲན་བུ་རེ་ལ་འགོ་རྨོངས་དེ་བསྡད་འདུག་པའི་སྐོར་ང་ལ་མིག་མཐོང་ལག་ཟིན་ཆེས་མང་བོ་ཞིག་བྱུང་སོང་། དཔེར་ན། ཚོང་བ་ཞིག་གིས་རང་གི་བུ་ཕྲུག་སློབ་གྲྭར་བསྐྱེལ་བཞིན་ཡོད་ལ། སློབ་གྲྭ་དེ་ཡང་མིང་ཡོད་པ་ཞིག་དང་ཆ་རྐྱེན་བཟང་བ་ཞིག འདུག་གནས་སོགས་ལ་དཀའ་ངལ་མེད་པ་ཞིག་འཚོལ་བཞིན་ཡོད་པ་ལས། སློབ་གྲྭ་དེ་རུ་བོད་ཀྱི་སྐད་ཡིག་སྤྱོང་ས་ཡོད་མེད་དང་བོད་མི་འདུས་བསྡོད་ཀྱི་ཁོར་ཡུག་ཡོེད་མེད་ཐད་དུ་བསམ་བློ་གཏན་ནས་གཏོང་གི་མེད་པ་དེ་ཡིན། ད་དུང་། བུ་ཕྲུག་སློབ་ཐར་ཕྱིན་རྗེས་སུ་རང་གི་ལྟོ་གོས་ལ་དཀའ་ངལ་མེད་པའི་མི་ཞིག་ཆགས་སོང་བ་ཡིན་ན་དེ་ཙམ་གྱིས་བློ་ཡུལ་ཚིམས་ཀྱི་ཡོད་ཀྱང་། དེ་ནི་བོད་མི་ཞིག་དང་བོད་ཀྱི་ཁོར་ཡུག་ཞིག་ནས་འཚོ་བསྡོད་བྱེད་པ་དང་ཁོར་ཡུག་དེ་ནས་རང་འགོ་རང་ཐོན་བྱེད་ཐུབ་པའི་བོད་མི་རྣལ་མ་ཞིག་འབྱུང་མིན་ཐད་དུ་བསམ་བློ་གཏན་ནས་འཁོར་མེད་པ་དེ་རེད། འདི་ནི་དཔེ་མཚོན་ཞིག་རེད། འདི་ལྟ་བུའི་དཔེ་མཚོན་ནི་ཆེས་མང་བོ་ཞིག་ཡོད་ཀྱང་ཡིག་ཚོགས་ལ་དོགས་ནས་རེ་ཞིག་བཞག་པ་ཡིན།
བཅུ་གཅིག་ནི། ཇི་ལྟར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་མིན་གྱི་ཐད་དུ་བསམ་བློ་གཏོང་མཁན་མང་ནའང་། ལག་ལེན་ངོས་ལ་ཇི་ལྟར་སྤྱར་དགོས་མིན་གྱི་ཐད་་དུ་བསླབ་སྟོན་བྱེད་མཁན་དང་མཉམ་ཞུགས་ངོས་སུ་བྱེད་འཕོད་མཁན་གྱི་མི་གྲངས་ཉུང་དུ་འགྲོ་བ་དེ་ནི་ཆེས་ཆེ་བའི་འཐབ་རྩོད་ཀྱི་ནུས་པ་ཉམས་པར་བྱེད་པའི་གོམ་གཤིས་ངན་པ་དེ་ཡིན། གལ་སྲིད། མི་ཞིག་གིས་བོད་མི་རིགས་ཀྱི་བདེོན་དོན་ཆེད་དུ་འཐབ་རྩོད་ཀྱི་ལམ་ཁར་ཞུགས་པ་ཡིན་ན་དེ་ཡི་རྗེས་སུ་ཉུང་མཐར་བོད་མི་བཅུ་དང་ལྔ་བཅུ་ཞིག་ཞུགས་མ་ཐུབ་པ་ཡིན་ན་དེ་ནི་ནུས་པ་མེད་པར་གྱུར་འགྲོ་བ་ཡིན། མི་ཞིག་གིས་འཐབ་རྩོད་ཀྱི་ཁྲོད་ནས་དཀའ་ཁག་ལ་ཐུག་དུས་སུ་མ་མཐའ་ཡང་མི་དེ་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ནུས་པ་དེ་ནི་ནུས་པ་ཐོན་པ་ཞིག་བྱེད་དགོས་པ་ལས། ཁ་གཡང་དང་ཞལ་འདེབས། སྨོན་འདུན་དང་སྐྱབས་འཇུག་ཞུས་པ་དེ་ཙམ་གྱིས་མི་རིགས་ཀྱི་འཐབ་རྩོད་ཀྱི་བདེན་མཐའ་གསལ་མི་ཐུབ་ལ། མི་དེ་ཉིད་ཀྱི་དཀག་ཁག་ངོ་མ་དེ་སེལ་ཐུབ་མེད་པ་དེ་ཡིན། རྒྱུ་མཚན་ནི་མི་དེ་ཡི་དཀའ་ཁག་ངོ་མ་ནི་རང་དོན་དུ་ལས་ཀ་བྱེད་པ་དེ་མིན་དུས། སྤྱི་དོན་མ་འགྲུབ་བར་དུ་ཁོ་རང་གི་དམིགས་ཡུལ་དང་འཐབ་རྩོད་ཀྱི་རྒྱབ་མདུན་ལ་འབྲས་པུ་ཐོན་མེད་པ་དེ་ལས་གསལ་འདེབས་བྱེད་ཀྱི་ཡོད་པ་དེ་རེད། དེ་ཡིན་དུས། དཔེར་ན་མི་ཞིག་རང་གི་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་བཙོན་དུ་ཚུད་པ་ཡིན་ན། ཉུང་མཐའ་ལ་བཙོན་ཁང་དེ་ཡི་འགྲམ་དུ་སོང་ནས་མི་དེ་གློད་གྲོལ་བྱེད་རོགས་ཟེར་ནས་སྐད་རྒྱགས་ཐུབ་མཁན་གྱི་མི་བཅུ་གྲངས་ནས་མང་ན་བརྒྱ་ཕྲག དེ་ལས་མང་ན་སྟོང་ཕྲག་བྱུང་བ་ཡིན་ན། ད་གཟོད་མི་དེས་རྩོད་བཞིན་པའི་གནད་དོན་དེ་ཡང་བོད་མི་རིགས་ཀྱི་གནད་དོན་ཡིན་པ་ར་སྤྲོད་བྱས་པ་ཡིན་ལ། མི་དེས་རྩོད་བཞིན་པའི་འཐབ་རྩོད་དེ་ལ་རྒྱབ་སྐྱོར་ཡང་བྱས་པ་རེད་ཟེར་ནས་བཤད་ཆོག་པ་ཡིན། དེ་ལྟར་མིན་པར་མི་གཅིག་རེའི་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་དེ་དག་ལ་རྗེས་སུ་ཡི་རུང་ཡོད་དང་། ང་ཚོས་ཁྱོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཕྱི་ནས་བལྟས་དེ་བསྡད་པ་ཡིན་ན། དུས་ནམ་དུ་ཡང་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་བདེན་མཐའ་གསལ་བར་རེ་བ་ཡོད་པ་ནས་མེད་པར་གྱུར་བ་དང་སོ་སོས་བདག་པོ་མ་བརྒྱབས་པར་ནུས་མེད་དུ་བཏང་བ་དེ་ཡིན། དེ་ལྟར་ཡིན་དུས་ཕྱིས་སུ་བོད་མི་སུ་ཞིག་གིས་བློས་གཏོང་ཆེན་པོས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་ཆེད་དུ་འཐབ་རྩོད་བྱས་པ་དེ་ཉིན་ནས། ཉུང་མཐའ་ལ་བོད་མི་བཅུ་ལས་མ་ཉུང་བ་ཞིག་གིས་ལུས་ངག་ཡིད་གསུམ་ནས་འཐབ་རྩོད་ཀྱི་རྒྱབ་རོགས་བྱེད་རྒྱུ་དེ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་ཡིན།
