འབྲོག་འཆང་།
སྐད་ཆའི་ཚིག་ལ་རྣ་རྒྱན་མ་བཞག་པར་དོན་དངོས་བདེན་གཏམ་ཞིག་བཤད་ན། རང་དབང་གི་ཡུལ་ལུང་གང་དག་ན་གནས་པའི་བོད་རིགས་མང་པོ་ཞིག་གིས་རང་གི་བོད་མིང་བརྗེས་ནས། གནས་སྡོད་ལག་ཁྱེར་སྒང་ལ་དབྱིན་མིང་བཀོད་ཀྱིན་འདུག ཁྱོད་ཀྱིས་རང་གི་བོད་མིང་དོར་ནས་དབྱིན་མིང་འདོགས་དོན་ག་རེད་ཡིན་ནམ་ཞེས་དྲིས་ན། སྤོབས་སེམས་ཆེན་པོས་དབྱིན་མིང་ལ་བཟང་ཆ་མང་པོ་ཡོད་ནི་རེད། དབྱིན་མིང་ཡིན་ན། ལས་ཀ་རག་བདེ་བ། མིའི་ལྟ་སྟངས་ཡག་པོ་ཡོད་པ། ཕ་ཡུལ་ལ་འགྲོ་ན་རྒྱ་ནག་དོན་གཅོད་ཁང་ནས་ཕ་ཡུལ་ལ་འགྲོ་བའི་མཐོང་མཆན་རག་པའི་དགེ་ཕན་སོགས་མང་པོ་ཡོད་ནི་རེད་ཟེར་ནས། ཚུར་སློབ་བསྟོན་བྱེད་མཁན་མ་མང་ན་མི་ཉུང་བ་ཞིག་འདུག ཁོ་ཚོའི་ལྟ་ཚུལ་དེ་ནི་སྒེར་སེམས་རང་ལུགས་ཀྱི་ཁེ་དབང་ཁོ་ན་ཡིན་པས་དེ་ལ་ཡིད་རྟོན་དང་རྗེས་འབྲང་བྱ་མི་རུང་སྙམ།
རང་གི་སྐད་ཡིག་དང་མི་རིགས་ལ་དུང་བ་ཟབ་པའི་བོད་རིགས་བསམ་བློ་བ་དང་ཤེས་ཡོན་མཁན་རྣམ་པ་ལགས། ལས་རིགས། མིང་གྲགས། ཆེ་མཐོང་བཅས་ཀྱི་ཆེད་དུ་རང་མིང་དོར་ནས། གཞན་མིང་བཀོད་སྤྱོད་བྱེད་པ་ནི། བོད་མི་རིགས་ཀྱི་ཁྱད་ཆོས་མ་རྟོགས་པའི་རང་དང་བོད་མིང་གི་ཁྱད་ནུས་རྩིས་མེད་བཏང་བ། གཞན་མིང་གི་ཁྱད་ནུས་ལ་མངོན་སོ་བྱས་ནས་སྐྱབས་བཅོལ་བ་ནི། ཅི་འདྲའི་ངོ་ཚ་མེད་པའི་ཞབས་འདྲེན་གྱི་ལས་ཞིག་མ་ཡིན་ནམ།
གཅིག་བྱས་ན་ངའི་ནོར་འཁྲུལ་ཡིན་ཡང་སྲིད། ནོར་འཁྲུལ་ཡིན་རྒྱུའི་དབང་དུ་བཏང་ཡང་། ནོར་འཁྲུལ་ཡིན་བསམས་ནས་འགྱོད་སེམས་སྐྱེ་རྒྱུའི་ཚབ་དུ་ང་ནི་བོད་རིགས་ཤིག་ཡིན་བསམ་པའི་སྤོབས་པ་མཐོན་པོ་དང་སྣང་བ་སྣ་མགོ་རེད། ཨོ་སི་ཌི་ལི་ཡར་གནས་སྡོད་བྱས་ནས་ལོ་འཁོར་བཅུ་ལྷག་ཅིག་ཡིན། ལས་རིགས་སྣ་ཚོགས་ཤིག་ལ་སྙན་ཞུ་ཕུལ་མྱོང་ལ་ལས་ཞུགས་ཀྱང་གང་ཙམ་བྱེད་མྱོང་། ལས་ཀ་ཐོབ་པ་ལས་ཤོར་བ་མང་ཟེར་ན་ཆོག