འབའ་སྲས།
ཕ་ཡུལ་ཤོར་ནས་གཞན་ཡུལ་ཁྱིམ་དུ་བྱས།།
རང་བཙན་བཞག་ནས་དབུ་མའི་ལམ་ལ་ཞུགས།།
དབུ་མའི་ལམ་གྱི་སྣེ་ཐག་ཆད་ལ་ཉེ།།
ད་ནི་ང་ཚོས་ལམ་ཁ་ཅི་ཞིག་འདེམ།།
རྒྱ་ནག་དམར་པོའི་སྲིད་དབང་བོད་ལ་བཙུགས།།
བཙན་བྱོལ་བོད་གཞུང་རྡ་རམ་ས་ལར་ཆགས།།
འདི་གཉིས་བར་ན་དབུ་མའི་ལམ་ཞིག་ཡོད།།
དབུ་མའི་ལམ་དུ་རྐང་པ་ཇི་ལྟར་སྤོ།།
བདག་གི་ཕ་མ་གངས་ཅན་བོད་ན་ཡོད།།
བདག་གི་བླ་མ་ས་མཐའི་ཡུལ་ན་བཞུགས།།
འདི་གཉིས་ཐུགས་ན་དམར་པོ་མེ་ཞིག་ཡོད།།
མེ་ལྕེ་མཆེད་པའི་རླུང་ཁ་ཇི་ལྟར་འབྱེད།།
རང་བཙན་སྐད་འབོད་དབུ་མའི་ལམ་དང་འགལ།།
དྲག་པོའི་རྒོལ་བ་ནང་པའི་ཆོས་དང་འགལ།།
ཟས་བཅད་ཤི་བ་རྒྱལ་སྤྱིའི་ཁྲིམས་དང་འགལ།།
ད་ནི་ང་ཚོས་བདེན་པ་ཇི་ལྟར་རྩོད།།
དགའ་ལྡན་ཕོ་བྲང་སྲིད་དབང་ཕྱིར་བསྡུ་བྱས།།
རྒྱལ་བ་ཆེན་པོའི་སྐུ་དབང་འབངས་ཀྱིས་བླངས།།
བཙན་བྱོལ་བོད་གཞུང་མཚན་ཡང་གཞན་ལ་བསྒྱུར།།
གནས་སྟངས་སྐྱུར་མོ་འདི་འདྲ་ཇི་ལྟར་བྱུང་།།
བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུག་ཆགས།།
དགའ་ལྡན་ཕོ་བྲང་བདེན་པ་ཉིད་ལ་བརྗེས།།
བཀའ་བློན་ཁྲི་བའི་མིང་ཚབ་སྲིད་འཛིན་བྲིས།།
རྒྱལ་དར་རྒྱལ་གླུའི་ཚབ་ལ་ཅི་ཞིག་འཇོག །
རྒྱལ་སྤྱི་སྟེང་ན་སྐུ་ཚབ་དོན་གཅོད་མང་།།
དོན་གཅོད་ཁང་གི་སྒོ་ཆེན་ཇི་ལྟར་འབྱེད།།
བཙན་བྱོལ་གཞུང་ལ་གཞུང་འབྲེལ་ལྷན་ཁང་མང་།།
ལྷན་ཁང་ཁག་གི་མིང་བྱང་ཅི་ཞིག་འབྲི།།
རྒྱ་ནག་བལྟས་ནས་རང་བཙན་མར་ལ་ཕབ།།
རྒྱ་དཀར་བལྟས་ནས་བཅའ་ཁྲིམས་བསྒྱུར་བཅོས་བྱས།།
རྒྱལ་ཁབ་དཀར་ནག་གཉིས་ཀྱི་བར་ཁུག་ནས།།
བོད་མིའི་སེམས་ཀྱི་ཁྲག་དམར་ཇི་ལྟར་བཞུར།།
བོད་མི་མང་པོས་བོད་ནས་རང་སྲོག་གཏོང་།།
གྲོས་ཚོགས་ར་བར་ཁུར་ཚུར་གཡུག་རེས་བྱེད།།
དམར་པོ་གཞུང་ལ་གཏད་དགོས་མེ་ལྕེ་དེ།།
གྲོས་ཚོགས་ནང་ཁུལ་བར་ནས་འབར་དོན་ཅི།།
བཙན་བྱོལ་བོད་གཞུང་མིང་ནི་བརྗེས་དང་ཐལ།།
དགའ་ལྡན་ཕོ་བྲང་མཚན་ཡང་བརྗེས་དང་ཐལ།།
བཅའ་ཁྲིམས་རིན་པོ་ཆེ་ཡང་བརྗེས་དང་ཐལ།།
བོད་མིའི་མིང་ཡང་བརྗེ་བའི་དུས་ལ་བབས།།
ཁ་བཤད་ལག་ལེན་ཚིག་ལ་མི་གནས་ན།།
དོན་མེད་སྒྲོ་གཏམ་བཤད་ན་ངོ་ཚའི་གནས།།
རང་གི་གཞུང་ལ་རང་གིས་མ་བཀུར་ན།།
སྡེ་བ་ཡོད་ཚད་རང་གི་དགྲ་རུ་འགྱུར།།
ཁ་བཤད་ལག་ལེན་དོན་ལ་མི་གནས་པར།
རང་གི་གཞུང་ལ་རང་གིས་ཤ་ཚ་བའི།
དོན་ལྡན་ཚིག་གི་བཀུར་བསྟི་ཞུས་པས་ན།
སྡེ་པ་དགྲ་རུ་སྡང་ཡང་ཅི་ལ་ཕན།
སྡེ་པ་དགྲ་རུ་ལང་ཡང་ཅི་ལ་གནོད། །
བཙན་བྱོལ་སྤྱི་ཚོགས་ཁྲོད་དུ། །
འགྱུར་ཟློགས་མང་པོ་བཏང་སོང་། །
དེང་གི་མི་རབས་གསར་པས། །
གདོང་ལེན་གང་འདྲ་བྱེད་ཀྱིན། །
བཀའ་རྙིང་ལས་གནས་་རྫོགས་མཚམས་། །
སྤྱི་འཐུས་དུས་ཡུན་རྫོགས་སོང་། །
བཅའ་ཁྲིམས་སྐྱར་བཅོས་བྱས་སོང་། །
བོད་མིའི་སྒྲིགས་འཛུགས་བཏག་འདུག །
བཀའ་ཁྲི་གསར་པ་སླེབས་འདུག །
སྤྱི་འཐུས་ཉེར་གཅིག་གསར་འདེམས།་ །
བཀའ་སྤྱི་གཉིས་ཀྱི་ཐོག་ནས། །
བོད་དེ་ཅི་ལྟར་སྐྱོང་འདོད། །
གངས་ཅན་བོད་ཀྱི་ལས་སྐལ། །
མུན་ནག་ནང་ལ་ལྷུང་ཡོད། །
མ་འོངས་བོད་ཀྱི་མངོན་འདོད། །
འོད་སྣང་ཡུལ་དུ་བསྐྱལ་དང་། །