ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
ཕྱི་ལོ ༢༠༡༢ལོའི་ཟླ ༤ཚེས ༢༢ཉིན། གྲོང་ཁྱེར་སི་ཊི་ཉིས་ཨ་ཞིས་ཧྥེལ་ས་ཁུལ་དུ་ཨོ་སི་ཁྲི་ལི་ཡའི་རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས། རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་ཁང་དང་སི་ཊི་ཉིས་དུས་གནས་ལྟེ་གནད་གླེང་སྟེགས་བཅས་ཚོགས་པ་གསུམ་མཉམ་འབྲེལ་གྱིས་བརྗོད་གཞིར༼མེ་རླབས་ཁྲོད་ཀྱི་རང་དབང་། བོད་མིའི་ལས་དབང་དང་འབྱུང་འགྱུར་དཔྱད་གླེང༽ཞེས་པའི་ཚོགས་འདུ་བསྡུས་ཤིང་། ཨོ་སི་ཁྲི་ལི་ཡར་བཞུགས་པའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་བོད་རྒྱའི་འབྲེལ་མཐུད་འགན་འཛིན་ལྕམ་སྐུ་ཞབས་ཟླ་སྒྲོན་ལགས། ཨོ་སི་ཁྲི་ལི་ཡ་གཞུང་གི་རྒྱལ་སྤྱིའི་མཐོ་རིམ་བློ་འདོན་པ་ལྕམ Patricia Lyon དེ་མིན་སི་ཊི་ཉིས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེས་རྒན་དང་རྒྱུན་ལས་ཁ་ཤས། སི་ཊི་ཉིས་ལ་བཞུགས་པའི་རྒྱ་རིགས་མཁས་པ་དང་དམངས་གཙོ་ལས་འགུལ་བ། སློབ་ཕྲུག་དང་གསར་འགོད་པ། རྩོམ་པ་པོ་དང་བོད་མི་བཅས་ཁྱོན་བསྡོམས་མི་གྲངས ༧༠ལྷག་ཚོགས་ཞུགས་གནང་སོང་།
ཚོགས་འདུ་འགོ་འཛུགས།
ཁྲིན་ཧོང་ཞིན།
ཚོགས་འདུ་གཙོ་སྐྱོང་བ་ལྕམ་ཆུང་ཁྲིན་ཧོང་ཞིན་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་གནང་སྐབས་ཞིབ་ཕྲའི་ལམ་ནས་ཕྱི་ལོ ༢༠༠༩ལོནས་ད་ལྟའི་བར་བོད་མི་ག་ཚད་ཀྱིས་རང་ལུས་མེར་མཆོད་གནང་ཚུལ་དང་ཁོང་ལྷན་རྒྱས་ཀྱི་གནས་སྟངས། བོད་མིས་རང་ལུས་མེ་མཆོད་ཕུལ་ཡུལ་དང་རེ་འདུན་སོགས་བརྗོད་པར་མ་ཟད། ཁོང་ལྷན་རྒྱས་ཀྱིས་རང་ལུས་མེར་མཆོད་གནང་སྐབས། ༼བོད་ལ་རང་དབང་དགོས༽དང༼རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་ལོག་འཇུག་དགོས༽ཞེས་པའི་སྐད་འབོད་བྱས་ཚུལ། ད་དུང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་མི་རིགས་ཤིག་གིས་འདི་ལྟར་ཚེ་སྲོག་རང་དབང་གི་ཆེད་དུ་རྒྱུན་མཐུད་ནས་བཏང་བ་ཧ་ལམ་ཐོག་མ་ཆགས་ཡོད་པས། ཅིའི་ཕྱིར་ཡ་ང་བའི་དོན་རྐྱེན་འདི་དག་རྒྱུན་མཐུད་བྱེད་