སྤྱིར་བཏང་ལས་རིགས་ཅི་ཞིག་ཡིན་ཡང་འགྲན་རྩོན་གྱི་རྣམ་པ་དང་། འགྲན་རྩོན་དེ་ནི་མི་སོ་སོར་འཇོན་ནུས་གང་ཡོད་པ་རྣམས་དུས་ལྟར་གནད་ལ་འཁེལ་མིན་གྱི་འགྲན་རྩོད་རེད། ང་ལ་མཚོན་ན་ཉམས་མྱོང་། འཇོན་ཐང་དང་ནུས་པ་སོགས་ཀྱིས་དྲི་ལན་དུས་ལྟར་གནད་ལ་འཁེལ་མིན་སོགས་ཀྱི་ཆ་ནས། ཞན་སྐྱོན་མང་བས་ལས་རིགས་མང་པོ་ཞིག་ཐོབ་པ་ལས་གཞན་ལ་ཤོར་བ་ཧ་ཅང་མང་། དེ་དག་ནི་རང་གིས་མ་འཇོན་པ་དང་མ་ནུས་པ་རེད་མ་གཏོགས་བོད་མིང་གི་ཞན་སྐྱོན་རེད་ཟེར་ན་ག་ལ་འགྲིག་གམ། མི་སུ་ཞིག་ཡིན་རུང་། གནས་སྡོད་གང་ཞིག་ཡིན་མིན་ལ་མ་ལྟོས་པར་སོ་སོར་ལོ་རྒྱུས་དང་ཁུངས་གཏོགས་ཡོད། དཔེར་ན། རྒྱལ་ཁབ། མི་རིགས། སྐད་ཡིག་དང་ལོ་རྒྱུས་སོགས་ནི་སུ་ཞིག་གིས་བསུབ་ཐབས་བྲལ་བ་རེད། དེས་ན་རྒྱལ་ཁབ་ལ་ཞེན་པའི་མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་སྐད་ཡིག་ལ་དུང་བའི་སྤོབས་སེམས་མེད་ན། དོན་དངོས་ཀྱི་མི་དེ་ག་འདྲ་ཞིག་ཡིན་མིན་འགྲེལ་མ་དགོས་པ་རེད་འདོད། འོད་ཀྱང་། ཁ་བརྡ་ལ་བཞུགས་པའི་རྒྱལ་ཁབ་ཕྱི་ནང་གང་ན་ཡོད་པའི་བོད་རིགས་སྤུན་ཟླ་ཀློག་པ་པོ་རྣམས་ཀྱིས་ལྟ་ཚུལ་དང་འདོད་ཕྱོགས་ག་འདྲ་ཡིན་མིན་ཤེས་རྟོགས་ཀྱིས་ཚུལ་དུ་སྙན་སེང་དང་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བརྗོད་པ་ཡིན།
སྤྱི་ལོ་༢༠༡༩ཟླ་༠༩ཚེས་༠༡ཉིན་རང་རིགས་ཀྱིས་ཁ་བརྡ་བྱས་པའི་ལྟ་ཚུལ་རགས་ཙམ་བྲིས།
འཛམ་གླིང་གིས་ས་གཞི་ཆེན་པོ་འདིའི་སྟེང་འཚོ་བའི་མི་རིགས་ག་འདྲ་ཞིག་ཡིན་ཀྱང་མི་རིགས་རེར་དབང་བའི་སྐད་ཡིག་རིག་གཞུང་དང་རྒྱལ་ཁབ་དང་སྲིད་གཞུང་་བཅས་ཡོད་པ་ནས་མི་རིགས་འཚོ་གནས་ཐུབ་པའི་
སོ་སོའི་ཕ་མེས་ཀྱིས་སྐད་ཡིག་རིག་གཞུང་དང་ནམ་ཡང་ཁ་བྲལ་མི་ཉན་པ་དང་མི་རིགས་གང་ཞིག་སོ་སོའི་ཕ་མེས་ནས་རྒྱུད་པའི་སྐད་ཡིག་རིག་གཞུང་དང་ཁ་བྲལ་ཚེ་དེ་འདྲའི་མི་རིགས་དེ་ལ་རྒལ་ཚིག་དང་ཁྲག་རྩ་མེད་པར་ངོས་འཛིན་བྱས་ཆོག་པ་ནི་སྐད་ཡིག་དང་རིག་གཞུང་ནི་མི་རིགས་དེའི་འབྱུང་ཁུངས་ཡིན་ལ་ངོ་བོ་ཡང་ཡིན།