སྤོབས་པ་མཐའ་ཡས།
སྤྱི་ཚོགས་གང་ཞིག་ལ་དཀའ་ངལ་འཕྲད་སྐབས་སྤྱི་ཚོགས་དེའི་དཀའ་ངལ་འཕྲད་སའི་ཚོགས་སྡེ་དང་། གྲལ་རིམ། ལས་རིགས་བཅས་ཀྱི་ཁྱད་པར་ལ་བརྟེན་ནས་དཀའ་ངལ་གྱི་ཚད་དང་རྣམ་གྲངས་མི་འདྲ་བར་འགྱུར་གྱིན་ཡོད། རང་རེ་བོད་ལ་མཚོན་ན་ཕྱིའི་བཙན་གནོན་གྱི་དཀའ་ངལ་དེས་སྤྱི་ཚོགས་སྤྱི་ལ་མ་ཁྱབ་པ་མེད་ཀྱང་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ལས་ཀྱང་མཁས་པ་ཚོར་དཀའ་ངལ་ཆེ་བ་འཕྲད་ཀྱིན་ཡོད། དེ་ཡང་ལས་རིགས་དང་དམིགས་ཡུལ་མི་འདྲ་བའི་གནད་འགག་ལ་བརྟེན་ནས་ཆབ་སྲིད་ཀྱི་གནོན་ཤུགས་དང་དཔལ་འབྱོར་གྱི་མདུན་ལམ་གང་ཐད་ནས་རྒྱ་ནག་གཞུང་གིས་ཀྱང་མཁས་པ་ཚོ་ནམ་ཡང་མགོ་འབུར་འཇུག་འདོད་མེད་པ་རེད།
ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་མིའི་བཙན་འཛུལ་འདི་ཞིང་པ་བཅིངས་འགྲོལ་དང་དམའ་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་ཁ་གཡར་ནས་སླེབས་སྟབས་ས་ཞིང་དང་ཕྱུག་ནོར་བགོ་འགྲེམ་དང་གྲལ་རིམ་མགོ་སྙོམ་གྱིས་མཚོན་པའི་ཁེ་བཟང་ཡང་གང་འཚམས་རག་ཡོད་པ་དངོས་བདེན་ཡིན། བོད་ལ་མཚོན་ན་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འདི་ཡིན་སྟབས་རྒྱ་ནག་གི་བཙན་འཛུལ་དེ་ཡང་དམར་ཤོག་པའི་ལྟ་གྲུབ་སྤེལ་བའི་ཁ་གཡང་འོག་ནས་སླེབས་སྟབས་བོད་ཀྱི་མཁས་པ་དང་ཆོས་ལུགས་པ་ཁ་བྲལ་མི་ཐུབ་པའི་རྐྱེན་གྱིས་བོད་མི་མཁས་པ་ཚོ་ལ་ཚབ་ཆེ་བའི་རྡུང་བརྡེགས་ཕོག་པའི་རྐྱེན་ངན་ཞིག་ཏུ་གྱུར་འདུག
ད་ལྟའི་གནས་སྟངས་ལ་བལྟས་ན་ཡང་རྒྱ་ནག་གི་རྒྱུགས་ཁྱིར་ཉར་འདོད་ཀྱིས་གསོ་སྐྱོང་བྱས་པ་རེ་ཟུང་མ་གཏོགས་བོད་མི་མཁས་པ་ཞིག་བོད་རང་གི་རིག་གནས་ཀྱི་ཆེད་ལས་བརྟེན་ནས་རང་ཁ་སོས་མཁན་ཕལ་ཆེར་མེད་ཅེས་བརྗོད་ཐུབ་པ་ཞིག་རེད། ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་ནག་གི་མི་རིགས་གཞན་དང་དབྱེ་བ་ཆེར་མེད། ཁོ་ཚོར་ད་དུང་ས་ཞིང་དང་ཕྱུག་ལུག་ཡོད་ལ་འཚོ་ཐབས་དེའི་སྟེང་ནས་ལས་ཀ་གང་བྱས་རང་དབང་ཡིན་ཐོག་དཀའ་ངལ་བྱུང་ན་རྒུད་སྐྱོབ་ཀྱི་རོགས་དངུལ་ཡང་ཐོབ་ཀྱིན་ཡོད། མཁས་པ་ཞིག་ལ་མཚོན་ན་ནམ་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པའི་དབྱུག་པ་ནམ་ཡང་མགོ་ཐོག་ན་འཕྱར་ཡོད་ཡོད་པ་ཡིན་ཞིང་རང་གི་སྐད་ཡིག་གི་བཀོལ་སྤྱོད་རྒྱ་ཇེ་ཆུང་དུ་བསྒྱུར་བའི་རྐྱེན་གྱིས་བོད་ཀྱི་མཁས་པ་ཚོའི་འཚོ་ཐབས་ཀྱི་ལམ་ཁ་ཚང་མ་བཀག་ཚར་ཡོད།
ད་ལྟའི་བོད་ཀྱི་མཁས་པ་ཚོའི་གནས་སྟངས་ལ་བལྟས་ན་བོད་ཕྱི་ནང་དུ་འགྱེལ་ལ་ཉེ་བའི་གྱང་རྩར་འགྲེངས་ཏེ་རྩོམ་ཡིག་འབྲི་བ་དང་འཆད་ཁྲིད་བྱེད་པའི་ལས་ཀ་ལ་ཨུ་ཚུགས་བྱེད་མཁན་མཁས་པ་ཆེས་ཉུང་ཤས་ཤིག་ཡོད་ལ། དེ་བཞིན་གཡུལ་ས་བློས་བཏང་ནས་ཕྱིའི་རིག་གནས་ལ་མགོ་བཏགས་ཞུས་ཟིན་མཁན་ཡང་མང་པོ་ཡོད། གཡུ་འབྲུག་གནམ་ལས་ལྷུང་སྟེ་སློབ་སྦྱོང་གི་གནས་ཚད་ཆེས་དམའ་བའི་ལས་རིགས་ལ་ཞུགས་ནས་འཚོ་བ་སྐྱེལ་བཞིན་པ་ཡང་མང་པོ་ཡོད། མདོར་ན་བོད་ཀྱི་མཁས་པ་ཚོའི་མདུན་ལམ་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་འདུག
ངས་འདིར་རབ་བཏགས་དང་ཆབ་སྲིད་ཀྱི་དགོས་མཁོའི་སྐད་ཆ་གང་ཡང་མིན། བོད་མི་མཁས་པ་ཚོས་རང་རང་ལ་བསམ་བློ་ཞིག་ཐོངས། བོད་མི་མཁས་པ་གཞན་པ་ཚོ་ལ་བསམ་བློ་ཞིག་ཐོངས་དང་བོད་ཀྱི་མཁས་པ་ཞིག་གི་བོད་ཀྱི་རིག་གནས་ལ་བརྟེན་ནས་སྒེར་གྱི་འཚོ་ཐབས་ཐག་གཅོད་པ་ཙམ་ལ་ཡང་དཀའ་ངལ་མ་འཕྲད་ས་ཞིག་མི་འདུག མི་རིགས་ཤིག་གི་ངོ་བོ་དང་རིག་གཞུང་ཞིག་གནས་དང་མི་གནས་ཀྱི་གནད་དོན་དེའི་སྟེང་ནས་ལྟ་སྐབས་ཞིང་འབྲོག་མང་ཚོགས་ཀྱི་དཀའ་ངལ་ལས་ཀྱང་མཁས་པ་ཚོའི་དཀའ་ངལ་འདི་ཆེས་ཉེན་ཁ་དང་གནད་འགག་ཆེ་བ་ཞིག་ཡིན།
