བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་འདི་ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ་འདུག Posted on 2012-12-042012-12-04 By ཁ་བརྡ་ 6 Comments on བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་འདི་ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ་འདུག རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས། འདི་ལོའི་བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཕུལ་འདུག ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་ཏེ་བཙོན་འོག་རྩོམ་པ་པོའི་དུས་དྲན་ཉིན་མོར། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་དེ། ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོངས་བཞིན་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་རྒྱ་རིགས་རྩོམ་པ་པོ་ཝུ་ཡིས་ལཱོང་གཉིས་ལ་ཕུལ་ཡོད་ལ། དེ་ནི་རྩོམ་པ་པོ་ཁོང་རྣམ་གཉིས་ཀྱི་རང་དབང་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་གཟེངས་བསྟོད་བྱས་པ་ཞིག་ཡིན་འདུག དེ་བཞིན། བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་ཁོང་གི་དེབ་ནང་དུ། “ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ” ཞེས་བརྗོད་ཡོད་པ་རེད། གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་སྟེ། ད་ལྟའི་རྒྱ་གཞུང་གིས་ས་ཁོངས་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ཨ་རིག་སྡེ་བའི་སློབ་ཆུང་དང་། རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར་པ་དང་། རྗེས་སུ་པེ་ཅིན་སློབ་ཆེན་དུ་ཞུགས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་མུ་མཐུད་སློབ་གཉེར་གནང་ཡོད་པ་རེད། རྩོམ་པ་པོ་ཁོང་ ༢༠༠༣ ལོར་རྒྱ་གར་ཏུ་བཙོན་བྱོལ་ཏུ་ཕེབས་ཏེ་སོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་རྩོམ་འབྲི་གནང་ཡོད་ལ། ༢༠༠༤ ལོར་ཕྱིར་བོད་ནང་དུ་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། ༢༠༠༥ ལོའི་ཕྱི་ཟླ་༣ ཚེས་ ༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༡ ཚེས་༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱི་སྒོ་ནས།རྩོམ་པ་པོ་ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཏང་བའི་ཉེས་མིང་འོག ལོ་༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་བཙོན་ཁང་དུ་གནས་སྤོར་བྱས་ཏེ། ད་ལྟ་དེ་གར་མུ་མཐུད་བཙོན་འཇུག་མནར་གཅོད་མྱོངས་བཞིན་ཡོད། གཞན་ཡང་། རྒྱའི་རང་དབང་སྨྱུག་ཚོགས་ཀྱི་རྒྱུན་ལས་མཐུན་ཚོགས་ཀྱིས་འདི་ལོར་བོད་རིགས་རྩོམ་པ་པོ་བཀྲ་ཤིས་རབས་བརྟན་དང་། དཀོན་མཆོག་ཚེ་བྷེ། གངས་སྐྱེས་སྒྲུབ་པ་སྐྱབས།དེ་བཞིན། རྒྱ་རིགས་རྩོམ་པ་པོ་ཁྲིན་ཞི་དང་ཀོ་ཀྲི་ཧྲིན། རའོ་ཝུན་ཝེ། ལིས་པིས་ཧྥིན་བཅས་ནི་བཙོན་གྲོལ་ཡོང་ཐབས་བྱ་དགོས་པའི་རྩོམ་པ་པོ་གཙོ་བོའི་གྲས་སུ་དམིགས་སུ་བཏོན་ཏེ་རྒྱལ་སྤྱིའི་སྨྱུག་ཚོགས་ལ་སྙན་གསེང་ཞུས་ཡོད་འདུག རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་༼བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག༽ཞེས་པའི་ནང་དུ། “ང་ཚོ་ཞེས་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་གདམས་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོར་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་ (Hellman/Hammett) ཀྱང་ཕུལ་ཡོད་པ་རེད། གསར་འགོད་པ། ཚེ་རིང་རྒྱལ། དུས་བབ་དྲ་ཚིགས་ལས་འདྲེན་བཀོད་བྱས། གསར་འགྱུར།
སེམས་ཤུགས་འཕར་སྤྱད་ཀྱི་རྒྱུ་རེད། སྟེར་མཁན་དང་སྟེར་ས་གཉིས་ཀས་བོད་ཀྱི་རྩ་དོན་འདིའི་རྣམ་པ་མཐོ་རུ་བཏེགས་པར་གུས་པ་ཞུ།
རྣམ་དཔྱོད་མཁའ་ལས་ཡངས་ཤིང་མི་རིགས་ཀྱི་ལ་རྒྱུ་མེ་སྟག་བཞིན་མཆེད་པའི་དཔའ་བོ་ཁོང་ལ་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ། ཁོང་མྱུར་ཏུ་བཙོན་གྲོལ་ཡོང་བར་སྨོན།
བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ་བར་རྗེས་སུ་་ཡིད་རིང་་ཡོད། ་དེ་ལས་གལ་ཆེ་བ་ནི་རྩོམ་པ་པོ་་ཁོང་མྱུར་དུ་བཙོན་གྲོལ་ཐོབ་པར་ལ་ཤུགས་རྒྱག་དགོས་སྙམ།
ཕྱི་ལོ་2012ལོའི་འཛམ་གླིང་ཤུཌ་རྐྱེན་ཆེ་བའི་འདྲ་པར་45 དེའི་ནང་ནས་ཨང་28དེ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་བཞག་འདུག་http://www.buzzfeed.com/mjs538/most-powerful-images-of-2012 དྲ་གྲོགས་ཤིག་གི་འཕྲིན་ཕྲན་ནས་བླངས།
བཀྲ་ཤིས་བདེ་ལེགས་ཞུ།
དཔའ་བོ་མཁས་པ་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ།
སེམས་ཤུགས་འཕར་སྤྱད་ཀྱི་རྒྱུ་རེད། སྟེར་མཁན་དང་སྟེར་ས་གཉིས་ཀས་བོད་ཀྱི་རྩ་དོན་འདིའི་རྣམ་པ་མཐོ་རུ་བཏེགས་པར་གུས་པ་ཞུ།
རྣམ་དཔྱོད་མཁའ་ལས་ཡངས་ཤིང་མི་རིགས་ཀྱི་ལ་རྒྱུ་མེ་སྟག་བཞིན་མཆེད་པའི་དཔའ་བོ་ཁོང་ལ་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ། ཁོང་མྱུར་ཏུ་བཙོན་གྲོལ་ཡོང་བར་སྨོན།
བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ་བར་རྗེས་སུ་་ཡིད་རིང་་ཡོད། ་དེ་ལས་གལ་ཆེ་བ་ནི་རྩོམ་པ་པོ་་ཁོང་མྱུར་དུ་བཙོན་གྲོལ་ཐོབ་པར་ལ་ཤུགས་རྒྱག་དགོས་སྙམ།
ཕྱི་ལོ་2012ལོའི་འཛམ་གླིང་ཤུཌ་རྐྱེན་ཆེ་བའི་འདྲ་པར་45 དེའི་ནང་ནས་ཨང་28དེ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་བཞག་འདུག་http://www.buzzfeed.com/mjs538/most-powerful-images-of-2012 དྲ་གྲོགས་ཤིག་གི་འཕྲིན་ཕྲན་ནས་བླངས།