ལོ་ཡག
དེ་རིང་ཕྱི་ཟླ་༩ ཚེས་༢༡ ཉིན། རྒྱ་གར་བྱང་ཤར་གྱི་ཚགས་ཤོག་བརྡ་འཕྲིན་ནམ་(The Telegraph)ཞེས་པའི་སྟེང་། ༼ལྐོག་ཚོང་བྱས་པའི་བུ་མོ་རྣམས་སྐྱོབ་ཕྱིར་བལ་ཡུལ་གྱིས་རོགས་རམ་འཚོལ་བ་༽ཞེས་པའི་མགོ་བརྗོད་ཅན་གྱི་གསར་འགྱུར་ཞིག་བཀོད་འདུག
གསར་འགྱུར་དེའི་ནང་འདི་ལྟར། ཟླ་འདིའི་བདུན་ཕྲག་གཉིས་པའི་ནང་། བལ་གཞུང་གི་ཆེས་མཐོའི་ཉེན་རྟོག་པ་ཁག་ཅིག་རྒྱ་གར་ལྡི་ལིར་ཕེབས་འབྱོར་གྱིས། བལ་པོའི་བུ་མོ་རྣམས་ལྐོག་ཚོང་གི་འཕྲང་ནས་སྐྱོབ་ཕྱིར། རྒྱ་གར་ཉེན་སྲུང་དཔུང་ཁག་སྐྱབས་དང་གྲོགས་སུ་བསྟེན་གཏུགས་གནང་བཞིན་པའི་སྒང་རེད་ཟེར།
ལོ་འདིའི་ཟླ་དྲུག་པའི་ནང་། སཱི་རི་ཡཱའི་ནང་དུ་བསླུས་ཚོང་བྱས་ཤིང་དེ་གར་ཁྱིམ་ཚང་ཞིག་གི་བྲན་གཡོག་ཏུ་ཉར་ཡོད་པའི་བུ་མོ་གཅིག་གི་ནང་མིས་ཞུ་གཏུགས་བྱས་པ་ལ་བརྟེན་ནས། བལ་ཡུལ་ཉེན་རྟོག་པས་བསླུ་ཚོང་པ་ཝི་ཞི་ནཱུ་རྟ་མང་(ལོ་༢༩)ཞེས་པ་དང་ཨེ་ཤཱི་ཝ་(ལོ་༣༡)ཟེར་པ་གཉིས་འཛིན་བཟུང་བྱས་ཤིང་། འདྲི་བརྩད་བྱས་པ་ལས། ཁོ་གཉིས་ཀྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀྱི་ནང་བུ་མོ་འགའ་ཤས་ཤིག་སཱི་རི་ཡཱའི་(Syria)ནང་བསླུས་ཏེ་བཙོང་ཟིན་པ་ངོས་ལེན་གནང་འདུག
དེ་ཡང་བུ་མོ་དེ་དག་དཱུ་བྷཱཡི་(Dubai)ནང་གི་ཆང་ཁང་དང་མཛེས་སྤྲོ་ཁང་སོགས་སུ་ལས་ཀ་དང་གླ་ཆ་ཕོན་ཆེན་སྤྲོད་རྒྱུར་ཁས་བླངས་ཏེ། དང་པོ་རྒྱ་གར་ལྡི་ལི་དང་དེ་ནས་དཱུ་བྷཱཡི་ནང་བསྐྱལ་རྗེས། སཱི་རི་ཡཱའི་ཁ་ཆེ་སྤྱི་གཞུང་འཐབ་དམག་(Islamic State militants)ས་ཚིགས་སུ་བུ་མོ་རེ་ཨ་སྒོར་༧༠༠༠ རེར་བཙོང་ཡོད་འདུག
ལོ་འདིའི་ཟླ་བདུན་པའི་ནང་། རྒྱ་གར་ལྡི་ལི་ཉེན་རྟོག་པས་རང་ལོ་༡༩ ནས་༢༤ ཅན་གྱི་བལ་པོའི་བུ་མོ་༢༡ ཚོང་ལམ་ནས་ཉེན་སྐྱོབ་ཐུབ་ཡོད་ཅིང་། ཆ་སྙོམས་བྱས་ན་ལོ་རེའི་ནང་བལ་པོའི་བུ་མོ་༡༠༠༠༠ ནས་ ༡༥༠༠༠ ཚུན་ཨེ་ཤཱི་ཡཱ་ནུབ་མ་དང་ལྷོ་ཨ་ཧྥི་ར་ཀཱའི་རྒྱལ་ཁབ་རྣམས་སུ་བསླུ་འཚོང་བྱེད་མུས་ཡིན་འདུག