ཀྱི་ཡོད་དམ། རྒྱ་ནག་སྲིད་གཞུང་ཅི་ཞིག་ལ་ཞེད་ཀྱིན་ཡོད་དམ། བོད་མི་ཚོས་བསམ་བློ་ག་རེ་གཏོང་གི་ཡོད་དམ། རྒྱལ་སྤྱིའི་གླེང་ཕྱོགས་དང་ང་ཚོ་ཨོ་སི་ཁྲི་ལི་ཡས་བོད་མིའི་མེར་མཆོད་ལས་འགུལ་ལ་དགོིངས་པ་ཇི་ལྟར་བཞེས་ཀྱི་ཡོད་ཚུལ་ནི་ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་དམིགས་ཡུལ་དུ་གསུངས་སོང་།
ལྷ་སྡེ་གནམ་ལོ་ཡག
རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྷ་སྡེ་གནམ་ལོ་ཡག་གིས་ཚོགས་འདུ་བསྡུ་སྐོང་གནང་མཁན་ཚོགས་པ་གསུམ་གྱི་ཚབ་བྱས་ཏེ་ཚོགས་འདུར་ཤིས་ཚིག་འབུལ་སྐབས་བཤད་དོན། མེར་མཆོད་ངོ་རྒོལ་ནི་བོད་མི་ཁོ་ནར་གཏོགས་པ་ཞིག་མ་ཡིན་པར་རྒྱལ་སྤྱི་རང་བཞིན་ལྡན་པའི་ངོ་རྒོལ་གྱི་རྣམ་པ་ཞིག་རེད། དཔེར་ན། སྔར་ཨ་རི་ནས་བེ་ཐུ་ནམ་དམག་འཁྲུག་ལ་ངོ་རྒོལ་བྱུང་བ་དང་རྒྱ་གར་གྱིས་སྐད་ཡིག་སྲིད་ཇུས་འགྱུར་བ་བཏང་བ། དེང་གི་མེ་ཏོག་མ་ལི་ཀའི་གསར་བརྗེ་བཅས་ནི་མེར་མཆོད་ལས་འགུལ་གྱིས་བསྐྱེད་པ་ཞིག་རེད་ལ། གླེང་ཕྱོགས་ཀྱི་ཆ་ནས་མེར་མཆོད་ངོ་རྒོལ་ཡང་དག་ཅིག་ལ་ངོས་འཛིན་གནང་ཡོད་པར་མ་ཟད། མེར་མཆོད་ངོ་རྒོལ་གྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་ཐུབ་ཡོད། ཕྱི་ལོ ༢༠༠༩ལོ་ནས་དེ་རིང་བར་ཁྱོན་བསྡོམས་བོད་ཕྱི་ནང་གི་མི་གྲངས ༣༨རང་ལུས་མེར་མཆོད་ཀྱིས་པེ་ཅིན་གྱིས་བོད་ཐོག་འཛིན་པའི་སྲིད་ངོ་རྒོལ་བྱས་ཡོད་ཅིང་། དེའི་ཁྲོད་ནས་མི ༢༨གྲོངས་ཡོད། པེ་ཅིན་གྱི་སྐད་ཆ་ལྟར་བཤད་ན། ཁོང་ལྷན་རྒྱས་ནི་ཡར་ལངས་ཞིང་བྲན་གྱི་མི་རབས་གཉིས་པ་དང་གསུམ་པ་རྐྱང་རེད། འདི་ལྟར་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར་རྒྱ་མིའི་ཁྲོད་དུ་བོད་མིའི་རང་ལུས་མེར་མཆོད་ངོ་རྒོལ་ཐད་བཤད་སྟངས་གསུམ་བྱུང་ཡོད། ༡ རྒྱ་ནག་གཞུང་ཕྱོགས་ཀྱི་དྲག་སྤྱོད་པར་སྨྲ་བ། ༢ རྒྱ་ནག་སྐམ་སའི་ཤེས་ཡོན་པ་རེ་ཟུང་གིས་ཚད་མཐོའི་འཚེ་བར་སྨྲ་བ། ༣ རྒྱ་ནག་ཕྱི་སྡོད་དམངས་གཙོའི་ལས་འགུལ་བ་དང་ཤེས་ཡོན་པ་ཁ་ཤས་ཀྱིས་ཚེ་སྲོག་གཅེས་སྤྲས་སྨྲ་བ་བཅས་རེད་ལ། ཐ་ན་རྒྱ་མི་མང་ཆེ་ཤས་ཀྱིས་བོད་མིས་ཅིའི་ཕྱིར་རང་ལུས་མེར་མཆོད་ཀྱིས་ངོ་རྒོལ་གནང་བཞིན་པར་ཧ་གོ་མེད་ཅིང་། བོད་མིའི་རང་ལུས་མེར་མཆོད་ངོ་རྒོལ་གྱིས་རྒྱ་ནག་དམངས་གཙོ་འགྱུར་བར་ཤུགས་རྐྱེན་ག་རེ་ཡོད་མེད་གླེང་མཁན་ཡང་བྱུང་མེད། དེ་བས། ཚོགས་ཞུགས་པ་ལྷན་རྒྱས་ནས་གསུང་མོལ་ལྷུག་པོར་གནང་བའི་རེ་བ་ཡོད་ལ། བོད་མིའི་མེར་མཆོད་ངོ་རྒོལ་ལ་དབྱེ་ཞིབ་མཐིལ་ཕྱིན་གྱིས་ཡང་སྙིང་ཅི་ཡིན་ལ་གསལ་ཁ་བཏོད་ནས་གླེང་ཕྱོགས་ལ་སྣེ་ཁྲིད་ཡོང་བའི་སྨོན་འདུན་ཡོད། ཡང་ཅིག་བཤད་ན། དེ་ནི་ཚོགས་འདུ་འདི་སྐོང་འཚོགས་གནང་བའི་དོན་སྙིང་ཡང་ཡིན།
སྐུ་མགྲོན་གཙོ་བོ་བདུན་གྱི་གཏམ་བཤད་ཉིང་བསྡུས།
སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དཔྱད་གླེང་སྤེལ་སྐབས། གལ་བོ་ཆེ་ལ་ནན་ཏན་གྱིས་གསུང་དོན། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ལ་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་སྤྲད་ཡོད། ཡིན་ནའང་། བོད་མིའི་ལག་ནས་རང་ཉིད་ཀྱི་ཤེས་རིག་དར་སྤེལ་དང་རྒྱུན་མཐུད་ཀྱི་ཐོབ་ཐང་འཕྲོག་ཟིན་པར་མ་ཟད། ལོ་འདི་དག་རིང་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོ་ཇེ་དོག་ནས་ཇེ་དམ་ལ་བཏང་ཡོད། དགོན་པའི་ནང་དུ་རྒྱལ་གཅེས་སློབ་གསོ་ཁྱབ་བརྡལ་དུ་གཏོང་བཞིན་པར་མ་ཟད། ཐ་ན་གཞུང་འབྲེལ་གསར་ལམ་ཁག་ཏུ་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་མའི་ལམ་གྱི་རྒྱབ་ཏུ་རྒྱ་མི་ཕྱིར་ཕུད་ཀྱི་དམིགས་ཡུལ་བཅངས་ཡོད་ཚུལ་གྱི་ཁ་རྡུང་བཏང་ནས་སྔར་ཧེ་ཐི་ལའེ་ཡིས་འཇེའོ་མི་རིགས་རྩ་མེད་བཏང་བ་དང་གཅིག་མཚུངས་ཡིན་ཚུལ་ལབ་ཀྱིན་འདུག ཡིན་ནའང་། ཧི་ཐི་ལའེ་ནང་བཞིན་མཐོང་གིན་པའི་མི་འདིར་ཞི་བདེ་རྟགས་མ་རེག་ཡོད་པའི་ཁར། འཛམ་གླིང་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། དབུ་མའི་ལམ་ནི་གཉིས་རྒྱལ་གྱི་ལམ་ཁ་ཞིག་སྟེ། འཚེ་མེད་ཞི་བའི་མཛའ་བརྩེ་གཉིས་ཕན་རྩ་གནད་དུ་བཟུང་བའི་དཀྱེལ་ཡངས་ཀྱི་སྲིད་ཇུས་ཤིག་ཡིན། བོད་ནང་རང་ལུས་མེར་མཆོད་གཏོང་མཁན་ཚང་མ་ཕྱི་ལོ ༡༩༥༩ལོའི་རྗེས་སུ་འཁྲུངས་པའི་མི་རབས་གཉིས་པ་དང་གསུམ་པ་ཤ་སྟག་རེད་ལ། ཁོང་ཚོ་ཚང་མ་རྒྱ་ནག་དམར་བོའི་སྲིད་དབང་འོག་ཏུ་འཚར་ལོངས་བྱུང་བ་དང་སློབ་གསོ་རེག་ཡོད་པས། རྒྱ་གཞུང་རང་ཉིད་ཀྱི་སློབ་གསོའི་འོག་ཏུ་འཚར་ལོངས་བྱུང་བའི་བོད་མི་འདི་དག་ལ་གོང་ས༸རྒྱལ་བ་རིན་པོ་ཆེ་དང་ཕྱི་སྡོད་བོད་མིས་བརྒྱུད་བསྐུལ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བསྙད་མི་རུང་། དོན་ལ་ཁོང་ལྷན་རྒྱས་ནས་མེར་མཆོད་ཀྱི་བྱེད་ཐབས་སྤྱད་ནས་སྲིད་གཞུང་ལ་ངོ་རྒོལ་དང་ཁོང་ཚོའི་དགོས་འདུན་བརྗོད་ཀྱིན་ཡོད་ལ། དེ་ནི་བོད་མི་ཡོངས་ཀྱི་དགོས་འདུན་ཡང་རེད།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྒན་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཕན་ཆིན་ལགས་ཀྱིས་དཔྱད་གླེང་སྤེལ་སྐབས་གསུང་དོན། བོད་མིའི་རང་ལུས་མེར་མཆོད་དོན་རྐྱེན་གྱིས་ཁོ་བོའི་མི་ཚེ་ནང་དུ་སྐྱེ་འཆིའི་བརྡབ་ཤུགས་ལྟ་བུའི་ཚོར་འདུ་དྲག་པོ་ཞིག་སྤྲད་སོང་། ནང་ཆོས་ཀྱིས་སྲོག་གཅོད་སྤང་བྱར་བཟུང་ཡོད་པས། མིག་སྔར་མི་སྤྱིར་བཏང་བའི་ཁྲོད་དུ་བོད་མིའི་རང་ལུས་མེར་མཆོད་དོན་རྐྱེན་རྒྱུན་མཐུད་ཀྱིན་པར་དོགས་པ་སྐྱེ་བཞིན་པའི་འབྱུང་རྩར་གྱུར་ཡོད། ཡིན་ནའང་། ནང་བའི་ཁྲོད་དུ་སྲོག་གཅོད་སྤང་བླང་ཐད་ལྟ་ཚུལ་མི་མཐུན་པ་བྱུང་ཡོད། བྱང་བརྒྱུད་ནང་བ་དང་ལྷོ་བརྒྱུད་ནང་བའི་བར་དུའང་ལྟ་ཚུལ་མཐུན་གྱི་མི་འདུག སྤྱིར་ནང་བའི་གཞུང་ནས་གང་བྱུང་དུ་རང་ཉིད་ཀྱི་ལུས་པོར་གནོད་སྐྱོན་བཟོ་བ་ནི་ནོར་འཁྲུལ་ལ་ལྟ་བཞིན་འདུག ཡང་ཐེག་ཆེན་པས་གཞན་ཕན་གཙིགས་སུ་བཟུང་ཡོད་པས། བསྟན་སྲུང་དང་ཆོས་སྲུང་གི་སླད་དུ་རང་ལུས་མེར་མཆོད་གཏོང་བར་མོས་མཐུན་བྱེད་ཀྱིན་ཡོད། ཞིབ་ཕྲར་དབྱེ་ན་ཁག་ལྔ་སྟེ། ༡ རང་ཉིད་གཞན་དོན་དུ་དོར་བ། ༢ ཆོས་དད་ཀྱི་ཆེད་དུ་མེར་མཆོད། ༣ བསྟན་སྲུང་ཆོས་སྲུང་སླད་མེར་མཆོད། ༤ ཆོས་ཞུ་ཆེད་མེར་མཆོད། ༥ སྒོམ་སྟོབས་རང་བཞིན་གྱི་རང་སྲོག་གཅོད་པའོ། ཐེག་ཆེན་པས་ཐ་ན་དགྲ་བཅོམ་དག་ལ་བསྐུལ་སློང་གིས་བསྟན་སྲུང་ཆེད་དུ་རང་སྲོག་འབུལ་དགོས་ཚུལ་གསུངས་ཡོད། སྔར་སྟོན་པ་ཤཀྱྰ་ཐུབ་པའི་སྐུ་ཕྲེང་ཞིག་གིས་དགྲ་བཅོམ་པ་ལྔ་བརྒྱ་སྐྱོབ་སླད་གྲུ་དཔོན་གྱི་མཛད་པའི་འོག་ནས་ཇག་པ་ཞིག་བསད་ཡོད་ཀྱང་དགྲ་བཅོམ་པ་ལྔ་བརྒྱ་འཇིགས་པ་ལས་ཐར་བར་མ་ཟད། ཇག་པའང་དག་ཞིང་དུ་དྲངས་ཡོད། འདི་ནི་ནང་ཆོས་ཀྱི་ཁྱད་ཆོས་ཤིག་རེད་ལ། འགྲོ་བ་མི་ཡོངས་རྫོགས་ཀྱིས་རྟོགས་དཀའ་བ་ཞིག་ཀྱང་རེད། དེ་བས། ནང་ཆོས་ཀྱི་འདུལ་ཁྲིམས་ནང་དུ་སྲོག་གཅོད་སྤང་བྱར་བསྟན་ཡོད་པ་དང་། ཡང་བསྟན་སྲུང་ཆོས་སྲུང་གཙོར་འཛིན་གྱིས་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པའི་རང་ལས་གཞན་གཅེས་ཀྱི་སྡོམ་ཁྲིམས་ཀྱང་འདུག ད་ལྟ་དེང་རབས་སྤྱི་ཚོགས་ཀྱི་ཚད་གཞིའི་ངོས་ནས་བོད་མིའི་རང་ལུས་མེར་མཆོད་དོན་རྐྱེན་ལ་ལྟ་སྐབས། ཡོངས་ཁྱབ་རིན་ཐང་གི་ཆ་ནས་བོད་མིའི་རང་ལུས་མེར་མཆོད་ཀྱི་བྱ་སྤྱོད་ཀྱིས་དབང་ཆ་གཅིག་སྡུད་སྲིད་གཞུང་ལ་ངོ་རྒོལ་ཤུགས་ཆེན་གནང་ཡོད་པར་མ་ཟད། ངོ་རྒོལ་གྱི་རྣམ་པ་འདིའི་སྒང་ནས་རང་ཉིད་ཀྱི་གཅེས་སྲོག་ཕུལ་བཞིན་ཡོད་ནའང་། ང་རང་གི་སེམས་སྐྱོ་བ་ཞིག་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱང་འདར་སིག་རྒྱག་སྲིད་པའི་དོན་རྐྱེན་འདི་བྱུང་རྗེས། འཛམ་གླིང་ལ་དོ་སྣང་ཆེན་པོ་མི་འདུག དེའི་ཁར་རྒྱ་ནག་སྐམ་སའི་མི་མང་ཆེ་བ་ཞིག་ནི་སྐྱོབ་ཐབས་མེད་པའི་གནས་སུ་ལྷུང་འདུག ད་ལྟ་བོད་མི་དཔའ་བོ་བཅུ་ཕྲག་ལྷག་གི་གཅེས་སྲོག་ཕུལ་ཟིན་པས། ཚེ་སྲོག་གིས་ཀུན་སྤྱོད་ཀྱི་དཔལ་འབར་བསྒྲོན་པ་ནི་འདང་ངེས་སུ་སྣང་བས། མུ་མཐུད་དུ་ཚེ་སྲོག་མེར་མཆོད་མི་གཏོང་བར་འབོད་བསྐུལ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་རྒྱུ་འབྲས་བློ་མིག་ཅན་དག་ལ་ཡིད་འགུལ་ཐེབས་པ་ལས་གདོན་འདྲེ་ལ་ཡིད་འགུལ་ཐེབས་མི་སྲིད། རྒྱ་ནག་སྐམ་སའི་སྲིད་གཞུང་ནི་གདོན་འདྲེ་ཡི་སྲིད་གཞུང་ཞིག་ཡིན། གདོན་འདྲེ་ཡིད་འགུལ་ཐེབས་པ་ཞིག་སུས་ཐོས་མྱོང་ངམ། ང་རང་ཡིད་སྐྱོ་བའི་ལམ་ནས་བོད་ཀྱི་དཔའ་བོ་རྣམས་ལ་གུས་བརྩི་བྱེད་ཀྱི་ཡོད། འོན་ཀྱང་། བོད་མི་ཚོས་ཚེ་སྲོག་ལ་གཅེས་སྤྲས་གནང་བར་འབོད་བསྐུལ་ཞུ་བཞིན་ཡོད། མེར་མཆོད་ལ་ཕུལ་ཟིན་པའི་དཔའ་བོ་རྣམས་ཀྱི་མཛད་རྗེས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ནམ་ཡང་གནས་ཀྱི་རེད།
