ཞོ་ར་བསྟན་དར།
མིང་འདོགས་ཚུལ་གྱི་རྣམ་གྲངས།
དེང་སྐབས་རང་རེའི་བོད་པ་དག་གིས་རྒྱུན་སྤྱོད་བྱེད་བཞིན་པའི་མིང་འདོགས་ཚུལ་ལ་འཚོ་བའི་བརྒྱུད་རིམ་ལྡན་པའི་ལྟོས་ས་ལྟོས་འཇོག་གི་དབང་གིས་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་འབྱུང་ལ། དཔེར་ན།
༡༽ ལོ་ན་ཆུང་དུས་ཀྱི་བུ་ཕྲུག་གི་གཅེས་མིང་ལ་ལྷ་མཐིལ་དང་། བུ་ཆུང་། ཨ་བོ། དཔའ་ཆུང་། བུ་དགའ་དགའ། ཨོ་ལོ། གཅེས་ལོ་སོགས་ཕྲུ་གུ་སྐྱེས་ནས་ཡུན་རིང་མ་ལོན་པ་དག་ལ་ཕ་མས་གཅེས་པར་བཟུང་བའི་སྙིང་ཉེ་བ་མཚོན་པའི་བཏགས་མིང་ཡིན། རྗེས་སུ་ཕྲུ་གུ་རིམ་བཞིན་ལོ་ཚད་སོན་པ་དང་གཅེས་མིང་གི་རྣམ་པའང་ཅུང་ཟད་བསྒྱུར་ཏེ། བན་ཏེ་རྡོ་རྗེ་ལྟ་བུ་ལ་བ་རེས་དང་བན་ཁོ། བ་ལོ་སོགས་སུ་བརྗོད་ཅིང་། བསོད་ནམས་ལྟ་བུར་མཚོན་ན་བསོད་ཁོ་དང་བསོད་ལོ། བསོད་བྷ་རུང་འབོད་ལ། རྡོ་རྗེ་ལྟ་བུ་ལ་རྡོ་བྷ་དང་རྡོ་ལོ། རྡོ་རེས་སུ་འབོད། ཚེ་རིང་སྐྱིད་ལྟ་བུ་ལ་ཚ་ཀོ་དང་ཚེ་བྷོའུ། ཚེ་ལོ་རུ་འབོད། ལྷ་མོ་ལྟ་བུ་ལ་ལྷ་ཀོ་དང་ལྷ་བྷོའུ་སོགས་སུ་འབོད་པ་ནི་གཙོ་བོ་མདོ་སྨད་ཀྱི་ཕྱོགས་སུ་རྒྱུགས་ཆེ།
༢༽ ཆོས་ལུགས་དང་གྲུབ་མཐའ་ཁག་གི་མིང་ཟུར་ལས་ཐོན་པ་དཔེར་ན། གཡང་དྲུང་བོན་གྱི་གྲུབ་མཐའ་ལས་དྲངས་ཏེ་གཡུང་དྲུང་རྒྱལ་དང་། སྟག་ལྷ་འབུམ། དཔལ་གསས་སྐྱབས། བོན་པོ། གཡུང་དྲུང་འཚོ་ལྟ་བུའོ།། གསང་ཆེན་སྔ་འགྱུར་བའི་ལུགས་ལས་བྱུང་བའང་། དཔེར་ན། གུ་རུ་སྐྱབས་དང་། ཨོ་རྒྱན་རྡོ་རྗེ། པདྨ་ཚེ་རིང་། ཀུན་བཟང་རྒྱལ། རིག་འཛིན་ལྷ་མོ། མཚོ་རྒྱལ་སྒྲོན་མ། ཨོ་རྒྱན་ལྷ་མོ་ལྟ་བུ་རྣམས་སོ། བཀའ་བརྒྱུད་པའི་ལུགས་ལྟར་ཀརྨ་དོན་འགྲུབ་དང་། རིན་ཆེན་གྲགས་པ། རྡོ་རྗེ་ལྷུན་གྲུབ། འཇིགས་མེད་བློ་གྲོས་ལྟ་བུའོ།། དཔལ་ས་སྐྱ་བའི་ལུགས་ལས་ཀུན་དགའ་འབྲུག་གྲགས་དང་། བསོད་ནམས་རྩེ་མོ། དཀོན་མཆོག་རྒྱལ་མཚན། ཀུན་དགའ་ལྷ་མོ། བསོད་ནམས་སྒྲོལ་མ་ལྟ་བུའོ།།
ཡང་རི་བོ་དགེ་ལྡན་པའི་ལུགས་ལྟར་བློ་བཟང་བསྟན་འཛིན། དགེ་འདུན་བཟང་པོ། ཡོན་ཏན་རྒྱ་མཚོ། དགེ་འདུན་སྒྲོལ། བློ་བཟང་ཆོས་སྒྲོན་ལྟ་བུ་དང་། གསང་སྔགས་གསར་རྙིང་གི་རྒྱུད་སྡེའི་ལྷ་ཚོགས་ཀྱི་མཚན་ལས་དྲངས་ཏེ་གུ་དྲག་སྐྱབས། ཁྲོ་རྒྱལ། རྟ་མགྲིན་ཚེ་རིང་། ཡང་གསང་སྐྱབས། གསང་བདག་རྒྱལ། འཇིགས་བྱེད་སྐྱབས། ཕག་མོ་རྡོ་རྗེ། རྟ་མགྲིན་མཚོ། བདེ་མཆོག་སྐྱིད་སོགས་སུ་འདོགས་སྲོལ་ཡོད་པར་མ་ཟད། ད་རུང་གསང་བ་སྔགས་ཀྱི་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་ལ་འཇུག་སྐབས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གྱི་མཚན་ལས་དྲངས་ཏེ་ཚངས་པ་ལྷ་ཡི་མེ་ཏོག་རྩལ་དང་། ཚོགས་དྲག་རང་གྲོལ། ཆོས་དབྱིངས་རང་གྲོལ་སོགས་གསང་མཚན་འདོགས་སྲོལ་ཡོད། གཞན་ཡང་དཀོན་མཆོག་གསུམ་དང་། རྩ་བ་གསུམ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། སྨན་བླ། གདུགས་དཀར། སྒྲོལ་མ། དབྱངས་ཅན་མ། བྱམས་པ། རབ་འབྱོར། འོད་སྲུང་སོགས་སངས་རྒྱས་བྱང་སེམས་ཀྱི་རིགས་དང་། ཡུམ་སྐྱབས་རྒྱལ། མདོ་སྡེ། མདོ་སྔགས། ཚེ་མདོ་ཐར། འཕགས་པ་ཚེ་རིང་། ཏིང་འཛིན་བཟང་བོ། བསྐལ་བཟང་འབུམ། མཆོད་རྟེན་སྐྱབས་སོགས་ནང་བའི་སྐུ་གསུང་ཐུགས་རྟེན་དང་ཕར་ཕྱིན་བཅུ་སོགས་ལས་དྲངས་པའི་མིང་འདོགས་ལུགས་ཀྱི་ཁྱབ་ཁོངས་ཤིན་ཏུ་ཆེ་བ་བྱུང་ཡོད་དོ།།
༣ ༽ གཙུག་ལག་རྩིས་ཀྱི་ཐ་སྙད་ལས་མིང་འདོགས་ཚུལ་ནི། དཔེར་ན། བུ་ཕྲུག་བཙས་པའི་དུས་ཀྱི་གཟའ་ཚེས་སྤར་ཁ་ཡི་ཐ་སྙད་མིང་ལ་སྦྱར་བ། ཉི་མ་དོན་འགྲུབ་དང་། ཟླ་བ་གཡང་འཛོམས། མིག་དམར་ཚེ་རིང་། ལྷག་པ་སྒྲོལ་མ། ཕུར་བུ་རྡོ་རྗེ། པ་སངས་ཚེ་རིང་། སྤེན་པ་རྡོ་རྗེ་སོགས་དང་། ཚེས་གཅིག ཚེས་གཉིས། ཚེས་གསུམ། ཚེས་བཅུ་མཚོ། བཅོ་ལྔ་ཚེ་རིང་། གནམ་གང་སོགས་ནི་གཙོ་བོ་དབུས་ཁུལ་དུ་དར་ཁྱབ་ཆེ་ལ། ལི་ཐར་རྒྱལ་དང་། ཁོན་ཐར་ཚེ་རིང་། ལྕགས་ཐར་འབུམ། གནམ་ཐར་ཚེ་རིང་། ཁམ་བྱམས་རྒྱལ། གིན་ཐར་སྐྱིད། ཟིན་ཐར་རྒྱལ། ཟོན་ཐར་སྐྱིད་སོགས་སྤར་ཁའི་གེགས་ཐོག་ལས་གྲོལ་བའི་མིང་འདོགས་སྟངས་འདི་ནི་མདོ་སྨད་ཀྱི་ཕྱོགས་སུ་དར་ཤུགས་ཆེ།
༤༽ ཀླུང་རྟ་སྡེ་བཞིའི་མིང་ལས་དྲངས་ཏེ་མིང་འདོགས་སྲོལ་ནི། དཔེར་ན། སེངྒེ་རབ་བརྟན་དང་། སྟག་འབུམ་རྒྱལ། ཁྱུང་ཐར་རྒྱལ། འབྲུག་རྒྱལ་ཚེ་རིང་། འབྲུག་མོ་འཚོ་ལྟ་བུ་རྣམས་སོ།།
༥༽ ཚེ་བསོད་དབང་ཐང་ཤིས་བརྗོད་ཀྱི་སྒོ་ནས་བཏགས་པ་ནི། དཔེར་ན། ཚེ་རིང་དང་། དོན་འགྲུབ། གཡང་འབུམ་རྒྱལ། དབང་ཆེན་འབུམ། བཀྲ་ཤིས་གཡང་འཛོམས། བསོད་ནམངས་དབང་འདུས། བདེ་ལེགས་ཡར་འཕེལ། ཚེ་བརྟན་ཕུན་ཚོགས། བསམ་འགྲུབ། བཀྲ་ཤིས་རབ་བརྟན། ཚེ་རིང་བདེ་སྐྱིད། བསོད་ནམས་གཡང་འཛོམས། བདེ་སྐྱིད་མཚོ་མོ། རིག་ཡག བློ་གསལ་ལྟ་བུ་རྣམས་སོ།།
༦༽ འཇིག་རྟེན་པའི་ལྷ་ཀླུ་གཞི་བདག་དང་ཆོས་སྐྱོང་སོགས་ཀྱི་མིང་ཟུར་ལས་བཏགས་པ་ཡང་། དཔེར་ན། ལྷ་རྒྱལ་ཚེ་རིང་དང་། ལྷ་ཆེན་ཐར། ལྷ་མོ་དོན་འགྲུབ། ལྷ་སྲུང་ཐར། པདྨ། མཐའ་ཡས། རིག་ལྡན། ནོར་རྒྱས། ཀླུ་འབུམ་རྒྱལ། ཀླུ་མོ་ཡག གངས་ལྷ་མོ། མགོན་པོ་ལྷ་མོ། བཙན་འབར་སྟོབས་ལྡན། ཤ་བོ་རྒྱལ། ཤ་བོ་སྐྱིད། ལྷ་ལུང་རྒྱལ། ལྷ་ལུང་མཚོ། ཀླུ་རྒྱལ་དོན་འགྲུབ། གནམ་སྲས། བཙན་མགོན་སྐྱབས། དཔལ་འབར་ཐོགས་མེད་ལྟ་བུའོ།།
༧༽ ནད་གདོན་སྲི་གཅོག་ལ་སོགས་པའི་བར་ཆད་ཟློག་པའི་ཆེད་དུ་བཏགས་པ་ནི། དཔེར་ན། མཚམས་དང་། མཚམས་གཅོད། ཁྱི་སྐྱག ཁྱི་གུ་ཐར། རྐང་བཙུགས། བུ་ཁྲིད། འཆི་ཐར་ཚེ་རིང་། སྲི་ཐར་ཚེ་རིང་། སྲི་གཅོད་རྡོ་རྗེ། ཕག་སྐྱག ཕག་མོ་བཀྲ་ཤིས། ཁྲ་ཁོག བེ་གྲངས། ཡ་མ་ཚེ་རིང་། ཁྱི་སྣ་སྒྲོལ་མ་ལྟ་བུ་སོགས་སོ།།
༨༽ རིག་གཞུང་གི་ཆུ་ཚད་དང་ཡོན་ཏན་གྱི་ཁྱད་ཆོས་སོགས་སྦྱར་ཏེ་བཏགས་པ། དཔེར་ན། པཎཊི་ཏ་དང་། མ་ཧཱ་པཎཊི་ཏ། བཀའ་བཅུ་བ། རབ་འབྱམས་པ། ལྷ་རམས་པ། རྡོ་རམས་པ། སྔགས་རམས་པ། སྨན་རམས་པ། རིགས་རམས་པ། རྩིས་རམས་པ་སོགས་གཞུང་ལུགས་ཀྱི་ཐོབ་ཚད་དང་བསྟུན་ནས་དེ་དོན་མཚན་གྱི་དབུར་འདྲེན་པའི་ཕྱག་སྲོལ་ཡོད།