བལ་པོའི་བུ་མོ་ཤིན་ཏུ་མང་པོ་ཞིག་བསླུ་ཚོང་པ་ཚོའི་གཡོ་རྫུན་སྣ་ཚོགས་ཀྱི་གཟེབ་ཏུ་ཚུད་པར་བརྟེན། མཐའ་མར་སླེབས་ས་ནི། ཁྱིམ་ཚང་སྒེར་པའི་བྲན་གཡོག་དང་། དྲག་སྤྱོད་པའི་འཁྲིག་སྤྱོད་རྐུབ་གཡོག་ཏུ་གྱུར་ཏེ་སྡུག་བསྔལ་མྱང་རྒྱུ་རེད།
དེང་གི་དངུལ་ཁོ་ནའམ་རང་རྒྱལ་གཞན་ཕམ་ལས་བསམ་རྒྱུ་དྲན་རྒྱུ་མེད་པའི་སྲིན་པོ་མི་ཡི་ཤ་ཚུགས་ཅན་སྤང་ལ་ཤ་མོ་བཞིན་རྡོལ་བའི་དུས་སྐབས་འདི་ལྟ་བུའི་ནང་། བོད་མི་སྤྱི་དང་ལྷག་པར་དུ་བུ་མོ་ཚོས་གནས་ཚུལ་འདི་དང་འདི་འདྲ་བ་རྣམས་མཐོང་ཐོས་དང་སྔ་དཔེ་རུ་བླངས་ཏེ་རང་སྲུང་དང་རང་མགོ་འཐོན་པར་གནང་རྒྱུ་ནི། སངས་རྒྱས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། ། གཞན་དུ་སུ་ཞེས་གསུངས་པ་ལྟར། གྲུང་ཤ་དོད་པོ་གནང་མ་ཐུབ་ན་རྙི་ནང་དུ་ཐེབས་ཟིན་པའི་ཚེ་ཕལ་ཆེར་ཉི་ཚེ་བའི་དམྱལ་པ་ལ་དངོས་དུ་སླེབས་ཟིན་པ་རེད།
ཉེ་ཆར་འཕྲིན་ཕྲན་གྱི་བརྒྱུད་ལམ་ན་གཞིས་ཀ་རྩེའི་བུ་མོ་ཞིག་གིས་མཐོང་ཐོས་བྲིས་པའི་གནང་ཚུལ་ཞིག་རྒྱུ་བ་འདི་ལྟར་རེད། དེ་ཡང་མིང་ལ་མིག་དམར་ཟེར་བའི་བུ་མོ་དེས་གཞིས་རྩེར་ཟ་ཁང་ཞིག་ཏུ་ལས་གཡོག་བྱེད་སྐབས་ཨམ་སྐད་ཤེས་པའི་ཕོ་གསར་ཞིག་གི་དགའ་རོགས་སུ་གྱུར་ཅིང་། ཕོ་གསར་དེའི་བསླུ་བྲིད་འོག་ཤོར་ནས་མཐའ་མར་རྒྱ་ནང་ཁ་ཆེའི་ཡུལ་ལུང་ཞིག་ཏུ་བཙོང་ཞིང་། དེ་ན་བོད་པའི་བུ་མོ་མང་པོ་ཡོད་པའི་ཁྲོད་ནས་གཅིག་ལ་ཁ་ཆེ་བས་མནར་གཅོད་ཇི་ལྟར་བཏང་པ་དངོས་སུ་མཐོང་པ་ལྟར་ཡི་གེར་བཀོད་འདུག
ཡི་གེ་དེའི་ནང་། ཉིན་གཅིག་ཁ་ཆེའི་ལྷ་ཁང་ཞིག་གི་འོག་ན་སྒེའུ་ཁུང་མེད་པའི་ཁང་པ་ནག་ཁུང་ཅན་ཞིག་གི་ནང་དུ་ཁྲིད་སོང་། དེར་བོད་པའི་བུ་མོ་འགའ་ཤས་སྔ་ས་ནས་ཁྲིད་ནས་ཡོང་འདུག