བོན་ཚང་།
ཀ་ཁའི་ཡུལ་ལུང་སྐྱིད་པོ་དེ་བསྐྱུར་ནས།།
ཁ་ཤོམ་ཆེ་བའི་ཕྱི་རྒྱལ་འདིར་སླེབས་ཡང་།།
ག་ལེར་འགྲོ་འདུག་སྤྱོད་གསུམ་ལ་ལྟོས་ན།།
ང་རང་སེམས་ནས་སྐྱོ་བ་ཞིག་སྐྱེས་སོང་།།
ཅ་ཅོ་མང་བའི་སྐད་འཕྲིན་གྱི་ནང་དུ།།
ཆ་རྒྱུས་ཡོད་མེད་ཚོགས་པ་རེ་བཙུགས་ཏེ།།
ཇ་ཆང་ཟས་སོགས་ཚོད་མེད་ལ་རོལ་ནས།།
ཉ་ཉོག་གཏམ་བརྗོད་འཐེན་པ་ལ་འཐོམ་འདུག།
ཏ་ཐཱ་ག་ཏའི་གསུང་རབས་ཀྱི་ནང་དུ།།
ཐ་མལ་མི་ཡི་བྱ་སྤྱོད་ཏེ་བཀག་མོད།།
ད་ལྟ་འཚོ་བའི་བོད་མི་འགའ་ལྟོས་ན།།
ན་ཟུག་རང་གི་སེམས་གཏིང་ནས་སྐྱེས་ཡོང་།།
པ་ཕའི་དྲང་བདེན་སྐད་ཆ་དེ་མ་ཉན།།
ཕ་རོལ་མི་ཡིས་སྤྱོད་ངན་ལ་མཉེས་ནས།།
བ་གམ་ཐོག་རྩེགས་ཁང་ཆེན་གྱི་ནང་དུ།།
མ་ཅང་ཤོ་རྒྱན་འཇོག་པ་ལ་གོམས་འདུག།
ཙ་ཙིག་བྱས་ནས་བོད་གཙང་གི་སྐད་རིགས།།
ཚ་འཚུབ་མེད་པར་རང་བཞིན་གྱིས་ཉམས་ནས།།
ཛ་ར་ཛོར་རེ་གཞན་སྐད་དེ་བསྲེས་དུས།།
ཝ་ལེར་རྒྱལ་བའི་བཀའ་གསུང་སྟེ་དྲན་སོང་།།
ཞ་ཞོར་བོད་མའི་གཤིས་བཟང་གི་གོམས་སྲོལ།།
ཟ་ང་ཟིང་ངེར་གཞན་ལུགས་དང་འདྲེས་ནས།།
འ་རྫི་རང་ཉིད་བོད་པ་ཞིག་ཡིན་པ།།
ཡ་ཆུང་གངས་དཀར་སེམས་གཏིང་ནས་བོར་འདུག།
ར་མ་ལུག་གི་སྤྱི་ཚོགས་འདིས་ནང་དུ།།
ལ་ལུང་མང་བའི་མི་རིགས་ནི་ཡོད་མོད།།
ཤ་རུས་གཅིག་པའི་བོད་རིགས་ཀྱི་སྤུན་ཟླ།།
ས་མཚམས་ཆུ་མཚམས་ཡོད་པ་དེ་མ་བརྗེད།།
ཧ་ཧ་དགོད་པའི་གཏམ་སྙན་ཞིག་མིན་མོད།།
ཧ་གོ་བོད་མི་རྩམ་ཟན་ཞིག་ཡིན་ན།།
ཨ་ལ་ལ་ཡི་ཁོང་དགོད་དེ་བསྐྱུར་ནས།།
ཨ་མའི་བུ་ལ་བསམ་ཤེས་རེ་གནང་རོགས།།
ཡག་པོ་བྲིས་འདུག