བཅུ་གསུམ་ནི། ད་ལྟའི་འཆར་བོད་མི་ཆེས་མང་བོ་ཞིག་བཤད་ནད་ཅིག་ཡོད་པ་དེ་ལས་རིང་དུ་སོང་ནས་ལག་ལེན་ངོས་ཀྱི་དུས་འཁེལ་ཡོད་པ་སྐྱེ་བོ་སྒེར་སོ་སོ་ནས་བཟུང་། ངོ་ཤེས་པ་དང་དྭང་དུ་བླངས་པ་ཡིན་ན། བོད་ནི་བོད་ཀྱི་བདག་པོ་ངོ་མ་དེ་བྱེད་ཐུབ་པ་དང་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་ཡང་སྐྱེ་ནས་བཟུང་ཡོད་པ་དང་ཤི་རེག་བར་དུ་ཡོད་ཆོག་པ་དེ་ལ་རྩོད་ལེན་བྱེད་པ་དེ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་རྩ་ཁྲིམས་སོགས་གང་ལ་ཡང་འགལ་མེད་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་བདེན་པ་དང་མཐུན་ཞིང་། རྒྱུ་མཚན་དང་གནས་ལུགས་དང་འགལ་མེད་པ་ཡང་ཤེས་དགོས་ཀྱི་ཡོད། དེ་ལྟར་སོ་སོ་ནས་འགོ་ཇི་ལྟར་བཙུགས་པ་དེ་ཉིན་ནས་སོ་སོའི་སྐད་ཆའི་བདག་པོ་སོ་སོ་བྱེད་ཐུབ་པ་དང་། སོ་སོའི་མི་རིགས་ཀྱི་ཆེད་དུ་གང་དམ་བཅས་པ་དེ་ཡི་འགན་འཁྲུ་ཡང་རང་ཉིད་ལ་ཡོད་པ་དྭང་ལེན་བྱེད་ཐུབ་དགོས་པ་ཡིན། དེ་ལྟར་ཐུབ་པའི་མི་རིགས་ནི་བཤད་ནད་ལས་ཐར་བ་མ་ཟད། ལག་ལེན་གྱི་སྟེང་ནས་རིགས་ཀྱི་དཀའ་ངལ་སེལ་ཐུབ་པར་ཡིད་ཆེས་བྱེད་ཆོག་པ་ཡིན། གཅིག་གིས་གཅིག་ལ་བལྟས་དེ་ཁྱོད་རང་འགུལ་བསྐྱོད་མ་བྱས་པར་ང་རང་ཡང་མི་བྱེད་ཟེར་བ་དང་བྱེད་མཁན་རེ་གཉིས་བྱུང་ན་དེ་འདྲའི་སྙིང་སྟོབས་ནི་ཚང་མར་ཡོད་པ་ཞིག་མིན་ཟེར་ནས་བསྡད་པ་ཡིན་ན། བོད་ནི་བོད་མི་ཚོས་རང་ལག་ནས་ཤི་རུ་འཇུག་རྒྱུ་ལས་གཞན་ལུས་མེད་པ་ཡིན། བོད་ཀྱི་ཤི་གསོན་གང་ལ་བསྐྱལ་མིན་དེ་ནི་བོད་མི་དག་གི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ། བདེན་པ་རྩོད་ལེན་བྱེད་པའི་མདུན་པ་ཤུགས་དྲགས་པོ་ཡོད་མེད་ཁོ་ན་ཡིན་པར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད།
བཅུ་བཞི་ནི། ད་ལྟ་ང་རང་བལ་ཡལ་བཀག་བསྐྱེལ་ཁང་དུ་ཡོད་ལ། ཐུག་འཕྲད་བྱེད་དུ་ཡོང་མཁན་གྱི་བོད་མི་དེ་དག་ནི་ལས་ཀྱི་སྣེ་མོ་བ་མང་ཤོས་ཡིན་ལ། ཁོང་ཚོས་ང་ལ་བཤད་པའི་སྐད་ཆ་ནི་ཁྱོད་རང་གི་སེམས་ཤུགས་མ་ཆག་ཟེར་བ་དེ་ཡིན། དངོས་ནས་བཤད་ན་ང་རང་སེམས་ཤུགས་ཆག་གི་ཡོད་མེད་དེ་ནི་གནད་དོན་གཙོ་བོ་མིན་པར་རང་ཉིད་ཀྱིས་སེམས་ཁོང་དུ་སྐད་ཆ་དྲིས་དེ་ང་རང་བོད་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ཡོད་པ་ནས་ཡར་རྒྱས་དང་ཡར་རྒྱས་ནས་ལག་ལེན་དུ་བསྐྱེལ་ཐུབ་མཁན་གྱི་མི་ཞིག་ཆགས་ཡོད་མེད་ཀྱི་ཐད་དུ་དྲི་བ་སོ་སོའི་སེམས་ཁོང་དུ་འདྲི་རྒྱུ་ནི། ང་རང་ལ་སེམས་ཤུགས་མ་ཆག་ཟེར་རྒྱུའི་ཚབ་དུ་སོ་སོ་ལ་དེ་ལྟར་དྲི་བ་དྲིས་པ་ཡིན་ན། ང་རང་ཡོད་སའི་བཀག་བསྐྱེལ་ཁང་གི་སྒོ་འགྲམ་ནས་ཉེན་རྟོག་པ་དེ་ཡི་དུས་ཚོད་ཚར་སོང་། ཕེབས་རོགས་གནོང་ཟེར་བའི་སྐད་ཆ་དེར་ཉན་མི་དགོས་པར། རང་བཞིན་གྱིས་སྤོབས་པ་དང་བཅས་དེ་གཉེན་རྟོག་པ་དེ་ལ་ང་ཚོས་མི་འདིས་ནག་ཉེས་གང་ཞིག་བསགས་ཡོད་པ་རེད་དམ། ང་ཚོས་མི་འདི་ལ་ནག་ཉེས་གང་ཡང་མེད་པར་འདི་ནས་འཛིན་བཟུང་བྱས་ཡོད་པ་དེར་ཐུག་འཕྲད་བྱེད་མི་ཆོག་དོན་གང་ཡིན་ཞེས་བཤད་པའི