སི་ཊི་ཉིས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་རྡོེ་རྗེ་སྒྲོལ་མ་ལགས་ཀྱིས་དཔྱད་གླེང་སྤེལ་སྐབས་གསུང་དོན། “རྒྱ་ནག་སྲིད་གཞུང་ནི་བརྡ་འཕྲིན་དང་གསར་ལམ་ལ་སྟངས་འཛིན་ནན་མོ་བྱེད་ཀྱིན་པའི་རྒྱལ་ཁབ་ཅིག་རེད། རྒྱ་ནག་མང་ཚོགས་དཀྱུས་མས་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད་པས། བོད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་དེ་བས་ཁག་པོ་ཡིན་པ་སྨྲས་མ་དགོས་པ་ཞིག་རེད། ཡིན་ནའང་། རྒྱ་ནག་ནང་དུ་མང་ཚོགས་དཀྱུས་མས་རུལ་སུངས་ལ་ངོ་རྒོལ་དང་རང་དབང་དམངས་གཙོ་བརྩོན་ལེན་བྱེད་ཀྱིན་པའི་ཆ་ནས་བོད་རྒྱ་མི་རིགས་གཉིས་ལ་གཅིག་མཐུན་གྱི་ཆ་མང་བོ་ཞིག་མངོན་གྱི་ཡོད་པ་རེད། ” གཞན་ད་དུང་སྒྲུང་ཐུང་ཞིག་བཤད་སོང་། ལོ་དུ་མའི་སྔོན་ཞིག་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གདན་འདྲེན་ཞུས་པར་བརྟེན་ནས་ཁོ་མོ་ཚོགས་འདུ་དེར་ཞུགས་པ་དང་། སྐབས་དེར་རྒྱ་ནག་གི་སྐད་གྲགས་ཅན་གྱི་སྲིད་དོན་ལྟ་གྲུབ་མི་མཐུན་པ་བེ་ཅིན་ཧྲིན་ཡང་དེར་ཞུགས་ཡོད་ཅིང་། ཁོང་གི་གཏམ་བཤད་ལ་རྒྱ་མི་ཚོས་རྣམ་ཤེས་གཏད་ནས་ཉན་གྱི་འདུག ཡིན་ནའང་། སྐབས་དེར་ཁོ་མོས་ལེགས་སྦྱར་གནང་སྐབས། གཤམ་དུ་རྒྱ་མི་ཁ་ཤས་ཀྱིས་མི་དགའ་བའི་རྣམ་འགྱུར་བསྟན་པས། བེ་ཅིན་ཧྲིན་གྱིས་དེ་ཚོར་གལ་སྲིད་ཁྱོད་ཚོས་མི་གཞན་གྱི་གཏམ་བཤད་ལ་གུ་ཡངས་གཏོང་མི་ཐུབ་ན། རྒྱ་དམར་གཞུང་དང་ཁྱད་པར་ཅི་ཞིག་ཡོད་དམ་ཞེས་གསུངས་འདུག དེ་བས། རྒྱ་མིའི་རང་ཉིད་ཀྱི་རེ་འདུན་བརྗོད་ཤག་བྱེད་པ་ལས་གཞན་གྱི་རེ་འདུན་ལ་ཉན་གྱི་མི་འདུག དེ་ལྟ་ནའང་། ངས་བཤད་འདོད་པ་ནི་ང་ཚོ་བོད་རྒྱ་གཉིས་ཀྱིས་ཕན་ཚུན་ལ་ཉན་རེས་དང་བརྩི་བཀུར། ཡིད་ཆེས་ཡོད་པའི་འབྲེལ་ལམ་ཞིག་འཛུགས་དགོས་ཀྱི་འདུག ངས་འབྲེལ་ལམ་འདི་ཡུན་མཐུད་གནང་ཐུབ་པར་རེ་བ་བརྒྱབ་ཡོད་ལ། རྒྱ་ནག་གི་གྲོགས་པོ་ཚོས་དཔྱད་གླེང་ཚོགས་འདུ་འདི་བསྡུས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད། ང་ཚོ་བོད་རྒྱ་གཉིས་ཀྱིས་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས་ནས་བོད་མིའི་གཏམ་རྒྱུད་ལ་ཉན་པའི་གོ་སྐབས་འདི་ཧ་ཅང་གི་གལ་ཆེན་རེད།