༩༽ སྒྲ་གཞུང་ཁྲིད་སྐབས་དགེ་རྒན་གྱིས་ཆེད་དུ་བསྩལ་བའི་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འདོགས་ལུགས་ལའང་། དཔེར་ན། དབྱངས་ཅན་དགྱེས་པའི་ལང་ཚོ། ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ། གཙུག་ལག་རིག་པའི་དབང་ཕྱུག དབྱངས་ཅན་གྲུབ་པའི་རྡོ་རྗེ། མཚོ་བྱུང་དགྱེས་པའི་ལང་ཚོ། དབྱངས་ཅན་སྙེམས་པའི་མེ་ཏོག་སོགས་སུ་མཚན་འདོགས་སྲོལ་ཡོད།
༡༠༽ དེང་དུས་སྨྱུག་འཛིན་པ་དག་གི་མིང་ཚབ་ཏུ་སྤྱོད་པའི་པིར་མིང་སྟེ་སྨྱུག་མིང་དུ་འདོགས་པའང་། དཔེར་ན། རང་གྲོལ། དམིགས་བུ། འབྲོང་བུ། གངས་ཞུན། མེ་བཙའ། ཚེར་མ། ཆུ་ཐིགས། གཟེ་མ་ར་མགོ། ཡ་མཱ་ར་ཛ། ཆུ་ཤེལ། རང་སད་ལ་སོགས་པ་ལྟ་བུའོ།།
༡༡༽ གཞན་ཡང་གོང་གི་མིང་དུ་བཏགས་པའི་ཐ་སྙད་ཀྱི་གསོར་ཇེ་ཡངས་སུ་བཏང་སྟེ་བསྡུས་མིང་དུ་ཕབ་ཚུལ་ཡོད་ལ། དཔེར་ན། པདྨ་རྡོ་རྗེ་ལ་པདྨ་དང་རྡོ་རྗེ་ཞེས་ཐ་སྙད་གོང་འོག་གཉིས་ཀྱི་གང་རུང་འཛིན་པ་དང་། ཡང་ན་པད་རྡོར་དང་། དགེ་འདུ་་རྒྱ་མཚོ་ལྟ་བུ་ལ་དགེ་རྒྱམ། བློ་བཟང་དགེ་འདུན་ལྟ་བུ་ལ་བློ་དགེ། ས་སྐྱ་པན་ཆེན་ལྟ་བུ་ལ་ས་པཎ་སོགས་ཐ་སྙད་ཀྱི་ཐོག་མཐའ་དང་མིང་གི་དང་པོ་གསུམ་པ་སྦྱར་བའི་བསྡུས་མིང་སྤྱོད་སྲོལ་ཀྱང་ཡོད་དོ།།
མིང་དུ་བཏགས་པའི་ཐ་སྙད་རིང་ཐུང་གི་རྣམ་པ།
མིང་འདོགས་ཚུལ་གྱི་ཐ་སྙད་རིང་ཐུང་ནི་གདགས་བྱའི་མིང་གི་ཚེག་བར་མང་ཉུང་གཅིག་བུ་མ་ཡིན་པར། དངོས་མིང་གི་ཟུར་ད་སོ་སོའི་ས་མིང་དང་ཁྱིམ་མིང་། རུས་མིང་དང་ཐོབ་མིང་ལ་སོགས་པའི་རྒྱས་སྤྲོས་བྱས་པ་དག་ཀྱང་འདར་བརྗོད་པའི་རིང་ཐུང་གི་ཚད་གཞིར་འཛིན་པ་ལགས་ཏེ། དེ་ཡང་ཉུང་བ་གཅིག་ནས་མང་བ་སུམ་ཅ་ཡས་མས་ཀྱི་གྲངས་བར་ཡོད་ལ། དཔེར་ན། ཚེགས་བར་གཅིག་ཅན་ནི། མཚམས་ཞེས་པ་དང་། གཉིས་ཅན་ནི། ཉི་མ་དང་། ཟླ་བ། རྡོ་རྗེ། ཚེ་རིང་ལྟ་བུ་དང་། གསུམ་ཅན་ནི། འབྲུག་ལྷ་རྒྱལ་དང་། སྟག་འབུམ་རྒྱལ། བྱམས་པ་སྐྱབས། སྒྲོལ་མ་འཚོ། དཔལ་མོ་ཐར། ཚེ་རིང་ཐར་སོགས་དང་། བཞི་ཅན་ནི། བསྐལ་བཟང་དགྲ་འདུལ་དང་། བཀྲ་ཤིས་དབང་ཕྱུག་གཅོད་པ་དོན་འགྲུབ། བསོད་ནམས་ལྷ་མོ་སོགས་དང་། ལྔ་ཅན་ནི། ཤར་སྐལ་ལྡན་རྒྱ་མཚོ་དང་། གཉའ་བློ་གྲོས་རྒྱལ་མཚན་། འཇུ་བསྟན་པ་ཡར་འཕེལ་སོགས་དང་། དྲུག་ཅན་ནི། ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། དཔལ་ཆེན་ནམ་མཁའ་འཇིགས་མེད། ཀུན་མཁྱེན་
འཇམ་དབྱངས་བཞད་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་དང་། བདུན་ཅན་ནི། ཟར་སྐལ་ལྡན་ཡེ་ཤེས་སེང་གེ འོ་འཚོ་བྱེད་བློ་གྲོས་བརྟན་པ། འོལ་གོད་བཟའ་སྟོང་བཙུན་འབྲོ་གར་སོགས་དང་། བརྒྱད་ཅན་ནི། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་དང་། མར་བ་ལོ་ཙཱ་ཆོས་ཀྱི་བློ་གྲོས། དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་སོགས་དང་། དགུ་ཅན་ནི། ས་སྐྱ་པཎཊི་ཏ་ཀུན་དགའ་རྒྱལ་མཚན་དང་། རིན་སྤུངས་པ་ངག་དབང་འཇིགས་མེད་གྲགས་པ། སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་པ་སོགས་དང་། བཅུ་ཅན་ནི། ར་ཏི་རྨ་སེང་སྟོན་པ་བསོད་ནམས་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ལྟ་བུ་དང་། བཅུ་གཅིག་ཅན་ནི། འོན་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང་། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཤིང་བཟའ་པཎཊི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སོགས་དང་། བཅུ་གཉིས་ཅན་ཅི་། ར་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང་། དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། རོང་བོ་མཚན་སྒྲོགས་ངག་དབང་འཇམ་དཔའ་བསྟན་པ་རབ་རྒྱས་སོགས་དང་། བཅུ་གསུམ་ཅན་ནི། རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་དང་། བཅུ་བཞི་ཅན་ནི། རོང་ཆེན་ཀིརྟི་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དང་། བཅོ་ལྔ་ཅན་ནི། ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་སོགས་ཀྱིས་མཚོན། ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཞེས་པ་དང་། སྤྱི་ནོར་༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྐྱར་མཚུངས་པ་མེད་པའི་སྡེ། ཞེས་སོགས་མཚན་གྱི་ཚིག་ཕྲེང་སུམ་ཅུ་ལྷག་བར་དུ་ཡོད་པའི་རང་རེའི་ལུགས་གཉིས་ཀྱི་སྐྱ་ཁ་དམངས་སྲོལ་དུ་འཐབ་པའི་མཚན་མིང་འདོགས་ཚུལ་གྱི་རིམ་པ་ཡང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་རྒྱ་བསྐྱེད་པའི་ཁྱབ་ཁོངས་ཇེ་ཡངས་སུ་ཕྱིན་ཡོད།
མིང་གི་ཐ་སྙད་སྐོར་ཞིག་གི་དོགས་གཅོད།
དེ་ཡང་རང་རེའི་བོད་པའི་གདགས་གཞིའི་མིང་གི་མཚོན་བྱ་མཚོན་བྱེད་ཀྱི་ཚིག་དོན་ཐད་ལ། ལོ་རྒྱུས་ཀྱི་དུས་ཡུན་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་ཁྲོད་དུ་རྣམ་གྲངས་མི་འདྲ་བའི་འགྱུར་ལྡོག་མང་པོ་ཞིག་བསླེབས་ཡོད། སྔོན་གྱི་དུས་སུ་བོད་མི་གདུང་དྲུག་གི་རུས་མིང་ལས་མཆེད་དེ་རུས་རྒྱུད་ཀྱི་ཚོ་ཁག་མང་དུ་གྱེས་ནས། རུང་མིང་གཙོར་གཟུང་གིིས་སོ་སོའི་བཏགས་མིང་རྗེས་འབྲེལ་དུ་ཡོད་པར་མངོན་ལ། སྔོན་གྱི་ཡིང་ཚང་ཁག་ཏུ་རྒྱལ་བློན་དམག་དཔོན་སོགས་ཕྱག་རྗེས་ཅན་གྱི་མཚན་ཟུར་ལ་རུས་མིང་གི་ཐ་སྙད་མང་པོ་སླེབས་ཡོད་པའང་། མཚན་མཐོང་མཐོན་པོའི་བྱས་པ་རྗེས་འབྲེལ་གྱི་དགོས་དོན་གཙོར་བཟུང་གིས་རུས་མིང་བདེ་སྤྱོད་བྱེད་པ་ལས་རྒྱུན་སྤྱོད་འཚོ་བའི་ཁྲོད་དུ་རུས་མིང་གིས་འབོད་པར་མི་སེམས་ཤིང་། དེང་དུས་དམངས་ཁྲོད་དུ་ནམ་རྒྱུན་འཇགས་པའི་གང་ཟག་སྒེར་གྱི་བཏངས་མིང་དུ་ཡང་། བསྟན་