་སྙིང་སྟོབས་ཤིག་ཀྱང་སླེབས་སྲིད་ལ། གཉེན་རྟོག་པ་དེས་ཀྱང་ཁྱོད་རང་གིས་ཁ་བརྡ་བྱེད་སའི་མི་དེ་ནི་དྲང་བདེན་གྱི་ཆེད་དུ་འདི་རུ་འོང་མཁན་གྱི་མི་ཞིག་ཡིན་པ་མ་ཟད། མི་འདིས་རྩོད་བཞིན་པའི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་དེ་དག་ཡང་དྲང་བདེན་ལ་དགའ་བ་ཤ་སྟག་རེད་འདུག་ལ། དྲང་བདེན་གྱི་ཆེད་དུ་ཁོང་ཚོ་ཡང་བཙོན་དུ་ཚུད་པར་ཞེད་སྣང་མེད་པ་ཤེས་ངེས་ཡིན། ད་གཟོད་ཁོང་ཚོས་ཀྱང་དྲང་བདེན་གྱི་སྟོབས་ཤུགས་ནི་གདུག་རྩུབ་དང་ཚིག་རྩུབ། གཉན་གནོན་དང་མེ་མདའི་འགོག་མི་ཐུབ་པ་ཤེས་པར་ཕན་ཐོག་ཏན་ཏན་ཡོང་ངེས་ཡིན་ལ། དྲང་བདེན་ལ་བརྩི་བཀུར་བྱེད་པ་ལས་གཞན་གང་གིས་ཀྱང་གཉའ་གནོན་མི་ཁུར་བའི་ངེས་པ་དེ་རྙེད་ངེས་ཡིན། དེ་ལྟར་བྱེད་མ་ཐུབ་པར་ང་རང་ལ་ཐུག་འཕྲད་བྱེད་དུ་ཡོང་མཁན་གྱི་མི་དག་གིས་ཐ་ན་རང་གི་མིང་ཡང་ངོ་མ་དེ་བཤད་ཐུབ་ཀྱི་མེད་པ་རེེད། འདི་ནི་རང་ཉིད་ནས་འགོ་བཙུགས་སྟེ་དྲང་བདེན་ལ་རིན་ཐང་མ་སྤྲད་པ་ལས་གཞན་གྱིས་ཁྱོད་རང་ལ་དྲང་བདེན་མ་བཤད་ཅེས་འགག་བྱ་བྱས་མེད་པ་རེད། འདི་ལྟར་བལྟས་དེ་འོང་དུས་ཕྱོགས་སྣེ་གང་ཐད་ནས་བོད་མི་ཚོས་རང་ཉིད་ལ་བདེན་པ་ཡོད་པ་དང་བདེན་པ་ཟེར་བ་ནི་ཆེས་ཚད་མཐོ་བའི་མིའི་རིགས་ཀྱི་འཐབ་རྩོད་ཀྱི་ལག་ཆ་ཡིན་པ་ངེས་ཟིན་མ་ཐོབ་པར་ལུས་ཡོད་པ་དེ་ཡིན། འདི་ལྟར་ལུས་པའི་ང་ཚོའི་འཐབ་རྩོད་ཀྱི་ནུས་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་དེ་ཡིན། ནམ་ཞིག་བོད་མི་ཚོས་བདེན་པ་ལས་ལྷག་པའི་ཚད་མཐོ་བའི་ལག་ཆ་མེད་པ་ངེས་པ་རྙེད་ནས་བདེན་པའི་སྟོབས་ལ་ཕྱག་འཚལ་ཞིང་། སྐྱབས་སུ་སོང་བ་དང་ལག་ལེན་ངེས་ལ་ཞུགས་ཉིན། བོད་མི་རྣམས་ཀྱིས་རྒྱལ་ཁའི་གྲུབ་འབྲས་ལེན་པར་ཐེ་ཚོམ་མེད་པ་ཡིན།
བཅོ་ལྔ་ནི། བོད་མི་རྣམས་ཀྱིས་ད་ལྟའི་འཆར་ང་ཚོ་ལམ་སྟོན་བྱེད་མཁན་མེད་པར་བཤད་མཁན་ཡང་ཡོད་པ་རེད། ང་ཚོ་ལ་རྒྱལ་ཁབ་གཞན་སུ་ལའང་མེད་པའི་འཚེ་མེད་ཞི་བའི་སྟོན་པ་ཡོད་ལ། ཁོང་གིས་དུས་རྒྱུན་དུ་བོད་རིགས་ཀྱི་འཐབ་རྩོད་ནི་བདེན་པ་རང་ཡིན་དུས། འཐབ་རྩོད་ག་རེ་བྱེད་ན་འཚེ་བ་མེད་པའི་སྒོ་ནས་བྱེད་དགོས་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་གང་ཞིག་བྱེད་པ་དེར་༧ཁོང་སྐུ་སྒེར་ནས་ཀྱང་རྒྱབ་སྐྱོར་ཡོད་ཅེས་དུས་རྒྱུན་དུ་གསུང་གི་ཡོད་པ་དེ་ཡིན། ད་ལྟ་ལྷག་དོན་དུ་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལས་ཀ་གང་ཞིག་བྱེད་ཐུབ་མིན་གྱི་གནད་དོན་ཐད་དུ་མི་ཁ་ཤས་ཀྱིས་གཞན་ཡུལ་ན་ལས་ཀ་བྱེད་རྒྱུ་མེད་པར་གླེང་བཞིན་ཡོད་པ་དེ་རེད། དེ་ནི་གཏན་ནས་མིན་པར། ཆུང་ས་ནས་བཤད་ན་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་གང་ས་ནས་རང་ཉིད་ཀྱི་མི་རིགས་ལ་བཙན་གནོན་བྱེད་མཁན་གྱི་རྒྱ་ནག་སྲིད་གཞུང་གིས་ཅ་དངོས་གང་ལ་ཡང་ལག་པ་མི་འཆིང་བར་དམ་བཅའ་འཇོག་ཐུབ་པ་ཡིན་ན། དེ་ཡང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་དྭང་དུ་བླངས་པ་ཡིན་པར་བཤད་ཆོག་པ་ཡིན། འོན་ཀྱང་། བོད་མི་ཆབ་སྲིད་ཀྱི་དབུ་ཁྲིད་ག་གེ་མོར་མིང་དུ་འབོད་མཁན་གྱི་སྣེ་ཁྲིད་པ་དག་གིས་ཀྱང་རང་ཉིད་ཀྱི་ལུས་སྟེང་ནས་ཁྱིམ་དང་ཉེི་དུ་ཚུན་ཆད་ལ་ལག་སྐྱེས་སྤྲོད་པ་དེ་ཡང་རྒྱ་ནག་གི་བཟོས་པའི་ཅ་དངོས་ཆགས་ཡོད་པ་འདིས་ཀྱང་། རང་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་ཆུང་དུ་གཏོང་བཞིན་ཡོད་པ་དེ་ཡིན། བྱེས་སུ་མི་རིགས་གཞན་གྱི་འཛུགས་བསྐྲུན་བྱས་པའི་ཅ་དངོས་བེད་སྤྱོད་གཏོང་རྒྱུ་ཡོད་བཞིན་དུ་དེ་ལྟར་ལག་ལེན་ལ་ཕབ་ཐུབ་ཀྱི་མེད་པ་འདིས། ང་ཚོ་མི་རིགས་ཤིག་གི་འཚེ་མེད་ཞི་བའི་འཐབ་རྩོད་པ་བྱེད་རྒྱུར་ཁ་ཐག་རིང་དུ་བཏང་ཡོད་པ་རེད། ང་རང་སྔོན་ཆད་ཕྱི་རྒྱལ་དུ་ཡོད་དུས་སུ་མཛའ་མོས་ང་ལ་རྟག་དུ་འདི་ལྟར་ཟེར། ཁྱོད་རང་མི་གཅིག་གིས་རྒྱ་ནག་གི་བཟོས་པའི་ཅ་ལག་མ་ཉོས་པ་དེ་ཙམ་གྱིས་རྒྱ་ནག་ལ་གྱོང་རྒུད་འཕོག་གི་མ་རེད་ཟེར་གྱི་ཡོད། དོན་དངོས་སུ་མི་གཅིག་གིས་ནུས་པ་དེ་ལས་མི་བཅུ་གོང་འཕེལ་དུ་གཏོང་བ་དང་བཅུ་ཡིས་ནུས་པ་དེ་ཡིས་བརྒྱ་ལ་ཟིན་ན་བསམ་པ་དང་རང་ཉིད་ནས་རང་ཉིད་ཀྱི་མི་རིགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་འགྲོ་འདུག་སྤྱོད་གསུམ་གྱི་བར་ནས་དྭང་དུ་བླངས་པ་ལས། མི་གཅིག་གིས་རྒྱ་ནག་སྲིད་གཞུང་ལ་དོ་ཕོག་གཏོང་མི་ཐུབ་པ་བདག་གིས་ལོས་ཤེས། ད་ལྟ་ཆེས་ཡིད་སྐྱོ་བ་ཞིག་ཆགས་ཡོད་པ་དེ་ནི་བྱེས་སུ་བསྡོད་པའི་བོད་མི་མང་ཤོས་ཤིག་གི་ཁྱིམ་སྤྱོད་ཅ་དངོས་མང་ཤོས་ནི་རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་ཅ་དངོས་ཀྱི་བཀང་ནས་ཡོད་པ་དེ་ཡིན། དེ་ཡང་ཁ་དང་ཁོག་པ་གཉིས་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་ལ་ལག་ལེན་གྱི་སྟོང་བའི་བོད་མི་ཞིག་གིས་ཞི་བའི་འཐབ་རྩོད་ཀྱི་རྒྱུད་རིམ་ལ་གཞན་གྱིས་སྐུལ་སློང་མེད་པར་གཏོར་བཤིག་གཏོང་གི་ཡོད་པ་དེ་ཡིན།
བཅུ་དྲུག་ནི། བོད་མི་རྣམས་ཀྱིས་དོན་དངོས་ཐོག་རང་ཡུལ་ཁ་བ་ཅན་ལ་རང་དབང་ཞིག་ཐོབ་འདོད་ཡོད་པ་དེ་ནི་མངོན་སུམ་གཉོན་མེད་ཅིག་ཡིན་ཚེ། གནམ་འོག་འདིའི་མི་རིགས་སུ་ཞིག་གི་ལོ་རྒྱུས་ཁྲོད་དུ་ཕྱིར་བལྟས་བྱས་པ་ཡིན་ན། མི་རིགས་རང་ཉིད་ཀྱི་རང་དབང་དང་བདག་དབང་། འདྲ་མཉམ་དང་ཁེ་དབང་སྲུང་སྐྱོབས་བྱེད་པའི་ཆེད་དུ་མི་རིགས་སོ་སོ་ནས་འགོ་བརྩམས་སྟེ་ཆེས་མང་བོ་ཞིག་བློས་གཏོང་བྱས་པ་དང་དབའ་ངར་ཞུམ་མེད་ཀྱི་མི་མང་ཁྲི་ཕྲག་མང་བོ་འཐབ་རྩོད་ལ་ཞུགས་པ་ལས་མི་རིགས་ཤིག་གི་རང་དབང་དང་ཞི་བདེའི་ཁྱིམ་བཞི་བསྐྲུན་ཡོད་པ་ལས། རང་ཉིད་འགུལ་བསྐྱོད་མ་བྱས་པར་མི་རིགས་གཞན་ཞིག་ལ་རེ་བ་ཁོ་ན་བརྒྱབས་སྟེ་རིགས་ཀྱི་རང་དབང་དང་ཞི་བདེ། ཁེ་དབང་འདྲ་མཉམ། ཐོབ་ཐང་འདྲ་མཉམ། རིགས་རུས་དབྱེ་འབྱེད་ཀྱི་བསམ་བློ་དག་ལས་རྒྱལ་ཐུབ་མཁན་གྱི་མི་རིགས་སུ་ཡང་བྱུང་མེད་པ་ཡིན་དུས། ལོ་རྒྱུས་ཀྱི་ཉམ་མྱོང་དང་གནས་ལུགས་དང་རྒྱུ་མཚན་གྱིས་ང་ཚོ་བོད་མི་དག་ལ་སྐད་ཆ་གསལ་བོ་ཞིག་བཤད་དེ་ཡོད་པ་ནི། ངེད་ཅག་ལ་རང་མི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་རྩོད་ལེན་བྱེད་པའི་སྙིང་སྟོབས་དང་སྤོབས་པ། མདུན་སྐྱོད་ཀྱི་བསམ་བློ། མི་རིགས་འདི་ས་སྒང་འདི་མུ་མཐུད་གནས་འདོད་ཡོེད་མེད་ཀྱི་དྲི་རྟགས་ཤིག་ལས་གཞན་གང་ཡང་ལུས་མེད་པ་ཡིན་དུས། བོད་མི་ཚོས་གཞན་ལ་ཁ་གདངས་དེ་མི་བསྡོད་པར་ཉིན་རེའི་འཚོ་བ་ཚུན་ཆད་བློས་གཏོང་ཐུབ་པ་ཡིན་ན། བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་དང་ངོ་གནོང་མི་དགོས་པར་ས་སྒང་འདི་ནས་གསོན་ཐུབ་པའི་ཉི་མ་ཞིག་ཤར་རྒྱུ་ཡིན་པར་བདག་གིས་ཡིད་ཆེས་ཆེན་པོས་སྒོ་ནས་བཤད་ཐུབ་ཀྱི་ཡོད།