དཔེ་མཚོན་ཆུང་གྲས་ཤིག་གླེང་ན་འདི་རེད། བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་གི་ནོར་བུ་གླིང་ཁའི་རྩོམ་སྒྲིག་སྡེ་ཚན་གྱི་ལས་ཀ་དེ་ལྟ་བུ་ཡིན་ན་མི་རྐྱང་ཞིག་གི་འཚོ་བ་འཁྱོལ་ཙམ་ཡོད་ཀྱང་དེའི་ཁྱིམ་ཚང་ཞིག་གི་རྒྱུན་ལྡན་གྱི་འཚོ་ཐབས་དཀྱུས་མ་ཞིག་ཀྱང་འཁྱོལ་གྱིན་མི་འདུག དེར་བརྟེན་རྩོམ་སྒྲིགསྡེ་ཚན་གྱི་ལས་ཀ་ལས་ཀྱང་མེག་ལོར་སྲང་ལམ་དུ་ཡོང་ནས་སྔོ་ཚལ་མོག་མོག་བཙོང་ན་རྩོམ་སྒྲིག་ཕོགས་ཐོབ་ལས་རྡབས་གཉིས་གསུམ་གྱི་མང་སྟབས་ཁྱིམ་ཚང་དཀྱུས་མ་ཞིག་གི་འཚོ་བ་འཁྱོལ་ཙམ་ཡོང་གིན་འདུག
དེར་བརྟེན་རང་གཞན་གྱི་གཏོང་ཕོད་ཅན་ཚོས་བོད་ཀྱིསྤྱི་ཚོགས་ཕྱོགས་གང་སར་རོགས་སྐྱོར་བྱེད་མཁན་མང་པོ་འདུག་ཀྱང་བོད་ཀྱི་མཁས་པ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཙམ་མ་མཐོང་བ་ཐབས་སྐྱོ་བོར་མཐོང་། ངས་འདིར་གླེང་འདོད་པ་ནི་གཏོང་ཕོད་ཅན་ཚོས་བོད་ཀྱི་མཁས་པ་དབུལ་པོ་ཚོར་རོགས་སྐྱོར་བྱ་རྒྱུ་གལ་ཆེར་འཛིན་དགོས་འདུག་ཅེས་ཞུ་འདོད་བྱུང་། །
མཁས་པ་མཁས་པའི་ས་ལ་ཆས་པ་ན།།
མཁས་པའི་གོ་འཕང་གནམ་མཁའི་མཐའ་ལས་འགོངས།།
མཁས་པ་མི་ཡི་ཚོགས་སུ་འཚངས་པ་ན།།
མཁས་པའི་གོ་འཕང་དོག་མོ་ས་ལས་དམའ།།
ལུང་པ་མེད་པས་མཁས་པ་གསོ་ལུགས་མེད།།
ལུང་པ་མེད་པས་དཔེ་དེབ་ཚོང་ལུགས་མེད།།
ཐམས་ཅད་ལུང་པ་དག་ལ་རག་ལས་པས།།
ད་ནས་ལུང་པ་ལེན་ལ་འབད་པར་རིགས།།
ཀུ་རེའི་ཚིག་གོ།།
རང་ཡུལ་ཡོད་ན་ས་དང་ལམ་ཡང་བཟང་། །
རང་ཡུལ་མེད་ན་ས་དང་ལམ་ཡང་ངན། །
ཐམས་ཅད་རང་ཡུལ་དག་ལ་རག་ལས་པས། །
རྟག་པར་རང་ཡུལ་ཐོབ་ལ་ནན་ཏན་བྱ། །
འདི་ལྟར་བརྗོད་ན་མི་མཛེས་སམ།
སྙིང་ཁ་གཟུངས་སྤོབས་རིགས་པའི་གཏེར་མཛོད་དུ།། ཚངས་པའི་སྲས་མོ་གཏན་ཏུ་བཞུགས་པ་ལ།། མི་བཟོད་ཁྲོ་བ་འབར་བའི་ནོར་རྒྱུན་མས།། དབྱིག་གི་འབྱོར་བས་བདག་ལ་ཕོངས་པར་བྱས།། ཞེས་ཀྱང་སྨྲས་སོ།།