བཅོས་ཀྱི་རྩོམ་བྱང་དང་ལུགས་གཉིས་ལེགས་རྗེས་གསལ་བའི་མངོན་མཚན་དུ་རུས་དང་། ཁྱིམ་རྒྱུད། ཡུལ་ལུངས་སོགས་ཀྱི་མིང་ཟུར་རྒྱས་སྤྲོས་བྱེད་པའི་ལུགས་སྲོལ་ད་དུང་མ་ཉམས་པར་ཡོད་པས་ཀྱང་མཚོན་ཐུབ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཁམས་ཡོངས་སུ་གཞན་རིག་ནང་འདྲེན་བྱས་པའི་བབས་སྒོ་དང་བསྟུན། བོད་ཡུལ་དུ་མིང་འདོགས་སྟངས་ཀྱི་ཐ་སྙད་ལའང་ལྟ་གྲུབ་རིག་གཞུང་སོ་སོའི་ཁྱབ་ཁོངས་ཀྱི་མ་ལག་ཇེ་ཆེར་ཕྱིན་ཏེ། སྒྲ་དང་། གསོ་རིག རྩིས། གནའ་བོའི་བོན་དང་། ནང་བའི་ཆོས་བརྒྱུད་ཁག་གི་གྲུབ་མཐའ་ལས་བྱུང་བའི་མིང་འདོགས་སྟངས་སྣ་ཚོགས་སུ་གྲུབ་ཡོད་པ་མ་ཟད། མཁས་དབང་ནམ་མཁའི་ནོར་བུས། <<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ>>ཞེས་པ་ལས། “མིའི་འགྲོ་བ་སུའང་རུང་བ་ཞིག་སྐྱེ་བའི་ཚེ། སོ་སོའི་ཕ་མའམ། བླ་མ་དམ་པ་ཞིག་ནས་བཙས་མ་ཐག་པའི་བུའམ་བུ་མོ་དེ་ལ། བཀྲ་ཤིས་པ་དང་ཁ་ལས་དགེ་བའི་མིང་གང་ཡང་རུང་བ་རེ་འདོགས་སྲོལ་ཡོད། དེའང་མིང་འདོགས་མཁན་སུའང་རུང་བ་དེས་བསམ་མནོ་ལེགས་པར་བཏང་ནས་བཏགས་པའི་མིང་ཞིག་ཡིན་སྟབས་རྗེས་གྲུབ་ཀྱི་མིང་གོ་དོན་དང་ལྡན་པ་ཞིག་ཏུ་ངེས་པ་ཡིན” ཞེས་པ་ལྟར། ཆོས་ཕྱོགས་དང་རྩིས་གཞུང་ལ་སྒོ་བསྟུན་པ་དག་ནི་རང་འདོད་ཀྱིས་ཁ་ལ་ཅི་ཐོགས་ཤིག་སྤེལ་བའང་མ་ལགས་པས་ན། ཕྱིས་སུ་རང་རེའི་མིང་གི་བརྗོད་བྱའི་དོན་གྱི་གྲུབ་སྟངས་མ་ངེས་པའི་སྒོ་ནས་ནོར་བ་རྒྱུན་འབྱམས་སུ་སོང་བ་དང་། ཐེ་ཚོམ་གྱི་དཔྱང་ཐག་མ་ཆད་པའི་མིང་གི་ཐ་སྙད་མང་པོ་ལྷགས་ཡོད། དཔེར་ན། མིང་མཐའི་འ་འཚོ་དང་མ་མཚོ་ལྟ་བུ་ལ་མཚོན་ན། འས་འཕུལ་ཅན་གྱི་མི་ཚེ་འདིར་བཀྲ་ཤིས་ཤིང་བདེ་ཞིང་ལེགས་པ། ཚེ་རིང་ཞིང་སྐྱིད་ཀྱིས་འཚོ་བར་སྨོན་པའི་སྒོ་ནས་བཏགས་པ་སྟེ། ཆོས་འཚོ། བདེ་འཚོ། ཚེ་རིང་འཚོ། གནམ་འཚོ། སངས་རྒྱས་མཚོ། ལྷ་མོ་མཚོ་སོགས་ལ་མས་འཕུལ་བཞག་པ་ནི་མིང་གི་ཐ་སྙད་ལ་རྨོངས་པའི་རྟགས་བསྟན་པ་སྟེ་མིང་དུ་གདགས་པའི་དགོས་དབང་བཤིག་པ་ཡིན་ནོ།།
དེས་ན་མས་འཕུལ་ཅན་གྱི་མཚོ་ཡིག་འདི་ནི་བཀྲ་ཤིས་མཚོ་མོ། ཡོན་ཏན་མཚོ་མོ། བྱང་ཆུབ་མཚོ་མོ། བློ་གྲོས་རྒྱ་མཚོ། འཇམ་དཔལ་རྒྱ་མཚོ་སོགས་རྒྱ་ཆེ་བའི་ཡོན་ཏན་གྱི་ངོ་བོ་མཚོན་པར་སྨོན་པའི་ཆ་ནས་བཏགས་པ་ཡིན་པའི་རྣམ་གཞག་ཀྱང་ཤེས་པར་བྱའོ། དེང་སྐབས་མང་བོ་ཞིག་གིས་ཀརྨ་དོན་འགྲུབ་དང་། ཀརྨ་ཆོས་རྒྱལ་སོགས་ཀྱི་མིང་གི་ཐ་སྙད་འབྲི་སྐབས། སྐར་མ་དོན་འགྲུབ་དང་།་སྐར་མ་ཆོས་རྒྱལ་དག་ཏུ་འབྲི་བ་ནི་ཆེས་ནོངས་པ་སྟེ་རབ་བྱུང་བཅུ་གཉིས་པའི་ནང་བྱོན་པའི་ཀརྨ་དུས་གསུམ་མཁྱེན་པ་ནས་བརྒྱུད་པའི་ཀརྨ་བཀའ་བརྒྱུད་ཀྱི་སྐྱེས་བུ་དག་གི་མཚན་ཟུར་གྱིས་མཆེད་པ་ལས། ཉི་ཟླ་སྐར་གསུམ་གྱི་ཟླས་ཕྱེས་པའི་སྐར་མའི་མིང་ཟུར་ལས་བཏགས་པ་ནི་མ་ཡིན་ཏེ། ཉི་ཟླ་སྐར་གསུམ་གྱི་ཆ་ལས་བཏགས་པའི་བོད་མིང་འདོགས་སྲོལ་མ་བྱུང་བས་ཕྱིར་རོ།། དེས་ན་ཉི་མ་ཚེ་རིང་དང་། ཟླ་བཟང་སྒྲོལ་མ་སོགས་ཅི་ཡིན་ཞེ་ན། འདི་ནི་གཙུག་ལག་རྩིས་ཀྱི་སྒོ་ནས་བོད་མིང་འདོགས་ཚུལ་དར་ཏེ། བོད་དབུས་གཙང་གི་ཕྱོགས་སུ་གཟའ་འཁོར་བདུན་གྱི་མིང་ཟུར་ལས་དྲངས་པའི་མིང་འདོགས་སྟངས་ཤུགས་ཆེ་དར་བ་ལས་བྱུང་བར་མངོན་ལ། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སོགས་གཟའ་འཁོར་བདུན་གྱི་མིང་འདོགས་ཚུལ་ལྷ་སའི་ཕྱོགས་སུ་ཅི་བས་མང་བ་འདི་ཡིན། དེས་ན་སྐར་མ་ཞེས་པ་ནི་ཀརྨའི་སྒྲ་གདངས་ཐག་ཉེ་བ་དང་གཟའ་འཁོར་བདུན་གྱི་མིང་ཟུར་འཁོད་པའི་རྣམ་གཞག་མ་ངེས་པར་ཉི་ཟླ་སྐར་གསུམ་གྱི་ཟླས་བྱས་པ་མངོན་རློམ་དུ་ཞུགས་པར་ངེས་མོད། འོན་ཀྱང་མིའི་མིང་འདོགས་ཚུལ་འདི་ནི་ཅིས་ཀྱང་བཅད་རྒྱ་ཞིག་གི་ར་བ་ལས་བརྒལ་མི་ཆོག་པ་མ་ཡིན་ནའང་། སྔར་སྲོལ་དར་བའི་རྣམ་གཞག་གི་ངོ་བོ་ངེས་པར་བྱས་ནས་དཔྱད་པ་ཞིབ་མོའི་རྒྱུ་མཚན་ལ་བློ་ཁ་ཕྱོགས་དགོས་པ་ལུགས་མཐུན་དུ་སེམས་སོ།།
ཡང་འགའ་ཞིག་གིས་སྒྲོལ་དང་སྒྲོན་གཉིས་ཀྱི་ཐ་སྙད་ཀྱི་གནད་དོན་མ་རྟོགས་པར་ཕལ་ཆེ་འདམ་ང་ལྟ་བུ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་ཀྱང་། འདི་ནི་རྗེ་བཙུན་སྒྲོལ་མའི་མཚན་ཟུར་ལས་དྲས་པའི་སྒྲོལ་ཞེས་པའི་ཡིག་འབྲུར་སྡུད་ཚིག་བརྗོད་བདེའི་དབང་བཙན་པའི་ལུགས་སུ་བཞག་པ་ལས་སྒྲོལ་དང་སྒྲོན་ཞེས་པའི་ཐ་སྙད་ལ་ཁྱད་པར་མེད་པ་གཏན་ནས་མིན། དེས་ན་སྒྲོལ་མ་དང་། དབྱངས་ཅན་སྒྲོལ་དཀར། སྒྲོལ་མ་སྐྱབས་སོགས་ལ་སྒྲོལ་ཞེས་འབྲི་ནའང་། ཆོས་འཛིན་སྒྲོལ་དཀར་ལྟ་བུ་ལ་ཆོས་སྒྲོན་ཞེས་སྡུད་ཚིག་ཅན་ལ་བརྗོད་བདེའི་དབང་གིས་མཐའ་རྟེན་ན་ཡིག་འབྲི་བའི་སྲོལ་ཙམ་བྱུང་འདུག་སྟེ། དཔེར་ན། ཆོས་འཕེལ་རྒྱ་མཚོ་ལ་ཆོས་རྒྱམ་དང་། ཆོས་ཀྱི་རྒྱལ་མཚན་ལ་ཆོས་རྒྱན། བློ་བཟང་རྒྱ་མཚོ་ལ་བློ་རྒྱམ། པདྨ་རྡོ་རྗེ་ལ་པད་རྡོར། རྡོ་རྗེ་རྣམ་རྒྱལ་ལ་རྡོར་རྣམ་ཞེས་བརྗོད་བདེའི་དབང་གིས་མཐའ་རྟེན་གྱི་ཡིག་འབྲུར་འགྱུར་བ་བྱུང་འདུག་པ་འདི་ཡིན། གཞན་དོན་འགྲུབ་དང་དོན་གྲུབ་ཅེས་པའང་། སྲས་གཙང་སྲས་པོ་དོན་ཀུན་གྲུབ་པ་དང་རིགས་ལྔའི་བྱེ་བྲག་དོན་ཡོད་གྲུབ་པ་ལྟ་བུ་ལ་འས་འཕུལ་མེད་པའི་འདས་ཚིག་སྦྱོར་བ་ལས། ལྷ་མོ་དོན་འགྲུབ་དང་། དོན་འགྲུབ་ཚེ་རིང་། མགོན་པོ་དོན་འགྲུབ་སོགས་སྐྱེས་པོ་ཕལ་བའི་མིང་དུ་སྦྱར་བའི་ཡི་གེ་ལ་འགྲུབ་ཅེས་པ་སྟེ་མ་འོངས་སྨོན་འགྱུར་གྱི་ཆ་ནས་བཏགས་པའི་འས་འཕུལ་ཅན་ཡིན་པའི་གནད་ཀྱང་ངེས་པར་བྱ་དགོས་མོད། ཡིན་ནའང་མིང་ནི་མིང་ཡིན་པས་ངེད་ཅག་གིས་དོན་ཐམས་ཅད་ལེགས་གྲུབ་པའི་འབྲས་བུའི་ཆ་ལ་སྨོན་པ་ཡིན་ཞེས་ཐུགས་འདོད་མ་ཁེངས་པ་དག་བྱུང་ན། དེ་ལྟར་གྱིས་དང་དཔའ་ངོམས་དཔུང་གཏུག་གི་འགྲན་སློང་བ་ཅི་ཡང་མེད་པས་ཐུགས་བདེ་བོང་མཛོད། གཞན་ཡང་མདོ་སྨད་ཀྱི་ཡུལ་དུ་དར་ཁྱབ་ཆེ་བའི་སྤར་ཁ་བརྒྱད་ཀྱི་ཚིག་ཟུར་ལས་དྲངས་པའི་མིང་འདོགས་ཚུལ་དག་ཀྱང་ནོར་