བཅུ་བདུན་ནི། ཆེས་གནད་འགག་ཆེ་ས་ཞིག་ཡོད་པ་དེ་ནི་བོད་མི་རིགས་ཆེས་མི་ཉུང་བ་ཞིག་གིས་༧གོང་ས་མཆོག་ལ་དད་གུས་བསླུ་མེད་ཡིན་པ་དང་༧ཁོང་གི་གསུང་ཁ་བརྩི་བཞིན་ཡོད་པར་དུས་རྒྱུན་དུ་མ་ཎི་འདྲེན་འདྲེན་བྱེད་ཀྱི་ཡོད་པ་རེད། ངས་སྐད་ཆ་ཐད་ཀར་ཞུས་པ་ཡིན་ནི། བོད་མི་དག་གིས་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་དུ་འཛམ་གླིང་གང་སར་ཞི་བདེའི་སློང་མོ་བྱེད་དུ་བཏང་ཡོད་པ་ལས། བོད་མི་རྣམས་ཁ་ཞེ་གཉིས་མེད་ཀྱིས་༧ཁོང་གི་ཞབས་རྗེས་སུ་སྙེགས་ནས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་འཐབ་རྩོད་བྱེད་མ་ཐུབ་པར་འདོད་ཀྱི་ཡོད། རྒྱུ་མཚན་དེས་རྐྱེན་པའི་བོད་མི་དག་གིས་ནང་ཁུལ་དུ་རང་རང་གི་བྱེད་མ་ཐུབ་པའི་ནག་ཉེས་དེ་དག་བཞག་ནས་མི་ངན་ཁ་ཤས་ཀྱིས་ད་དུང་༧གོང་ས་མཆོག་ལ་ངན་ཁག་འདྲི་བཞིན་ཡོད། ང་ཚོ་ལ་བོད་དོན་བྱེད་དུ་བཅུགས་མ་སོང་ལྟ་བུ་བཤད་མཁན་གྱི་བོད་སྙིང་ཁོག་ན་མེད་པའི་མི་ཡང་སྐྱེ་བཞིན་ཡོད་པ་རེད། དངོས་ནས་༧རྒྱལ་བ་རིན་པོ་མཆོག་གི་དགུང་ལོ་བཅུ་དྲུག་ནས་བཟུང་། མགོ་ནག་བོད་པའི་མི་རྣམས་གཙོ་བའི་འགྲོ་བ་མིས་ཆེད་དུ་སྐུ་ལས་གྱོན་པའི་ཆ་ཤས་ཙམ་ཡང་བོད་མི་དག་གིས་དུས་ད་ལྟ་བར་དུ་བྱེད་ཐུབ་མེད་པ་རེད་ཅེས་བཤད་ན་ང་རང་གིས་སྐད་ཆ་འདི་ཧམ་པ་གཏན་ནས་ཆགས་མེད་པ་ཡིན། དྲང་བདེན་ལ་དགའ་ཞིང་། བདེན་པ་ལས་གཞན་སུ་ལའང་མགོ་བོ་མི་སྒུར་བའི་མི་བུ་རེ་ཡོད་ཚེ། རང་གི་བྲང་ཁར་ལག་པ་བཞག་ནས་བསམ་བློ་ཞིབ་མོ་རེ་གཏོང་དང་། འགྲོ་བ་མིའི་སྤྱི་དོན་ཕར་ཞོག བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཉིན་མཚན་དབྱེར་མེད་དུ། ཕྱོགས་རུས་མེད་པར་འདྲ་མཉམ་གྱི་ཁེ་དབང་། རང་དབང་དང་ཞི་བདེའི་ཆེད་དུ་སོ་སོ་ནས་ལྷག་བསམ་ཆེན་པོས་ཅི་ཞིག་བློས་གཏོང་གིས་བོད་མི་རིགས་ཀྱི་ཚབ་མཚོན་དུ་བྱེད་ཆོག་པའི་ལམ་ཁ་ཞིག་བསྟན་ཡོེད་མེད་ནི་རང་རང་གི་སེམས་སུ་གསལ་ལྷིང་ངེར་ཡོད་པ་དེ་ཡིན། སྐད་ཆ་ཁ་ཤས་ཤིག་བདག་གི་སྙིང་དང་འདྲ་བའི་རིགས་ཀྱི་སྤུན་ཟླ་ཁྱེད་ཅག་ལ་བཤད་པ་ཐལ་ཆེ་ཡོད་སྲིད་ཀྱང་། དོན་དངོས་ལ་བསམ་བློ་གཏོང་མཁན་དང་དྲང་བདེན་ལ་དགའ་མཁན་གྱི་མི་ཞིག་གི་དངོས་ནས་བཤད་ན། ངས་བཤད་པའི་སྐད་ཆ་འདི་དག་ནི་བོད་མི་རིགས་ལ་ཤ་ཚ་དང་བོད་མི་རིགས་འདི་ཉིད་རང་དབང་དང་ཞི་བདེའི་ཆེད་དུ་རྨོངས་གཉིད་ལས་སད་དེ། ནམ་ཉི་མ་ཞིག་རང་ཡུལ་ཁ་བ་ཅན་ལ་ལོག་ཐུབ་པ་དང་གཞིས་བྱེས་ལྷན་འཛོམ་བྱེད་ཐུབ་པར་སྙིང་སྟོབས་བསྐྱེད་ཐུབ་པའི་མི་རིགས་ཤིག་ཡིན་པར་ཡིད་ཆེས་ཆེན་པོས་སྒོ་ནས་བྲིས་པ་ལས། ང་རང་སྒེར་གྱི་འཁོན་སེམས་དང་འགྱོད་སེམས་སོགས་ཀྱིས་བོད་མི་རིགས་ལ་བྲིས་པའི་ཡི་གེ་ཞིག་མིན་པ་བདེན་པའི་སྟོབས་དང་། ཤེས་རབ་ཀྱི་ལྷ། སྙིང་རྗེའི་བདག་ཉིད། འདི་ཕྱི་ལ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གི་མཁྱེན་ངེས་ཡིན་པས་ང་རང་སེམས་བདེ་བོའི་ངང་ནས་བལ་ཡལ་བཀག་བསྐྱེལ་ཁང་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་དགེའོ། གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། སྤྱི་༢༠༡༢ཟླ༦་ཚེས་༤ལ།
ཡག་པོ་འདུག ཁྱེད་ལ་བཀའ་དྲིན་ཆེ
ཡག་མོ་ཞེ་བོ་བྲིས་མགུ། ཡི་རངས་ཡོད། དྲང་པོར་ཤོད་ན། ཚིགས་ཉོག་མི་དགོས་པའང་མང་པོ་གདའ། ཕྱིན་ཆད་རྗོད་བྱ་གང་འཚམ་བསྡུ་ཐུབ་ན་ཡག་མོ་ཡོང་ས་རེད་དྲན་བྱུང་། ཁོ་རེ་གློ་དཀར་པའི་གཏམ་ཡིན།
ཡག་པོ་ཡང་འགའ་འདུག་ཡང་། མི་དགོས་པའི་ཚིག་ཉོག་མང་ཐལ་འདུག གང་ལྟར་ཀྱང་བོད་དོན་དུ་ཤུ་རེ་གནང་བར་ངོ་མ་ཟིག་དགའ་ཡོད།
ཡག་པོ་འདུག ཁྱོད་ཀྱིས་བསམ་དོན་འགྲུབ་པར་སྨོན།།
