ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ མཛད་སྒོར་དམིགས་ནས་ཕེབས་པ་འདིས་གཞིས་ལུས་བོད་མི་ཚོར་བཟང་ཕྱོགས་ཀྱི་བརྡ་ལན་ཤུགས་ཆེ་ཞིག་གཏོང་ངེས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྡ་ས་གངས་སྐྱིད་དུ་རྟེན་གཞི་བྱེད་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་གཙོ་འཛིན་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཆར་ Dr. Arno Kompatscher མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོ་འཛིན་མཆོག་ངོ་སྤྲོད་དང་སྦྲགས། ཁོང་ལ་བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་ཐེངས་འདིར་རྡ་སར་ཆེད་མངགས་ཕེབས་པ་དེས། བོད་མིའི་རྩ་དོན་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ལ་རྒྱབ་སྐྱོར་དང་ཆེས་མཐོང་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་། ཁོང་རྡ་སར་ཕེབས་པ་ཙམ་གྱིས་གཞིས་ལུས་བོད་མི་ཚོར་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་གཏོང་རྒྱུ་ཡིན་སྐོར་དང་། ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་དང་བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་བྱུང་སྟངས་རྒྱབ་ལྗོངས་ཀྱི་གནས་སྟངས་ཐོག དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་ལྟར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་འོག་ཐོག་མར་འབྲེལ་བ་བྱུང་ཡོད།
དེ་ཡང་གཙོ་ཆེ་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་བོད་མི་ཚོས་རྩོད་བཞིན་ཡོད་སྟབས། འཛམ་གླིང་ཁྱོན་དུ་མིང་དོན་མཚུངས་པའི་རང་སྐྱོང་གི་སྲིད་བྱུས་ལག་བསྟར་གནང་མཁན་སྤྱིར་ཧ་ཅང་མང་ཡང་། ལྷོ་ཊི་རོལ་རང་སྐྱོང་སྲིད་གཞུང་གིས་མཐུན་འགྱུར་སྦྱར་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་གཙོ་བོར་གྱུར་བའི་འབྲེལ་ཡོད་རྣམ་པ་ཆེད་མངགས་ས་གནས་དེར་ཕེབས་ནས་ཁུལ་དེར་རང་སྐྱོང་གི་གནས་བབ་ཇི་ལྟར་ལག་བསྟར་གནང་བཞིན་པ་རྣམས་རྟོག་ཞིབ་དང་ཟབ་སྦྱོང་སོགས་ནང་མཉམ་ཞུགས་གནང་བ་སོགས་མདོར་ན་ལོ་ངོ་ ༢༠ མིན་ཙམ་རིང་འབྲེལ་བ་བྱུང་ཡོད་སྐོར་དང་།
གཞན་ཡང་ཐེངས་འདིར་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཆར་མཆོག་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་མཆོག་གིས་མགྲོན་འབོད་ལྟར་ཆེད་ཕེབས་གནང་བ་བཅས་ལ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༣ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་མིའི་དམག་མི་ ༥༠༠༠ ཙམ་དང་དམག་མིའི་སྣུམ་འཁོར་ ༡༠༠༠ ཙམ་གྱིས་དམག་སྦྱོང་བྱས་ནས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་པ་དང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། འཐུང་ཆུའི་རོགས་རམ། དེ་བཞིན་མང་གཙོའི་རིང་ལུགས་ཡར་རྒྱས་གཏོང་སླད་ཟབ་སྦྱོང་དང་སློབ་ཡོན་གྱི་མཐུན་འགྱུར། དེ་བཞིན་རྒྱ་གར་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ས་གནས་འཐུས་ཚོགས་སོགས་གཞི་རིམ་མང་གཙོའི་སྒྲོམ་གཞི་སྲ་བརྟན་ཡོང་རྒྱུའི་ལས་གཞི་ཁག་ལའང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་ཡོད་སྐོར་སོགས་གསུངས་པ་དང་འབྲེལ་བཀའ་ཤག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སྐོར་གསུངས།