གནའ་སྔ་མོ་ནས་མང་ཚོགས་དཀྱུས་མ་ལས་མཁས་པའི་སྤྱི་ཚོགས་ལ་བཟའ་བཏུང་གི་མཐུན་རྐྱེན་རགས་པ་འཛོམས་མེད་པ་བོད་རིགས་ཙམ་མིན་པར་རྒྱལ་ཁབ་དང་ཡུལ་ལུང་གཞན་དག་ལ་ཡང་དེ་ལྟར་བྱུང་དང་འབྱུང་བཞིན་པ་ཁོང་ཚོའི་མཁས་པ་ཚོའི་རྣམ་ཐར་ལ་བལྟས་ན་གསལ་པོ་རྟོགས་ཐུབ། དཔེར་ན། རྒྱ་གར་གྱི་མཁས་པ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བསྔོ་བའི་ལེའུ་ལས། མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །ཅེས་པའི་སྨོན་པའི་ཚིག་བརྗོད་པ་ལས་སྤྱི་ཡོངས་ཀྱི་གནས་སྟངས་རོབ་ཙམ་རྟོགས་ཐུབ་པར་མ་ཟད། བོད་མིའི་ངག་རྒྱུན་དུ། ཤེས་རབ་ཀྱི་ལྷ་ལྷ་མོ་རིག་བྱེད་མ་དང་། ནོར་གྱི་ལྷ་ལྷ་མོ་ནོར་རྒྱུན་མ་གཉིས་ཕན་ཚུན་ཕྲག་དོག་བྱེད་ཀྱི་ཡོད་སྟབས། མཁས་པ་ལ་རྒྱུ་ནོར་མི་ཐོབ་པ་དང་རྒྱུ་ནོར་ཅན་ལ་རིག་པ་མི་ཐོབ་ཟེར་བའི་བཤད་རྒྱུན་ཞིག་ཡོད། ཚིག་བརྗོད་འདི་ལ་ཧོབ་སྟེ་བལྟས་ན་བཅོས་སྒྲུང་གི་བཟོ་ཞིག་ལས་མེད་ཀྱང་བསམ་བློ་ཞིབ་ཏུ་བཏང་ཚེ་གོ་བ་གཏིང་རིང་པོ་ཡོད་པ་འདོད། དེང་སྐབས་ཡིན་ན་ཡང་དོན་དམ་པའི་མཁས་པ་དང་སེམས་གཏིང་ནས་རིག་པ་དོན་དུ་གཉེར་པ་ཞིག་ཡིན་ན་དེ་ལ་དངོས་པོའི་མཐུན་རྐྱེན་འཛོམས་པོ་མི་ཡོང་བ་སྤྱི་ཡོངས་ཀྱི་ཆ་ནས་ཆོས་ཉིད་ཀྱིས་གཏན་ལ་ཕབ་པའི་ཚད་ཐིག་ལྟ་བུ་འི་གནས་སྟངས་དེ་སོ་ན་གནས། རྒྱུ་མཚན་གཙོ་བོ་དེ་འདྲ་དེས་རིག་པ་མ་གཏོགས་དངོས་པོའི་མཐུན་རྐྱེན་དོན་དུ་མི་གཉེར་བས་ཡིན། མཁས་པས་རང་ཉིད་ཀྱིས་དོན་དུ་གཉེར་བའི་རིག་པ་མཆོག་ཏུ་བཀུར་བ་ལས་དངོས་པོའི་མཐུན་རྐྱེན་ལ་དེ་ལྟར་མིན། དེར་བརྟེན་ངས་བསམ་ཚུལ་ལ་དངོས་པོའི་མཐུན་རྐྱེན་འཛོམས་པོ་མེད་པ་མཁས་པས་དཀའ་ངལ་དང་མི་ཚེའི་རྡོག་ཕྲེས་ཤིག་ཏུ་ཚོར་མི་སྲིད། མཁས་པ་བཟའ་བཏུང་གི་མཐུན་རྐྱེན་གྱིས་འཕོངས་ནས་ཤི་སོང་བ་ཞིག་དེང་སང་གི་སྤྱི་ཚོགས་འདིའི་ནང་སྲིད་མཐའ་ཙམ་དུ་ཟད། རྒྱས་སྤྲོས་ཀྱི་མཐུན་རྐྱེན་ཟེར་ན་དེ་གནས་ཚུལ་གཞན་དག་ཅིག་རེད། གནད་དོན་གཉིས་པའི་ཐད། རྒྱ་མིའི་བཙན་འཛུལ་གྱིས་བོད་མི་མཁས་པ་དང་བླུན་པོ་ཙམ་དུ་མ་ཟད་རི་ཆུ་ནགས་གསུམ་ཀུན་ལ་ཆ་མཉམ་གྱིས་དཀའ་ངལ་ཞིག་བྱུང་དང་འབྱུང་བཞིན་པ་མ་གཏོགས་ཁེ་ཕན་ཏིལ་འབྲུ་ཙམ་ཡང་ཁ་ཆོད་པོས་བཤད་ཐུབ། འོ་ན་ལོ་ལྔ་བཅུ་ཡས་མས་གོང་གི་བོད་ཀྱི་འཚོ་བ་དང་འགྲུལ་འགྲིལ་གྱི་གནས་སྟངས་ལ་ཡར་རྒྱས་གཏན་ནས་སོང་མེད་དམ་ཟེར་ན། ཡར་རྒྱས་སོང་ཡོད་པའི་དབང་དུ་བྱས་ཀྱང་རྣམ་པ་ཙམ་གྱི་ཡར་རྒྱས་དེ་ཡང་འཛམ་གླིང་སྤྱིའི་འཕེལ་འགྲོས་ལས་བྱུང་བ་མ་གཏོགས་རྒྱ་གཞུང་གི་བཙན་འཛུལ་ལས་བྱུང་བ་ཞིག་ག་ལ་ཡིན། བོད་ཡུལ་རྣམ་པའི་ཐོག་ནས་ཅུང་ཡར་རྒྱས་སུ་ཕྱིན་པ་དེ་རྒྱ་གཞུང་དང་བཙན་གྱིས་སྦྱོར་དགོས་ཀྱི་ཡོད་ན། རྒྱ་གཞུང་གིས་ཁོ་ཚོའི་ཆབ་སྲིད་ཀྱི་ཁེ་ཕན་དང་བོད་མིའི་སེམས་ཀྱི་རིག་གཞུང་གི་ཚོར་བ་དང་དད་འདུན་ཉམས་ཆག་ཏུ་གཏོང་རྒྱུའི་ཆེད་དུ་དཔལ་འབྱོར་སྲིད་ཀྱི་རྣམ་པ་བསྒྱུར་བ་ལས་བྱུང་ཟེར་ན་བཤད་ལུགས་ཤིག་ཡིན། ད་དུང་གནད་དོན་འགའ་ཤས་བཤད་འདོད་ཀྱང་དུས་ཚོད་ཀྱིས་མ་ཁོམ། དགོས་པ་བྱུང་ན་མུ་མཐུད་བགྲོ་གླེང་བྱས་ཆོག
༸ཐྲྤཀླུ་སྨྱོན་ཟེར་བས་མགོ་བཙུགས་ནས་དེའི་མཇུག་སྐྱོང་བ་མང་པོ་ཞིག་གིས་ལྷ་སྲུང་མི་དགོས་ཟེར་བ་དང་། འགའ་ཞིག་གིས་གཞུང་སའི་བསྟན་སྲུང་ལ་མང་མོས་འོས་བསྡུ་བྱེད་དགོས་ལུགས་ཀྱི་སྐད་ཆ་ཡ་མ་ཆ་མང་པོ་ཞིག་བཤད་བྱུང་། སྲུང་མ་མི་དགོས་པ་བྱེད་འདོད་ན་དེ་ལ་གཞན་པས་དགག་པ་བྱེད་ཀྱི་རེད་མི་འདོད། རང་ངོས་ནས་ལྷ་འདྲེའི་རིགས་ལ་སྐྱབས་བསྟེན་མི་དགོས་པར་མདུན་རྒྱབ་མངོན་ལྐོག་གི་བྱ་བ་རྣམས་རང་སྟོབས་ཀྱིས་བསྒྲུབ་ཐུབ་པའི་ནུས་པ་ཡོད་དུ་ཆུག