དཔྱད་པ་འཐུས་ཚང་འདུག བློ་སྒོ་མང་པོ་ཕྱེས་སོང་། རང་གི་ངོས་ནས་བསམ་གཞིགས་མང་ཙམ་བྱེད་རྒྱུ་ཡིན། བུ་དཔའ་མེད་ལ་ཡང་བོད་མི་རིགས་ཀྱི་སྤྱི་དོན་སྒྲུབ་སྟངས་ཤིག་ཡོད་རེད། ང་ཚོ་ལ་ཆབ་སྲིད་ལམ་སྟོན་པ་ཞིག་ངེས་པར་དགོས་གལ་ཆེ། དེ་ལྟར་བཤད་ན་༧གོང་ས་མཆོག་གིས་ཆབ་སྲིད་ལམ་སྟོན་གནང་གི་མེད་དམ་ཟེར་སྲིད། བདེན་དེ། ༧ཁོང་གིས་འཚེ་མེད་ཞི་བའི་ལམ་སྟོན་གནང་ཡོད་པ་རེད། འོན་ཀྱང་བྱེ་བྲག་གི་ཐབས་ལམ་སོ་སོས་ལག་ལེན་བསྟར་དགོས་པ་རེད། ༧གོང་ས་མཆོག་གིས་མི་རེ་རེ་ལ་ཁྱོད་ཀྱིས་ཟས་བཅད་ངོ་རྒོད་བྱོས། ཁྱོད་ཀྱིས་ཞི་བའི་གོམ་བགྲོད་བྱོས་ནམ་ཡང་གསུང་གི་མ་རེད། དེའི་ཕྱིར་བྱེ་བྲག་གི་ཐབས་ལམ་མི་སྒེར་སོ་སོས་བཙལ་དགོས་པ་རེད། ང་ཚོའི་བཙན་བྱོལ་ན་ཆབ་སྲིད་པ་དང་མཉམ་ཞིབ་པ་མང་ཚོད་རེད་དེ། དོན་བྱེ་བྲག་གི་སྟེང་ནས་འདི་ལྟར་བྱེད་པའི་སྐབས་རེད། འཛམ་གླིང་ལ་འདི་ལྟར་གནོན་ཤུགས་སྤྲད་ན་འོས། རྒྱ་ནག་ལ་འདི་ལྟར་རྒོད་ལན་སྤྲད་ན་འཚམ་ཟེར་མཁན་གྱི་སྣེ་ཁྲིད་པ་ཞིག་མེད་སོང་བ་རེད། དུས་བབ་དྲ་རྒྱ་ལས་ང་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་རྒྱ་ནག་གི་དཔོན་རིགས་བྱེ་བྲག་པ་ལ་གཏད་དགོས་པའི་རྩོམ་ཡིག་ཅིག་མཐོང་བ། དེ་ནི་དཔྱད་པ་གནད་ལ་ཕོག་པ་ཞིག་ཏུ་བདག་གིས་མཐོང་སོང་། རང་གི་ཚེ་སྲོག་གཏའ་མར་འཇོག་མི་ཐུབ་ཀྱང་ཐབས་ལམ་འཚོལ་བའི་ཤེས་རབ་འགག་དགོས་དོན་ག་ལ་ཡོད། ང་ཚོས་སྤྱི་ཚོགས་སྟེང་རང་གིས་མི་འཇོན་ན་ཁ་བཙུམ་ན་ཡག་གི་རེད་ཟེར་མཁན་ཡང་ཉུང་ཉུང་མ་རེད། དེ་ཡང་ང་ཚོའི་འཐབ་རྩོད་ཀྱི་ནུས་པར་རམ་འདེགས་མ་བྱས་པའི་ཕྱོགས་གཅིག་རེད། བཤད་མཁན་མང་ན་སེམས་མཁན་ཡང་མང་བོ་ཡོང་གི་རེད། གླིང་ཚ་ཁྱེད་ཀྱི་ལག་ལེན་དང་རྩོམ་ཡིག་གཉིས་ཀ་འཐབ་རྩོད་ལམ་སྟོན་ཞིག་ཏུ་བདག་གིས་སེམས་ཀྱིན་ཡོད། འོན་ཀྱང་དེ་ནི་མི་རེ་ངོ་རེ་ནས་དགུལ་ཤུགས་ཤིག་ཏུ་གྱུར་མ་ཐུབ་པ་དེ་ཡང་མི་སྒེར་རང་རང་ལ་འཚམ་པའི་ཐབས་ལམ་གཉེར་སྟངས་ལ་དབུལ་སོང་བས་ཡང་རེད་འདོད། དེས་ན་དྲ་གྲོགས་ཚོས་ཀྱང་རང་རང་གི་སེམས་ལ་ཤར་བའི་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་རེ་གསུང་རྒྱུ་དུས་ལ་བབས་འདུག་ལ། ང་ཚོས་ཀྱང་འོ་ན་ཁྱོད་ཀྱིས་ཅི་ཞིག་འཇོན་ཡོད་ཟེར་བ་ལྟ་བུའི་འབུར་བཅོམ་མི་བྱེད་པའི་རེ་བ་བཅས་ཐལ་སོང་།
སྐུ་ཉིད་ཀྱིས་བཙན་འོག་ནས་ལེགས་བཤད་ཟབ་མོ་འདི་ལྟ་བུ་ཐོན་པར་ཡི་རངས་ཡོད།
ཁྱེད་ལ་བསམ་བློའི་གོ་རྟོགས་འདི་ལྟ་བུ་ཞིག་མེད་ན་བོད་སྤྱི་པའི་དོན་དུ་བློས་བཏང་དང་སྙིང་སྟོབས་ཆེན་པོ་དེ་འདྲ་ག་ནས་ཡོང་ཐུབ། བསམ་བློ་འདི་ཚོ་འཁོར་བ་ལ་རིགས་ཀྱི་ལ་ཞེན་དང་ཆབ་སྲིད་གོ་རྟོགས་རྩེར་སོན་དུ་ཐོན་པ་ཞིག་དགོས་པ་ལས་མི་ཚང་མར་ཡོང་ཐུབ་པ་ཞིག་མིན། འདི་ལ་ཚང་མས་སློབ་སྦྱོང་བྱེད་དགོས་པ་ཞིག་འདུག
བཀུར་འོས་པའི་སྐུ་ཞབས་གླིང་ཚ་ལགས་ངས་ཉིད་ཀྱ་ིབླ་མེ་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ་བཞིན་ཡོད་ཡིད་འཕངས་པ་ཞིག་ལ་ངས་ཁ་བཤད་སྐམས་པོ་ཙམ་ལས་ཅི་ཡང་སྒྲུབས་མ་ཐུབ་དགོངས་འགལ་མེད་པར་ཞུ་ཉིད་ཀྱི་ཞི་བའི་འཐབ་རྩོད་རྒྱལ་གྱུར་ཅིག
དངོས་ཡོད་གི་གཏམ་བཤད་ལ་དགའ་བསུ་ཡོད།
སྤྱིར་ཁྱེད་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལར་རྒྱ་དང་། ལྷག་བསམ་སོགས་ལ་དགའ་གུས་ཚོད་དུ་མེད།
འོན་ཀྱང་རྩོམ་པ་པོ་ཞིག་གི་ངོས་ནས་དཔྱད་ན་ཡིག་ནོར་མང་བ་དང་བརྗོད་བྱ་ཁ་འཐོར་དུ་སོང་བ། བརྗོད་དོན་བསྡུ་གསོག་མ་ཐུབ་པ། ཐད་ཀར་བཏང་བའི་ཟིན་བྲིས་སོགས་ལ་ཡིག་ནོར་ཤིན་ཏུ་མང་བ་སོགས་ཆུང་ཚག་ནས་བཤད་ན་ཞེན་ཆ་ཞིག་རེད། འོན་ཀྱང་ཁྱེད་ལ་དགའ་མོས་ནི་ནམ་ཡང་ཚད་མེད་ལ་གྲངས་མེད།