དེ་རྗེས་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཆར་མཆོག་གིས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་ཆབ་སྲིད་ཀྱི་སྒྲོམ་གཞི་ཇི་ལྟར་ཡིན་མིན་འགྲེལ་བརྗོད་དང་། ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་དེ་ཉིད་ཐོག་མར་ཕྱི་ལོ་ ༡༩༧༢ ལོར་གསར་འཛུགས་གནང་ཕྱོགས་ཀྱི་བྱུང་རིམ་བཅས་ཀྱི་སྐོར་གསུང་དོན། ང་ཚོ་འདིར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་སྤོབས་བྱུང་། ང་ཚོ་འདིར་ལམ་སྟོན་བྱ་རྒྱུའི་ཆེད་དུ་ཡོང་བ་ཞིག་མིན། ང་ཚོ་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་དེ་སྔ་གང་འདྲ་ཡོད་པ་དང་། ད་ཆ་ཇི་འདྲ་ཡོད་མེད། ང་ཚོའི་ཆབ་སྲིད་ཀྱི་སྒྲོམ་གཞིར་ཁྱེད་ཚོས་དཔེ་ལྟ་ཆོག་ཀྱང་པར་འགེབ་བྱ་རྒྱུ་དེ་འདྲའི་གནས་སྟངས་མི་འདྲ་བ་མང་པོ་ཞིག་གི་ཐོག་ནས་ཁག་པོ་རེད། ང་ཚོ་ལྷོ་ཊི་རོལ་ས་གནས་ལྟ་བུར་མཚོན་ན་དེ་སྔ་འཛམ་གླིང་དམག་ཆེན་དང་པོའི་སྐབས་བར་ཨོ་སི་ཊི་རི་ཡའི་Austria མངའ་ཁོངས་སུ་གནས་ཤིང་། ཡུལ་མི་ཚོས་འཇར་མན་སྐད་བེད་སྤྱོད་བྱེད་བཞིན་ཡོད་པ་ལས་ལེ་ཊིན་དང་ཨི་ཊ་ལིའི་སྐད་ཡིག་བཀོལ་སྤྱོད་བྱེད་མི་ཧ་ཅང་ཉུང་། དམག་ཆེན་དང་པོའི་མཇུག་ཏུ་ས་ཁུལ་འདི་ཨི་ཊ་ལིའི་ཁོངས་སུ་ཕྱིན་པ་རེད།
དེ་རྗེས་ཨི་ཊ་ལིའི་ནང་གཅིག་བསྡུས་དབང་འཛིན་སྐབས་འཇར་མན་སྐད་ཡིག་དང་རིག་གཞུང་། ཐ་སྙད་སོགས་ལ་སྡང་ཟུག་ཤུགས་ཆེ་བྱས་རྐྱེན་མཐའ་ན་སློབ་གྲྭའི་ནང་འཇར་མན་སྐད་ཡིག་སློབ་ཁྲིད་བྱེད་སྐབས་གསང་བའི་ཐོག་ནས་བྱེད་དགོས་པ་བྱུང་ཡོད། གནས་སྟངས་དེ་དམག་ཆེན་གཉིས་པ་མཇུག་མ་སྒྲིལ་མཚམས་བར་གནས། དེ་རྗེས་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ལྷོ་ཊི་རོལ་ཡུལ་མི་ཚོས་དེ་སྔ་ལྟར་སླར་ཡང་ཨོ་སི་ཊི་རི་ཡའི་མངའ་ཁོངས་སུ་འཛུལ་འདོད་བྱས་ཡོད། འོན་ཀྱང་མནའ་འབྲེལ་ཚོགས་པས་གལ་ཏེ་ལྷོ་ཊི་རོལ་ཨོ་སི་ཊི་རི་ཡའི་མངའ་འོག་ཏུ་ཚུད་པ་ཡིན་ན་ཨི་ཊ་ལི་དམར་ཤོག་ཚོགས་པའི་འོག་ཤོར་རྒྱུའི་ཉེན་ཁ་མཐོང་ནས་དེར་མོས་མཐུན་མ་བྱས་པ་རེད། དེར་བརྟེན་ཨོ་སི་ཊི་རི་ཡ་དང་ཨི་ཊ་ལི་གཉིས་དབར་རྒྱལ་ས་པེ་རི་སིར་ཞི་བདེའི་ཆིངས་ཡིག་བཞག་ནས། ཆིངས་ཡིག་དེའི་ནང་ཨི་ཊ་ལིས་ལྷོ་ཊི་རོལ་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དང་། ས་གནས་སྲིད་གཞུང་ལ་རང་གི་ཐུན་མིན་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད་པ་སོགས་འཁོད་ཡོད།
འོན་ཀྱང་ད་ལྟ་ལྷོ་ཊི་རོལ་ལ་རང་སྐྱོང་གི་གནས་བབ་ཆ་ཚང་ཡོད་བཞིན་པའི་གནས་སྟངས་འདི་ཕྱི་ལོ་ ༡༩༧༢ ལོར་གཞི་ནས་གཏན་འབེབས་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༡༩༡༨ ནས་ ༡༩༧༢ བར་ང་ཚོས་རང་གི་ཐུན་མིན་རིག་གཞུང་དང་སྐད་ཡིག་སོགས་གཅེས་ཉར་ཆེད་འབད་བརྩོན་བྱས་པ་རེད། ད་ཆ་ང་ཚོར་གྲོས་ཚོགས་ཡོད། ཡུལ་ཁྲིམས་དེ་དག་ང་རང་ཚོ་རང་གིས་བཟོ་བཞིན་པ་དང་། དེ་བཞིན་སློབ་གྲྭ་དང་སློབ་གྲྭའི་ནང་གི་སློབ་ཚན་སོགས་རང་དབང་ཐོག་ནས་ཐག་གཅོད་བྱེད་བཞིན་ཡོད། ལྷག་པར་ཡུལ་ཁྲལ་ཐོབ་ཐང་ཡང་ཡོད། ཁྲལ་བབ་དངུལ་དེ་དག་ཆབ་སྲིད་བརྟན་ལྷིང་ཆེད་བེད་སྤྱོད་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།