ཆོས་ཕྱོགས་ནས་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དདང་། བོད་ཀྱི་བཀའ་གདམས་པའི་དགེ་བཤེས་ཉི་ཟླ་འདྲ་བ་དེ་ཚོས་སྲུང་མ་བསྟེན་པའི་རྣམ་ཐར་གཏན་ནས་མེད། སྲིད་ཕྱོགས་ནས་འཛམ་གླིང་གི་མི་སྣ་ཆེ་དགུ་ཕལ་མོ་ཆེས་སྲུང་མ་བསྟེན་པའི་གནས་ཚུལ་མེད། ཁྱེད་ཀྱང་སྲུང་མ་བསྟེན་མི་འདོད་ན་ཁྱེད་ཀྱིས་གནས་ལུགས་ཤིག་གི་ཐོག་ནས་སྲུང་མ་མ་བསྟེན་ན་དེ་ལ་ཤིན་ཏུ་འཐད། འོན་ཀྱང་སྲུང་མ་བསྟེན་མཁན་ཚོས་གནས་ལུགས་ཤིག་གི་ཐོག་ནས་སྲུང་མ་བསྟེན་གྱི་ཡོད་སྟབས་གཞན་པའི་གནས་ལུགས་དང་འདུ་ཤེས་ཀྱི་ལྟ་བ་གུས་བརྩི་བྱེད་འོས་པ་ལས་རང་གི་ཕ་རོལ་པའི་ཐོག་ལེབ་འགེབ་བྱེད་མི་རུང་། གཞན་པ་ཚོར་ཁྱེད་ཀྱི་གནས་ལུགས་ལས་ཀྱང་གནས་ལུགས་ཤིན་ཏུ་མང་། གཞུང་སའི་སྲུང་མ་ལ་མང་མོས་འོས་བསྡུ་བྱེེད་དགོས་ཟེར་བ་ནི་ཡ་མཚར་བའི་བླུན་རྟགས་ཀྱི་སྐད་ཆ་ཆེན་པོ་ཞིག་རེད། འོས་བསྡུ་བྱེད་མཁན་གཞུང་སའི་ཆབ་འབངས་སུ་གཏོགས་པའི་མང་ཚོགས་རྣམས་ལོས་ཡིན། ང་ཚོའི་བརྗོད་གཞི་འདི་ཆོས་ཕྱོགས་དང་འབྲེལ་ཡོད་སྟབས་ཆོས་ཀྱི་བརྡ་ཆད་འགའ་ཤས་བེད་སྤྱོད་བྱེད་དགོས་གྱུར། ནང་ས་ལམ་གྱི་རྟོགས་པ་མཐོན་པོར་ཕེབས་པའི་དམ་པ་གསེར་རིའི་ཕྲེང་བ་འདྲ་བ་དེ་ཚོས་བཀའ་བསྒོས་དམ་བཞག་མཛད་པའི་སྲུང་མ་དག་གིས་ང་ཚོ་ལ་དགོས་ངེས་ཀྱི་མཐུན་འགྱུར་བྱེད་ནུས་ཀྱི་མེད་ན། ཁྱོད་དང་། ཁོ་འདྲ་བ་རང་གི་ཕོར་བའི་མདུན་རྒྱབ་ཙམ་ལས་མི་མཐོང་ཞིང་། ལྷག་པར་སྲུང་མའི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་ཤིན་ཏུ་བསྐལ་དོན་དུ་སོང་བ་དག་གིས་འོས་ལམ་ནས་ཐག་བཅད་པའི་སྲུང་མ་དེ་གང་འདྲ་ཞིག་ཡོང་བ་ཚོད་དཔག་ལས་སླ་བོས་བྱེད་ཐུབ་ཀྱི་མི་འདུག་གམ། མ་གཞི་ནས་གཅིག་རྒྱབ་ཏུ་གཅིག་མཆོངས། སྐད་ཆ་བདེན་རྫུན་སྣ་ཚོགས་བསྲེས་ནས་སྲུང་མ་གླེང་དགོས་པའི་གནད་འགག་གང་ལ་ཐུག སྲུང་མའི་བྱས་ཉེས་ཀྱིས་བོད་ཤོར་བ་མ་རེད་ལ། སྲུང་མའི་བྱས་ཉེས་ཀྱིས་ང་ཚོ་ཡུལ་གྱར་དུ་གྱུར་པ་མ་རེད། དེ་ལས་ཕན་ཐོགས་ཡོད་པའི་གླེང་གཞི་གཅིག་གི་སྟེང་དུ་བབ་ན་མི་བཟང་ངམ།