སྙིང་སྟོབས་ཅན་གྱི་གླིང་ཚ་ལགས་ཀྱིས་རྔོས་པའི་ཡོས་དེ་ཤུག་པ་ལགས་ཀྱི་རྩམ་པར་བཏག་ཤག བོད་མི་སྤྱི་པ་རྣམས་ད་ནི་གཉིད་སད་ཚོད་རེད། དྲ་རྒྱ་འདི་གཟིགས་ཐུབ་མཁན་དང་ཕྱི་གྱར་བོད་མི་ལ་ཁྱོད་ཀྱི་སྙིང་གཏམ་ནི་བོང་བུའི་ཨམ་ཅོག་ལ་གསེར་བླུགས་པ་དང་གཅིག་པ་རེད། དེ་ཡང་མི་དང་མིའི་སྤྱི་ཚོགས་ཡིན་ཚད་ལ་ཐུན་མོང་གི་སྐྱོན་ཆ་མང་པོ་ཡོད། འཐབ་རྩོད་པ་ཞིག་གམ་སློབ་གསོ་བ་ཞིག་གི་ངོས་ནས་བརྗོད་ན། སྐྱོན་མཚང་འདྲུ་རྒྱུ་དེ་ལས་སེམས་ཤུགས་སྤར་རྒྱུ་དང་ལེགས་ཆ་རྣམས་འདོན་སྤེལ་བྱེད་རྒྱུ་དེ་གཙོ་གནད་ཏུ་བྱས་ན་ཕན་རླབས་ཆེ་བ་ཡོད། མི་དམངས་སྐུལ་སློང་བྱས་ནས་ཁོང་ཚོ་ལས་འགུལ་ནང་འཛུལ་ཞུགས་བྱེད་ཐབས་ཐད་རྒྱ་གུང་ཁྲན་ནས་སློབ་སྦྱོང་བྱེད་རྒྱུ་འདྲ་མེད་དམ་སྙམ། གླིང་ལགས་མའོ་ཙེ་ཏུང་གི་སྐད་ཆ་འདྲ་བལྟ་འདོད་ན་ང་ལ་ཁོའི་དེབ་གཅིག་ཡོད་བས་ངས་ཁྱོད་ལ་སྐྱེལ་བར་ཡོང་ཆོག
གླིང་ཚའི་བུས་ཡག་པོ་གསུང་འདུག། ཡིན་ནའང་དགོས་མེད་ཀྱི་ཚིག་ཉོག་དང་ཡིག་ནོར་ཧ་ཅང་གི་མང་པོ་ཞིག་འདུག། ཤ་ཚ་ཁོ་ནས་ཞུས་པ་ལས་སྐྱོན་བརྗོད་དང་དོན་མེད་ལབ་འདོད་རྩ་བ་ནས་མིན། ད་དུང་ཚིག་དོན་གྱི་འབྲེལ་ཕྱོགས་ཐད་ལ་མི་མཐུན་བཙན་འཐབ་བྱས་པ་འདུག། གཅིག་བྱས་ན་ཕྱི་རྒྱལ་ལ་མང་པོ་བཞུགས་ཙང་ཕྱི་ལུགས་ཀྱི་འབྲི་སྲོལ་ཡིན་ཡང་སྲིད།
བཀྲིན་ཆེ། དངོས་གནས་རེད། ་ལག་ལེན་མེད་ན་གང་ཡང་མེད། སླར་ཡང་ངས་ལག་ལེན་མིན་པའི་ཚིག་སྟོང་གིས་རྒྱབ་སྐྱོར་ཙམ་ལས་གང་ཡང་ཞུ་ཐུབ་མ་སོང་།དགོངས་འགལ་མེད་པར་ཞུ། ཁྱེད་ཀྱིས་རྩོམ་ཡིག་དེས་སེམས་འགུལ་ཆེན་པོ་ཐེབས་སོང་། ཉིན་ནས་ཉིན་ལག་ལེན་དངོས་ལ་གཞོལ་ཐུབ་པར་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་གིན་ཡོད།
སྐད་ཆ་མང་དྲག་ན་ལི་ལི་ཙན་ཏན་གྱི་ལོག་འགྲོ་ང་རྒྱལ་གྱི་དབང་དུ་མ་འགྲོ་གནང་ཐུབ་ན་སེམས་པས་རྒྱལ་ཁམས་རིགས་ཐུབ་ནི་རེད། དེ་སེམས་ལ་བཟུང་རོགས།
རང་གིས་གང་བྱས་ཚང་མ་བོད་དོན་དང་ཞི་བདེ།།
གཞན་གྱིས་རྩ་དོན་མཁྲེགས་བཟུང་སྟོང་བསམ་ལྟར་རློམ་པའི།།།
ཕྱི་རྫིག་ནང་སྟོང་དག་གི་འགྱུར་འགྲོས་ལ་བརྟགས་ན།།
བདག་དབང་བརྟན་པོར་ཉར་བའི་སྒོ་གསུམ་ཉིད་རྨད་བྱུང་།།
རྒྱ་ལམ་གོམ་པར་འཇལ་སོགས་བོད་དོན་དུ་འཛིན་ཅིང་།།
རང་གི་བདག་དབང་གློད་ན་འཚེ་མེད་དུ་རྩི་བའི།།
གངས་ཅན་བོད་པ་ཚང་གི་ཆོས་བརྒྱད་པ་འགའ་ཡིས།།
ཅི་བྱས་འཚེ་མེད་ཞི་བར་ཁ་གཡར་འདི་ཀྱི་ཧུད།།
དོན་དུ་རང་ཚུགས་བརྟན་པོར་བཟུང་བ་ཡི་ཐོག་ཏུ།།
ལས་འགུལ་གང་ཞིག་གོ་མཚོན་དུག་སོགས་དང་བྲལ་ཏེ།།
རང་གི་བདག་དབང་རྩོད་ན་རླབས་ཆེན་བོད་དོན།།
འཚེ་མེད་ཞི་བདེར་འདྲེས་པའི་རྒྱ་མཚོ་རུ་འགྲུབ་ངེས།།།།
མགོ་འབུལ་ལུས་འབུལ་ཙམ་ལ་འཚེ་མེད་ཀྱི་ཞི་བདེར།།
རློམ་ན་ཕྱེ་མ་ལེབ་དང་ཁེངས་དྲེགས་ཅན་འགྲོ་རྣམས།།
ཞི་བདེའི་དེད་དཔོན་ཉིད་དུ་འགྱུར་ཉེན་ཞིག་འདུག་པས།།
དེ་འདྲའི་འཚེ་མེད་ཞི་བདེ་ཁམས་གསུམ་ན་མི་མཁོ།།
རེད་དེ།
ཁ་ཡག་བཤན་ན་གོ་མི་ཆོད།། ཚ་ཁུ་འཐུང་ན་སྐོམ་མི་སོད།། སྙན་པོ་ཞིག་ཞུ་རྒྱུ་མེད།
བོད་རྒྱ་ཆེ་མི་མང་གི་བསམ་བློ་སྒུལ་ཐུབ་པའི་སྐད་ཆ་གསོན་པོ་གང་ཡང་མི་འདུག ཡོད་ཚད་ཁྱོ་བཞིན་ཆགས་སོང་ན་སུ་ཞིག་གིས་ཁྱོ་ལྟར་ང་ཚོ་ལ་ཁ་ལྟོ་སྟེར་རམ། སུ་ཞིག་གིས་ང་ཚོའི་ཕ་མ་བུ་ཕྲུག་ལ་སྙོར་སྐྱོང་བྱེད་དམ། ཁྱོས་ཁྱོ་ནམ་ཤི་ནམ་གསོན་གྱི་སང་ཉིན་ལ་གདེང་ཚོད་གཅིག་ཀྱང་མེད་པར་འདི་ལྟར་ཕུགས་ཐག་མི་རིག་པའི་སྲིད་ཇུས་ཞིག་གླེང་བསྡད་ན་དགོས་བ་འདྲ་འདུག་གམ། མི་རེ་ལ་རྣམ་དཔྱོད་རེ། ཁྱོ་ལ་ཡང་དེ་ལྟར། འོན་ཀྱང་འཚེ་མེད་ཞུ་བའི་ཤི་ཐུབ་པ་ནི་ཤི་ཐུབ་པའི་དཔའ་བོ་ཞིག་ལས་གཞན་ཅི་ཡོད། བཙན་བྱོལ་བོད་པ་ཡོད་ཚད་ཚང་གི་འདས་མ་ད་གསུམ་གྱི་བསམ་བློའི་རིན་ཐང་འདི་ཁ་སྟོང་ནང་གི་ཚིག་སྟོང་དུ་འདོད་པའི་ང་རྒྱལ་དེ་གང་ཞིག་ནས་རྙེད་སོང་ངམ། འདི་ལྟར་བོའུ་ཁ་ནང་ལ་སྐོར་དགོས་དོན་ཅི་ཞིག་ཡིན་ནམ། དེ་ལས་ཁྱོད་ཀྱི་གྲོགས་པོ་རྒྱ་རྒན་ཚང་ལ་ཁྱོའི་ཁ་ལ་ཉན་དགོས་བའི་དགོས་ལུགས་དང་རྒྱ་བོད་གཉིས་ལ་ཕན་པའི་ཕན་ལུགས། ཁྱོ་ཕྱི་གསལ་ནང་གསལ་ཡིན་པའི་ཡིན་ལུགས། ད་དུང་བལ་ཡུལ་ནས་ནག་མེད་ནག་ཅན་དུ་བསྒྱུར་བའི་ཐོབ་ཐང་མེད་པའི་མེད་ལུགས་སོགས་ལ་བློ་སྒྲིམ་ན་མི་འགྲིག་གམ།