བ་རྒྱུན་འབྱམས་སུ་སོང་སྟེ། ལི་ཐར་ལ་ཀླུ་ཐར་དང་། ཁོན་ཐར་ལ་འཁོན་ཐར། ཁམ་བྱམས་ལ་མཁར་བྱམས་དང་མཁའ་བྱམས། གིན་ཐར་ལ་ཀུན་ཐར། ཟིན་ཐར་ལ་བཙུན་ཐར་། ཟོན་ལ་གསོན་ཐར་སོགས་སུ་འབྲི་རྒྱུན་འཇགས་ནས་ལི་སོགས་སྐབས་བབས་ཀྱི་འབྲུ་ཚིག་དངོས་སུ་བྲིས་ན་མཐོ་དམན་སུ་ཡང་ཕལ་ཆེར་བཞད་གད་ཐག་དི་རེ་འགྲོ་བར་ངེས་ལ། དགོད་མཚམས་བཞག་པའི་རྗེས་སུ་སླར་ཡང་འདི་ལྟར་བསམ་པར་བྱ་སྟེ། སྔར་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་བོད་ལ་རིམ་བཞིན་དར་བའི་རྒྱ་ནག་གི་འབྱུང་རྩིས་ལས་བཤད་པའི་སྤར་ཁའི་རྩིས་འགོ་འདི་རྒྱ་ནག་གོང་མ་རྣམས་ཀྱི་ཐོག་མ་ཧུང་དྭིས་ཀྱི་དུས་སུ་བྱུང་ཚུལ་ལོ་རྒྱུས་དག་ལས་གསལ་ཞིང་། དེ་ཡང་ཤེས་བྱ་ཀུན་ཁྱབ་ལས། “འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་བྱུང་བའི་ཁུངས་ནི་རྒྱ་ནག་སྟེ། དེའང་གོང་མ་རྣམས་ཀྱི་ཐོག་མ་སྤ་ཧུཧཤི་ངྷི་རྒྱལ་བོ་ལ་རྒྱ་མཚོའི་མཐའི་འབངས་ཤིག་གིས་རུས་སྦལ་གསེར་གྱི་ཁ་དོག་ཅན་ཕུལ་བ་ལ་གཟིགས་ཏེ་བརྟགས་ནས་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་ཐོག་མར་ཐུགས་ལ་ཤར། དེ་ལ་བརྟེན་ནས་སྤར་སྨེ་ལོ་སྐོར་གྱི་རྩིས་རྣམས་མཛད།” གསུངས་པ་ལྟར།
མཚན་མ་བརྒྱད་པོ་དེའི་དོན་ནི། མེ་དང་། ས། མཚེའུ། གནམ། ཆུ། རི། གནམ་ལྕགས། རླུང་བཅས་མཚོན་པའི་ཕྱག་རྒྱ་བརྒྱད་པོ་འདི་ལ་རྒྱ་ནག་གི་པཱ་བཀྭའ་ཞེས་པའི་མིང་ཟུར་ཆགས་ཏེ་སྤར་ཁ་རུ་འབོད་ཅིང་། བུ་ཕྲུག་བཙས་དུས་གཞིས་དཔོན་གྱིས་སྤར་སྨེ་ལོ་སྐོར་འབྱུང་བ་དང་འཐབ་པས་རྩིས་ཁོག་ཕུབ་རྗེས། སྤར་ཁའི་སྐེག་ཟློག་གི་ཆེད་དུ་ལི་ཐར་རྒྱལ་དང་། ཁོན་ཐར་རྒྱལ། ཁོན་ཐར་སྐྱིད། ལྕགས་ཐར་འབུམ། ལྕགས་ཐར་སྐྱིད། གནམ་ཐར་ཚེ་རིང་། ཁམ་བྱམས་དོན་འགྲུབ། ཁམ་མོ་སྐྱིད། གིན་ཐར་རྒྱལ། གིན་ཐར་སྐྱིད། ཟིན་ཐར་རྒྱལ། ཟིན་ཐར་སྐྱིད། ཟོན་ཐར་རྒྱལ། ཟོན་ཐར་སྐྱིད་སོགས་སུ་བཏགས་པར། ཕྱིས་སུ་རིམ་བཞིན་རྩིས་ཀྱི་ཐ་སྙད་པ་དག་གིས་ལི་སོགས་སྒྲ་མཐུན་ཅན་གྱི་ཐ་སྙད་དོན་ཅན་ལ་སྦྱར་ཏེ། ལི་ལ་ཀླུ་དང་། ཁོན་ ལ་འཁོན། ཁམ་ལ་མཁར་དང་མཁའ། གིན་ལ་ཀུན། ཟིན་ལ་བཙུན། ཟོན་ལ་གསོན་སོགས་སུ་བྲིས་ཏེ་མིང་དུ་བཏགས་པའི་དགོས་དབང་གཏོར་ནས་ཐ་སྙད་ཀྱི་ནོར་བ་རྒྱུན་འབྱམས་སུ་སོང་བ་ཡིན། གཞན་ཡང་ལྕགས་བྱམས་དང་། གནམ་ལྷ། ལྕགས་ཐར། གནམ་ཐར། གནམ་འཚོ་རྒྱལ་སོགས་འབྱུང་ཁམས་ཀྱི་ཆ་ལས་བཏགས་པར་འདོད་པ་དག་ཀྱང་དཔྱད་བློ་རྩིང་པ་སྟེ། ལྕགས་དང་ནམ་མཁའི་མིང་ཟུར་འདི་ནི་དྭ་ལྕགས་དང་ཁེན་གནམ་ལས་དྭ་དང་ཁེན་གཉིས་བརྗོད་མ་བདེ་བས་ཚིག་གྲོགས་ཕྱི་མ་གཉིས་བཟུང་བ་ཡིན་པའི་གནད་ཀྱང་ཤེས་པར་བྱའོ།།