དེ་ནས་ཅུང་མ་འགོར་བར་ཁ་ཆེ་ཁ་ཤས་ནས་བོད་མོ་ཞིག་རྐང་ལག་བཞི་རྒྱོང་ཤིང་རྒྱ་གྲམ་ཞིག་ལ་གཟེར་བཏབ་སྟེ་བརྒྱངས་པ་ཞིག་བསྟན་ཏེ། འདི་རང་ཁྱིམ་ལ་ཐེངས་དྲུག་འབྲོ་རྩིས་བྱས་པའི་ཉེས་ཆད་ཡིན་ཟེར། མིག་གཉིས་ཀྱི་ནང་དུ་ཚྭ་བཏབ་པ་དང་། ནུ་མ་གཉིས་ལ་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་གླན་ཏེ་བསྲེགས་པ་སོགས་ཉན་མི་བཟོད་པ་ཞིག་བཀོད་འདུག
དེ་བཞིན་ཉེ་སྔོན་བལ་ཡུལ་སྡེ་དགེ་སྐྱིད་སྡུག་ཚོགས་པས་བོད་མོ་གཉིས་ཨ་ཧྥི་རི་ཀའི་ས་ཁུག་ཅིག་ནས་ཉེན་སྐྱོབ་གནང་པའི་གནས་ཚུལ་ཞིག་བོད་ཀྱི་དུས་བབ་ཚགས་པར་སྟེང་དུ་བཀོད་པ་ལྟ་བུ་དང་། བོད་ས་ནས་བྱིས་ཕྲུག་མང་པོ་བོར་བརླགས་སུ་སོང་རྗེས་ལ་ཤས་ཀྱི་ཕུང་པོ་རྙེད་པ་དག་གི་དབང་པོ་བཀོག་ཟིན་པའི་པར་སོགས་ཡ་ང་བ་མང་པོ་མཐོང་རྒྱུ་འདུག
ཕྲན་ནས་གོང་གི་གཞིས་རྩེའི་བུ་མོའི་གནས་ཚུལ་དེ་གྲོགས་པོ་ཞིག་ལ་གླེང་དུས། ཁོས་འདི་ལྟར། འདོད་སྲེད་ཀྱི་དབང་དུ་སོང་དྲགས་ན། སྡུག་གྱོང་རེད་ཟེར། དངོས་དོན་ལྟར་ན་ཆགས་སྲེད་དེ་སྐྱོན་ཞིག་ཏུ་བརྩི་མི་རུང་མོད། གླེན་ལྐུགས་ལྟ་བུ་དང་མིག་ལྡན་གཡང་མཆོང་གི་སྒྲུང་གཏམ་ནང་གི་མི་སྣ་དེ་དག་གི་རྗེས་སུ་འགྲོ་བ་ནི་དངོས་གནས་ཁོང་ཁྲོ་ལང་གཞི་ཞིག་ཀྱང་རེད།
འདི་དག་ནི་ཟ་ཟུར་གྱི་མཐོང་ཐོས་ཙམ་རེད་ལ། ང་ཚོའི་མཐོང་ཐོས་དང་ཤེས་རྟོགས་སུ་མ་གྱུར་པའི་གྲངས་ཀ་ནི་ཅི་ཙམ་ཡིན་ནམ། དེ་བས་ཆེས་ཤིན་ཏུ་མང་བ་ངེས་གཏན་རེད། བོད་ནང་ལ་མཚོན་ན། བོད་མི་རིགས་རྩ་མེད་གཏང་ཕྱིར་རྒྱ་གཞུང་གི་སྲིད་ཇུས་ནག་པོ་དེ་འདི་དག་གི་རྒྱབ་ལོག་ན་མིག་ཅེ་རེ་ལོང་དུ་བརྫུས་ནས་བསྡད་ཡོད། དཔེར་ན། བོད་དབུས་ནས་མདོ་ཁམས་སྨད་ཕྱོགས་སུ་ཆབ་སྲིད་ཡིག་ཆ་ཞིག་ཀྱང་ཐར་དཀའ་བ་དེ་ལྟར་ཡང་བྱིས་པ་དང་བུ་མོ་ཡི་ཚོང་རྫས་རྣམས་བདེ་བླག་ངང་ཐར་བཞིན་པ་འདི་ནི་ཤིན་ཏུ་དྲི་རྟགས་ཆེན་པོ་ཞིག་རེད།
ད་ནི་བྱ་ཐབས་ཅི་ཞིག་ཡོད། གཅིག་རང་ཡོད་པ་དེ་ནི་རང་རང་གི་ཤེས་རྟོགས་(awareness) གོང་མཐོར་གཏོང་རྒྱུ་དེ་རེད། །
གནས་ཚུལ་དཔེ་ཡག་པོ་གསལ་བཤད་གནང་འདུག་ཀྱང་ཉོན་མཁན་དཀོན་པོ་རེད། གང་ཡིན་ཞེ་ན་ཡིད་ཆེས་བྱ་ཀི་མ་རེད་དོ།།
དེང་ནག་ཚོགས་ཀྱི་ཡོང་བབས་ཆེ་ཤོས་ནི། མཚོན་ཆ་དང་བུད་མེད་ལྐོག་ཚོང་བྱེད་རྒྱུ་དེ་ཡིན་པ་ཡོངས་བསྒྲགས་རེད། དབྱིན་སྐད་ནང་བུད་མེད་ཚོང་འབྲེལ་ལ་ (Flash Trade) དང་། (Skin Trade) ཡང་ན། (Humen Trafficking) སོགས་བེད་སྤྱོད་བྱེད་བཞིན་འདུག་སྟབས། གོང་གསལ་གསར་གནས་ལ་ཡིད་ཆེས་མེད་མཁན་རྣམས་ཀྱིས་གོང་བཀོད་དབྱིན་ཇིའི་ཐ་སྙད་དག་བཀོལ་ཏེ། དྲྭ་ལམ་དུ་འཚོལ་ཞིབ་གནང་དང་བདེན་དོན་མཁྱེན་ངེས་ལགས།
གནས་ཚུལ་ཡག་པོ་བཀོད་འདུག བཀའ་དྲིན་ཆེ་ཞུ།
མ་གཞི་སོ་སོས་གཟབ་གཟབ་བྱེད་དགོས་ཀྱི་རེད། ཡིན་ཡང་ལས་དབང་ཟེར་བ་དེ་ཟློག་རྒྱུ་དཀའ་མོ་རེད། དཀོན་མཆོག་མཁྱེན། ང་སྔོན་ཆད་རྡ་ས་ན་ཡོད་དུས། པན་ཇབ་ཀྱི་མི་ཞིག་དང་ངེད་གཉིིས་སྐད་ཆ་བྱུང་། མི་ཁོ་རང་ཧ་ཅང་གི་གཤིས་བཟང་ཞིག་ཡིན་པར་མ་ཟད། འགྲོ་སོང་ཡང་གང་འདོད་ལ་གཏོང་མཁན་ཞིག་རེད་འདུག ཅང་མ་འགོར་བར་ཁོས་བཤད་རྒྱུ་ང་དང་མཉམ་དུ་གྲོང་འཁྱེར་ལ་འཁྱམ་ཀི་འགྲོ་ཟེར། ཁོ་ལ་རླངས་འཁོར་ཀྱང་ཡོད་ཟེར་ནས་འུ་ཚུགས་བྱས་སོང་། རྗེས་སོར་བསམ་བློ་བཏང་དུས་ཁོས་ཅི་བྱེད་རྩིས་ཡིན་ནམ། ང་བུ་མོ་ནི་མིན། ཡང་ན་ངའི་དབང་བོ་ཞིག་ལེན་རྩིས་ཡིན་ནམ། ཡང་ན་ཁོ་བུ་ལ་དགའ་མཁན་ཞིག་ཡིན། རྒྱུ་མཚན་ཞིག་ཏན་ཏན་ཡོད་ཀྱི་རེད། གང་ལྟར་ཀྱང་ང་ནི་ཅི་ཕྱིར་ཁོ་ཡི་མཉམ་དུ་འགྲོ། འདི་འདྲ་བྱས་ཏེ་ཁྲིད་ཡོད་རྒྱུ་རེད་སྙམ། །
དུས་ལ་བབ་པའི་གཏམ། མཉན་པར་འོས་པའི་གདམས་ངག
ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ་ཞུ།དངོས་ཡོད་གནས་ཚུལ་འདི་འདྲ་བཀོད་ན་ཡག་པོ་འདུག
ཡིམ་ཡང་རྟ་བདུན་དབང་པོ་ཟེར་བ་ཞིག་གིས་ལས་དབང་རེད་མདོག་མདོག་བཤད་ཀྱི་འདུག དང་པོ་ལས་དབང་ཟེར་བའི་ཚིག་འདི་ལ་གོ་དོན་ཡག་པོ་དགོས།གཅིན་སྐྱག་གཏོང་དགོས་པ་ཡང་ལས་དབང་ཡིན་ནམ།