བོད་ཀྱི་རིག་གཞུང་འདི་བྱང་ཆུབ་སེམས་དཔའི་རིག་གཞུང་ཡིན་པས་དཔལ་འབྱོར་ཡར་རྒྱས་ལ་འབྲེལ་བ་ཆེན་པོ་མེད། ་་ཤེས་བྱ་ཡོན་ཏན་ཀུན་གྱི་གཞི་མ། ལྟོ་གོས་འཚོལ་བའི་ཐ་མ་་ མ་ཡིན་ནམ། ་་རྒྱུ་འབྱོར་བ་རྩྭ་མགོའི་ཟིལ་བ་་ དང་། ་་ནོར་འདོད་བདུད་ཀྱི་གཡབ་མོ་་ ་་རྒྱུ་རྟ་ཙམ་ལ་སྡུག་བསྔལ་རྟ་ཙམ་དང་། རྒྱུ་ཁྱི་ཙམ་ལ་སྡུག་བསྔལ་ཁྱི་ཙམ་་ ཡིན་པས་ ་་འདོད་ཆུང་ཆོག་ཤེས་་ བསྟེན། ་་སྲོག་འཚོ་ཙམ་གྱིས་ཆོས་ཀྱི་རོ་མྱངས་ནས། འདི་ཕྱིའི་དོན་ཆེན་སྒྲུ་པར་གྱིས་ཤིག་ཨང་་
ང་ཚོས་བོད་ཡིག་འབྲི་ས་ཞིག་ན་རིན་མེད་ཅིག་མ་གཏོགས་རིན་ཅན་ཞིག་ཡོད་པ་མ་རེད། མི་ཞིག་ལ་ཡི་གེ་ཞིག་འབྲི་རོགས་བྱེད་དགོས་ན། ལས་ཁུངས་ཤིག་གི་སྒོ་བྱང་ཐོག་བོད་ཡིག་འབྲི་དགོས་ན། ཚོགས་པ་ཞིག་གིས་ཤོག་ལེབ་ཁ་ཤས་བསྒྱུར་བཅུག་ན། དུས་དེབ་ཅིག་ལ་རྩོམ་ཞིག་བྲིས་ན། གང་བྱས་ཀྱང་དེ་ལ་རིན་པ་དགོས་ཟེར་ན་དེ་ལས་ངོ་ཚ་བ་ཞིག་གང་ན་ཡོད། དེ་ལ་རིན་པ་སྟེར་དགོས་ཟེར་མཁན་ཡང་ཉུང་ཉུང་ཡིན་རྒྱུ་རེད། ད་སེམས་ཤུགས་དང་ལྷག་བསམ་གྱི་དར་ཆ་དགུང་ལ་ཕྱོར། ལག་སྟོང་མཆན་དང་ཅན་སྟོང་རུམ་བྱས་ནས་མུ་མཐུད་སྔོན་ལ་རྒྱུགས། གྲོད་ཁོག་ལྟོགས་ཆུག བསོད་ནམས་ཀྱི་ཚོགས་སོག་དང་སྐྱེ་བ་ཕྱི་མ་ཨའུ་ཟིག་མེད་འགྲོ གལ་སྲིད་སྐྱེ་བ་ཕྱི་མ་མེད་པ་ཡིན་ན་རང་རང་སོ་སོས་གྱོང་རེག་པ་རེད།
ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་ནང་གི་དམར་པོ་སྐོར་གསུམགྱི་ཡ་གྱལ་ལྷ་མོ་རིག་བྱེད་མ་འདི་དབང་སྡུད་ཀྱི་ལྷ་མོ་ཞིག་ཡིན་པ་ནི་ལྷག་ལྷ་འདིའི་སྒྲུབ་ཐབས་ཀྱི་དབུ་རུ་བཞུགས་པའི་ལྷ་མོའི་ལོ་རྒྱུས་སུ་གསལ་ཡོད་པ་ལས། ཤེས་རབ་ཀྱི་ལྷ་ཞིག་ཡིན་ལུགས་ཀྱི་གསལ་ཁ་གང་ཡང་མེད། ཡིན་ན་ཡང་ལྷ་མོ་རིག་བྱེད་མས་ཤེས་རབ་ཀྱི་དངོས་གྲུབ་སྩོལ་ཐུབ་པ་ཙམ་ཞིག་གིས་ཤེས་རབ་ཀྱི་ལྷར་བགྲངས་པ་ཡིན་ཚེ། ནོར་གྱི་དངོས་གྲུབ་སྩོལ་ཐུབ་པས་ནོར་ལྷར་འཇོག་དགོས་ཤིང་། དེ་ལྟར