སྤྱིར་མིང་འདོགས་སྟངས་ཀྱི་ཐོག་མའི་དམིགས་ཡུལ་དང་དགོས་པ་འདྲ་མིན་ཞིག་ཡོད་ཀྱང་། རྩིས་གཞུང་དང་འབྲེལ་བ་ཁག་ནི་ལོ་ཟླ་དུས་ཚོད་སྤར་སྨེ་སོགས་ཀྱི་སྐེག་ལས་ཐར་བའི་དགོས་དབང་གིས་བཏགས་ནའང་། དེང་དུས་ཚེ་རིང་ཐར་དང་། ཁྱུང་ཐར། བསྐལ་བཟང་ཐར། གཅོད་པ་ཐར། འཕགས་པ་རྒྱལ། ཚེ་མདོ་ཐར་སོགས་ནི་ཚེ་རིང་བོ་ལས་ཐར་བ་དང་། བསྐལ་བ་བཟང་བོ་ལས་ཐར་བ་མ་ཡིན་པར། གདགས་གཞིའི་ལོ་ཟླ་དུས་གེགས་སོགས་ཀྱི་བར་ཆད་ཞི་བའི་རིམ་གྲོའི་ཆ་ནས་བཏགས་པའི་སྐབས་བབས་ཀྱི་དགོས་དབང་ཡང་རྟོགས་པར་བྱ་སྟེ། རུས་ མཛོད་མེ་ཏོག་སྐྱེད་ཚལ་ལས། “ཕག་གི་ལོ་གསར་གྱི་ཚེས་པ་བརྒྱད་ཀྱི་ཉིན་གཉེན་མོ་ལས་སྲས་ཤིག་བཙས་པར། སྔར་མགོ་ལོག་ཨ་འབུམ་གྱི་བུ་ཞིག་ཆུང་ངའི་དུས་ནས་ཤི་བར་འབུམ་ཞིག་བྲིས་ནས་བུ་ཞིག་བྱུང་བར། འབུམ་སྐྱབས་བཏགས་ཏེ་ཐར་བའི་ཀེག་དེ་ལ་འཛེམས་ནས་མིང་ཕག་ཐར་བཏགས་སོ།།” ཞེས་པ་ལྟར། གཞན་བུ་ཕྲུག་འཚོ་སྡོད་ཀྱི་རྒྱུན་མི་བརྟན་པ་དང་ན་ཚ་སོགས་རྐྱེན་གྱིས་གཙེས་པའི་སྲི་གཅོད་ཀྱི་ཆེད་དུ་ས་གཉས་སོ་སོའི་ལྷ་ཀླུ་གཞི་བདག་མཐུ་མོ་ཆེ་དག་ལ་མཆོད་མཇལ་གནས་བསྐོར་དུ་ཕྱིན་ཏེ་སྔར་མིང་བརྗེས་པོ་བརྒྱབ་པའང་མི་ཉུང་བ་ཞིག་ཡོད་ལ། དཔེར་ན་མདོ་སྨད་ཡུལ་གྲུ་ཁག་ཅིག་ཏུ་ཨ་མྱེས་ཀླུ་རྒྱལ་དང་། ཤ་བོ། བྱ་ཁྱུང་གི་རྡོ་རྗེ་ཕག་མོ། རྡོ་སྦིས་ཀྱི་སྟོང་རུ་ལྷ་མཚོ་(ལྷ་ལུང་མཚོ)བཅས་ལས་ཕྱུང་སྟེ། ཀླུ་རྒྱལ་དོན་འགྲུབ་དང་། ཀླུ་མོ་རྒྱལ། ཤ་བོ་དོན་འགྲུབ་དང་ཤ་མོ་ཐར། ཕག་མོ་བཀྲ་ཤིས་དང་ཕག་མོ་འཚོ། ལྷ་ལུང་རྒྱལ་དང་ལྷ་ལུང་མཚོ་སོགས་རྨ་ཀླུང་ལྷོ་བྱང་གི་རྒྱུད་དུ་ཅི་བས་མང་བ་འདི་ཡིན། དེ་ལྟར་རང་རེའི་མིང་འདོགས་སྟངས་ཀྱི་ཁྲོད་དུ་འཚོ་དང་མཚོ། དོན་འགྲུབ་དང་དོན་གྲུབ། སྒྲོལ་མ་དང་སྒྲོན་མ། ཀརྨ་དང་སྐར་མ་སོགས་ཀྱི་མིང་གི་གོ་དོན་གྱི་གདགས་བྱེད་ངེས་པའི་སྒོ་ནས་འཛིན་པའང་བརྙས་དམོད་སླ་ཆོས་ཀྱི་ཀློང་དུ་བསྟིམས་པར་བྱ་བའི་ལས་སུ་བལྟ་བར་མི་བྱའོ།།
ཐོག་མའི་མི་ཡི་ཐ་སྙད་མ་གོམས་ཤིང་།།
བཙན་པོའི་དུས་ཀྱི་འབངས་ངོ་མ་ཆོད་པར།།
ཕྱི་རབས་བོད་མིའི་མིང་གི་བྱུང་བ་འདི།།
སུ་ལ་མི་མཁོའི་ས་མཐའི་ཡུལ་དུ་བཀྲལ།།
ཅེས་ཀྱང་སྨྲའོ།།
བོད་པའི་དངོས་མིང་དང་། བཏགས་མིང་གིས་བོད་ཀྱི་ས་ཁྲ་བཟོས་ན། དེ་བས་ཀྱང་ཕན་ཐོགས་ཆེ་བ་འོངས་བ། ཆེད་རྩོམ་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད་དོ།།
ཐོག་མ་ཕྱིའི་འཇིག་རྟེན་ཆགས་རབས་དང་།
བར་དུ་མི་ཡིའི་འགྲོ་བ་འཕེལ་རིམས་དང་།
མཐའ་མ་མི་ཡིའི་མིང་གི་འདོགས་སྟངས་སོགས་།
ཡུལ་གྲུ་ཀུན་ལ་གཅིག་མཚུངས་གང་ན་ཡོད་།
རྩོམ་པ་པོ་ལ་བོད་དབུས་གཙང་ཁུལ་གྱི་མིང་འདོགས་ཚུལ་ལ་རྒྱུས་མངའ་ཅ་ཚང་མེད་འདུག
འ་སྔོན་འཇུག་ཡོད་པའི་སྡེ་འཚོ་འབྲོག་འཚོ་གཞུང་འཚོ་སྒེར་འཚོ་ལྟབུ་མི་མིང་ལ་འཇུག་འོས་པ་མ་ཤེས་།
མ་སྔོན་འཇུག་ཡོད་པ་གཡུ་མཚོ་ལྷ་མཚོ་རྒྱ་མཚོ་བདེ་མཚོ་ལྟབུ་མི་མིང་ལ་འཇུག་པ་ཤེས་།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > མངའ་རིས་ནས་གནའ་རྫས་རྙེད།
མངའ་རིས་ནས་གནའ་རྫས་རྙེད།
་
http://tibettimes.net/2018/02/01/166575/