བོད་མི་རྒན་པོའི་གླེང་གཏམ་བཀྲ་ཤིས་འཁྱིལ་བ།
བོད་མིས་རང་གི་ཆོས་ལུགས་སྲུང་དགོས་ལ། ཆོས་ལུགས་མི་སྲུང་དེ་ནི་བོད་མི་མིན། བོད་མིས་བོད་སྐད་བོད་ཡིག་ཤེས་དགོས་ལ། བོད་སྐད་བོད་ཡིག་བརྗེད་ན་བོད་མི་མིན། བོད་མིས་བོད་ཀྱི་ཡུལ་སྲོལ་གོམས་དགོས་ལ། བོད་ཀྱི་ཡུལ་སྲོལ་བརྗེད་ན་བོད་མི་མིན། བོད་མིས་བོད་ཀྱི་བོད་ལྭ་གྱོན་དགོས་ལ། བོད་མིས་བོད་ཀྱི་བོད་ལྭ་མི་གྱོན་བོད་མི་མིན། བོད་མི་ལ་ལས་རང་གི་ལྷ་ཆོས་མི་འདོན་པ། མི་འདོན་དེ་ནི་བོད་མི་རང་གི་ངོ་ཚ་རེད། བོད་མི་ལ་ལས་རང་གི་མེས་པོ་བཀུར་མི་འདོད། མི་འདོད་དེ་ནི་བོད་མི་རང་གི་ངོ་ཚ་རེད། བོད་མི་ལ་ལས་དགེ་བཅུ་མི་སྲུང་མི་དགེ་བཅུ་ལ་བག་མེད་སྤྱོད། བོད་མི་དེ་ནི་བོད་མི་ཡང་དག་མ་ཡིན་ནོ།།
བོད་མི་རྣམ་པ། རྒན་དམན་བདག་གིས་བསམ་ཙ་ན། བོད་མི་དངོས་མ་ཉིན་སྐར་ཙམ་དུ་རེད། བོད་མི་ཁ་ཤས་རྒྱ་རིགས་ཕྱེད་ཙམ་གྱུར། བོད་མི་ཁ་ཤས་རྒྱ་རིགས་དངོས་སུ་གྱུར། དངོས་སུ་གྱུར་ཟིན་དེ་རྣམས། ཕྲན་བདག་གིས་བསམ་ཙ་ན། འདུ་ཤེས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་དང་། བསམ་པ་ཕྱིན་ཅི་ལོག་དུ་འགྱུར་བྱེད་མི་དེ་ཚོ་བོད་གྲས་ནས། ལོ་འདབ་རུལ་བ་ལྟ་བུ་དང་། ལམ་ལོག་ཏུ་སོང་བར་གྱུར་ངེས། མི་དེ་ཚོ་ལ་བོད་དམངས་ཀྱིས་ཅི་ཟེར་བ་ནི། བོད་ངན་བསམ་བློ་ཆུང་བ། བསམ་བློ་དམན་པ། བསམ་བློ་ཞན་པ། བསམ་བློ་ཕྱིན་ཅི་ལོག་པ་རྣམས་ཡིན་པའི་ཕྱིར། བོད་སྲོལ་ལ་བར་ཆད་དང་། བར་དགག་བྱེད་པའི་གནས་ཚུལ་དུ་གྱུར་བ་འདི་དག་བོད་མི་ཡང་དག་མ་ཡིན་ནོ།། གོང་གསལ་གྱི་ལྟ་ངན་དེ་ལས་ལྡོག་སྟེ་བོད་བཟང་བོའི་ཡུལ་སྲོལ་བར་ཞུགས་པའི་རེ་བ་ཡོད་ཕྱིར། མི་དེ་ཚོ་ལ་བོད་བཟང་། མི་བཟང་། མཚན་བཟང་། གསུམ་གྱི་མཚན་ཉིད་འཇོག་ངེས། མི་བཟང་དེ་ལ་ཕན་དང་གཏན་བདེ་ལྷུན་གྱིས་འགྲུབ། མི་བཟང་དེ་ལ་བོད་མི་རྒན་རབས་རྣམས་ཀྱིས་བསྟོད་བསྔགས་བྱེད། འདི་ཡི་ཕྱོགས་སུ་བོད་མི་དག་གིས་བརྩོན་པར་གྱིས། དེ་ལ་བོད་མི་རྒན་རབས་རྣམས་ཀྱིས་བོད་མི་གཞོན་དར་སོགས་ལ་བཀྲ་ཤིས་འཇོག ཡང་ཡང་བཀྲ་ཤིས་བདེ་ལེགས་ཐོབ་ངེས་ཡིན།
ཞེས་གོང་གསལ་གྱི་གཏམ་འདི་དག་ནི་དམན་རྒན་བདག་གིས་སྤྱི་ལོ ༢༠༡༠ ལོའི་བོད་ཟླ་༦པའི་ཚེས༣ ཉིན་བོད་མི་དག་ལ་ཕན་དུ་རེ་ནས་བྲིས་པའོ།།
གོང་བཀོད་བོད་མི་རྒན་པོའི་གླེང་གཏམ་བཀྲ་ཤིས་འཁྱིལ་བ་ཞེས་པ་འདི་གཞིས་ལུས་བོད་མི་རྒན་པ་ཞིག་གིས་བོད་ཐོག་འཛིན་པའི་ལར་ཞེན་དང་བརྩེ་སེམས་ཡོག་ཐོག་བཀོད་དེ་བོད་མི་འདུས་སྡོད་ཆེ་སའི་རྩིག་གྱང་ངོས་ལ་ད་ལོའི་ལོ་དཀྱིལ་ཙམ་ལ་སྦྱར་བ་དེ་ཉེ་སྔོན་འདི་གར་འབྱོར་བ་ལྟར་དྲ་གྲོགས་རྣམ་པའི་སྤྱན་སྔར་ཕུལ་བ་ཡིན།།