དཔའ་བོ་ཡིན་མིན་འཆི་ཐུབ་མི་ཐུབ་ལ་འདོད་ན།
བསམ་བློ་བ་ཡིན་མིན་མཇུག་འབྲས་ཞིག་རེག་མི་རེག་ལ་གོ་ལས་དགོས།
རྟ་ཁེར་རྒྱུག བོའུ་ཁེར་འཕེན། གྲོགས་ཁེར་རྐྱང་ལགས བསམ་ནས་ཕྲིས། དྲན་ནས་མ་འབྲི། འདི་གྲོགས་པོ་ངའི་སྐད་སྐུར་ཡིན།
སྐད་ཆ་བསམ་ནས་བཤད་ན་འབབ་སྟེགས་ཞིག་རྙེད་ཚོད་འདུག དཔེར་ན། ཤུག་པ་ལགས་ཀྱི་བཀའ་མོལ་འདི་འུ་ཅག་གི་ཤ་གསེང་རུས་གསེང་ལ་ཟུག་བའི་མདེའུ་ལྟར། རེག་ན་ན་ཟུག་བཟོད་དཀའ་ཞིང་བསྐྱུར་ན་ཚེ་སྲོག་གི་ཡུན་བརྟན་རྒྱུ་མ་རེད། མྱུར་སྐྱོབས་ཀྱི་དུས་ཚིགས་ལག་ལེན་དངོས་ལ་འཇུག་པ་ལས་འདམ་ག་ནི་དབུགས་ཐག་ཆད་རྒྱུའི་ངན་ལྟས་རེད། རང་བཙན་འདོད་ཀྱང་རུང་ལམ་དབུ་མ་བསམ་ནའང་ཆོག འཐབ་རྩོད་ལ་ངང་སྒུག་བྱེད་མཁན་དག་ནི་རྩ་དོན་ལ་ཡོལ་མཁན་རང་རེད། དེར་བརྟེན་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་བ་བཞག་སར་འུ་ཅག་གི་ལག་པ་སྙོབས་ཐབས་ཀྱང་མ་བྱུང་ཚེ། འདིར་འཛོམས་པའི་དཔྱད་མཆན་པ་དག་ཀྱང་དོན་གྱི་དྲ་འབུ་རང་རེད།
གཞན་གྱི་བསམ་ཚུལ་ལ་མནོ་བསམ་གཏོང་མི་འདོད་པའམ། གཞན་གྱི་དྲིས་གཞི་སྣང་མེད་དུ་བཏང་ནས་ལན་ཕྱིན་ཅི་ལོག་འདེབས་མཁན། སྐབས་རེ་རང་འཚང་བརྟོལ་འགྲོ་བར་དོགས་ནས་གྲགས་མེད་འགུལ་མེད་དུ་ཡུབ་ནས་འདུག་མཁན། མཚམས་ལ་རེ་ང་རྒྱལ་གྱི་ཁྲག་འཁོལ་ནས་དོན་མེད་ལ་ཚིག་རྩུབ་སྨྲ་བ་སོགས་ནི་གློག་རྡུལ་གྱི་དུས་རབས་འདིར་ཆེས་སྐྱུགས་བྲོ་ཞིང་ཐ་ཤལ་བའི་བྱ་སྤྱོད་རེད། དེ་ན་དྲ་ཐོག་འདིར་གླིང་ཚའི་རྗེས་འདེད་མཁན་རྣམས་ཀྱིས་ཤུག་པས་རེ་འབོད་ལྟར། གང་ཐུབ་ཀྱིས་ལམ་སྣ་རེ་འདྲེན་རོགས།
ཁྱོད་དཔའ་རྒོད་ཡིན་པ་ཚང་མས་ཤེས་ཡོད་རེད། ཡིན་ཡང་ཁྱོད་ཀྱིས་འདིར་རུ་བྲིས་བས་བདུན་པ་དེ་ལ་ངེས་ལན་མེད། གང་ཡིན་ཟེར་ན་ཁྱོད་མི་རིག་གི་དཔའ་རྒོད་ཡིན་པ་ལས་ཁྱོད་ཨ་ཕ་བཟང་པོ་ཞིག་མིན་པས་ཡིན། ཁྱོད་ཨ་ཕ་ངན་པ་ཞིག་རེད། ཁྱོད་ཨ་ཕ་རྒྱུ་འབྲས་མེད་མཁན་ཞིག་རེད། དགོང་དེེགས་ང་བཟི་ཡོད་ང་ཨ་ཕ་འགའ་ཟིག་ཡིན་ཁྱོད་ཀྱི་ཕྲུག་གུ་དེ་གཉིས་བསམ་ནས་ང་ངུ་མྱུང་། ང་ཡང་ཨ་མ་མེད་པའི་བུ་ཞིག་གི་ཨ་ཕ་ཡིན་པའི་སྡུག་གཏམ་ཤིག་ཤོར་ཐལ དཔའ་རྒོད་ཁྱོད་ལ་དགོང་དག་ཞུ། བུ་ཕྲུག་གཉས་ལ་ཕ་འཛོམ་མ་འཛོམ་ཡོང་བས་སྨོན་ལམ་སྙིང་ནས་དཀོན་མཆོག་ལ་ཞུ།
མང་གཙོའི་ལུང་པར་སྲིད་་ཇུས་གཅིག་དང་བརྒྱུད་ལམ་གཅིག་གི་ཐོགཏུ་བོད་མི་ཚང་མ་མགྲིན་དབྱངས་གཅིག་གྱུར་ཞིག་ཡོང་རྒྱུར་རེ་བ་ནི། འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་འཇའ་ཚོན་གོས་སུ་རེ་བའམ་ནམ་མཁའི་སྐར་ཚོགས་ས་ལ་འབེབས་འདོད་དང་གཉིས་སུ་མ་མཆིས་སོ།
དེ་ལས་ལག་ལེན་ཐུབ་པའི་བྱ་བ་འགའ་བརྩམས་དདགོས་པ་དཔེར་ན།
ཆོལ་ཁ་གསུམ་པོ་འཛིན་སྐྱོང་གཅིག་ཡོང་རེའི་དམིགས་ཡུལ་ལམ་སྒྲུབ་དཀའ་བའི་འཆར་གཞི་ཆེན་པོ་དེ་གནས་སྐབས་རང་ཕྱོགས་ནས་བློས་གཏོང་ཐུབ་ན།ད་གཟོད་གཞི་ནས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་མྱུར་བོད་དུ་གདན་འདྲེན་ཞུ་ཐུབ་
ངེས་ཡིན་པར་རིགས་པས་ཀྱང་སྒྲུབ་ཐུབ་སྙམ་མོ།