་ན་སངས་རྒྱས་ཐམས་ཅད་ནོར་ལྷར་ཁས་ལེན་དགོས། སྐབས་འདིར་ཤེས་རབ་དང་ནོར་ལྷ་ཡིན་མིན་ནི་ལྷ་དེ་དང་དེའི་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྩོལ་ལུགས་ཤིག་གི་སྒོ་ནས་འཇོག་པ་ནི་རྒྱ་བོད་ཀུན་ལ་ཡོངས་གྲགས་རེད། ཧིན་རྡུའི་རིག་བྱེད་གཏམ་རྒྱུད་ཁྲོད་ཡོངས་གྲགས་སུ་ཤེས་རབ་ཀྱི་ལྷ་དབྱངས་ཅན་མ་དང་དཔལ་འབྱོར་གྱི་ལྷ་མོ་ནོར་རྒྱུན་མ་གཉིས་ལྷ་མོ་སྤུན་གཉིས་ཡིན་ཞིང་གཅིག་མཆོད་ན་གཅིག་མི་དགའ་བའི་རྣམ་འགྱུར་ཞིག་སྟོན་པའི་བཤད་སྲོལ་ཞིག་བོད་ཀྱི་ནང་བསྟན་པ་ཚོའི་ཁྲོད་དུ་ཡང་ཁྱབ་བསྡད་ཡོད། ད་ལྟ་ཡང་རྒྱ་གར་དང་བལ་བོའི་ཁྲོམ་ས་ཀུན་ཏུ་དཀྱིལ་དུ་ལྷ་ཆེན་ཚངས་པ་གདོང་བཞི་དང་། གཡས་གཡོན་གཉིས་སུ་ཁོང་གི་སྲས་མོ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པའི་ཤོག་ཐང་འཚོང་རྒྱུ་བཤམས་ཡོད་པ་དཀའ་ངལ་མེད་པའི་སྒོ་ནས་མཐོང་ཐུབ་བོ།།
ངེད་རང་བསམ་ཚུལ་འདི་རྒྱབ་སྐྱོར་མེད། མཁས་པ་སྤུས་དག་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅ་ལག་ཞིག་ཡིན་ནའང་སྤུལ་དག་ཞིག་མེད་ན་རིན་གོང་མཐོ་བོར་འགྲོ་གི་མ་རེད། བོད་ཡིག་གཅིག་པོའི་སྒང་ལ་མཁས་པ་ཞིག་བྱེད་ན་ནི་བོད་ཡིག་གཅིག་པོའི་ཐོག་ལ་གཞན་དང་མ་འདྲ་བ་བྱེད་ཐུབ་མཁན་ཞིག་དགོས་རྒྱུ་དེ་རེད། གཞན། བོད་ཀྱི་མཁས་པ་ཡིན་ལབ་མཁན་དང་གཞན་གྱི་མཁས་པ་ཡིན་ལབ་མཁན་གཉིས་ཅུང་མི་འདྲ་གི་མི་འདུག བོད་ཀྱི་མཁས་པ་དེ་རང་གི་ཁོར་ཡུག་དེར་བལྟས་ནས་མཁས་པ་ཡིན་ལབ་ཀྱི་འདུག འོན་ཀྱང་། གཞན་གྱི་མཁས་པ་ཡིན་ལབ་མཁན་དེ་འཛམ་གླིང་ལ་ཁ་ཕྱོགས་ནས་མཁས་པ་ཡིན་ལབ་ཀྱི་འདུག་ གང་ལྟར་། རྩོམ་འདིའི་བསྟན་དོན་ནི། བོད་ཀྱི་མཁས་པ་ཚོར་ཤོག་དངུལ་མི་འདུག་ལབ་ཀྱི་ཡོད་པ་འདྲ། བོད་ཀྱི་མཁས་པ་ཚོར་ཤོག་དངུལ་མེད་ན། ཤོག་དངུལ་གྱི་སྒང་ལ་མཁས་བ་ཐོན་དགོས་རྒྱུ་དེ་ཡང་གལ་ཆེན་པོ་རེད།