ཀྲའོ་ཅིན་དང་ཟླ་སྒྲོན།
རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་ཁང་གི་ལྕམ་ཆུང་ཀྲའོ་ཅིན་ལགས་ཀྱིས་ཆེད་དུ་སློབ་དཔོན་ཆེན་མོ་བ་ཡན་ཧོང་པེན་མཆོག་གི་བོད་དོན་བརྩམས་ཆོས《རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུ》ཞེས་པའི་ནང་གི་ཚན་པ་གཅིག་གྱེར་འདོན་གནང་སོང་། “གླག་རག་མོ་ནང་བཞིན་གྱི་དཔའ་རྒོད་དེའི་རང་ལུས་མེ་མཆོད་བཏང་། སྐྱ་མདོག་གི་གོན་པའི་མཆན་འོག་གཉིས་ནས་དམར་སེར་འོད་མདངས་ཀྱི་མེ་ལྕེ་དགུང་ལ་མཆེད། ཤ་རློན་པ་མེ་རུ་འབར་བའི་ན་ཟུག་ཁྲོད་ནས་དཔའ་རྒོད་གང་ཉིད་ཀྱིས་མེ་རླབས་རྡོག་པས་བརྫིས་ཤིང་། ཕྱག་རྒྱས་རྣམ་པར་མཛེས་པའི་གར་གྱི་སྟངས་སྟབས་བསྒྱུར་བ་ན། དམར་བོ་མེ་དང་དེའི་དུ་ཞགས་ཀྱིས་དེ་མ་ཉིད་དུ་དཔའ་བོིའི་རྟོགས་བརྗོད་ཀྱི་སྙན་རྩོམ་ཁད་ཀྱིས་དཀྲོགས་པ་ནི་བོད་རང་བཙན་གྱི་འབོད་སྒྲའོ། ” (པདྨ་ཆོས་སྒྲོན་ལགས་ཀྱི་འགྱུར་གཞིར་བཟུང་ཡོད། )
རྒྱ་ནག་མཉམ་འབྲེལ་གསར་བརྗེ་ཚོགས་པའི་ཨོ་སི་ཁྲི་ལི་ཡ་ཡན་ལག་ཁང་གི་འགན་འཛིན་སྐུ་ཞབས་ཀྲོ་ཕེ་ཧང་གིས་དཔྱད་གླེང་སྤེལ་སྐབས་གསུང་དོན། རྒྱ་ནག་དམར་ཤོག་གཞུང་ཚུགས་པ་ནས་དེང་གི་བར་དུ་བོད་མི་དམར་གསོད་གཏོང་བ་མཚམས་འཇོག་མྱོང་མེད་ལ། མར་ཁེ་སིའི་ལོག་ཆོས་དད་པ་བྱེད་ཀྱིན་པའི་རྒྱ་ནག་དམར་ཤོག་ཚོགས་པ་ནིོ་དྲག་སྤྱོད་འོག་འགོ་འཛུགས་བྱས་པ་རེད། ཤོག་ཁག་འདིས་བོད་མི་དམར་གསོད་གཏོང་བར་མ་ཟད། རྒྱ་དམར་དབང་བསྒྱུར་འོག་གི་མི་རིགས་ཚང་མར་ཤེས་རིག་རང་བཞིན་གྱི་རྨེག་མེད་སྲིད་ཇུས་ལག་བསྟར་གྱིས་གཅིག་སྡུད་དབར་བསྒྱུར་ལེགས་འགྲུབ་བྱུང་ཡོད་པ་རེད། རྒྱལ་ཁབ་རང་བཞིན་གྱི་དྲག་སྤྱོད་སྲིད་གཞུང་འདིས་ཆབ་སྲིད་ལས་འགུལ་རབ་དང་རིིམ་པར་སྤེལ་ནས་དྲག་གནོན་རབ་དང་རིམ་བྱས་ཡོད་པས། རྒྱ་མི་བྱེ་བ་བརྒྱད་ལྷག་གི་ཚེ་སྲོག་ཤོར་ཡོད། གཞུང་འདིས་ལག་ན་ལྕགས་འབིག་ཙམ་ཡང་མེད་པའི་ཆོས་འཁོར་སྒོམ་སྒྲུབ་པ་དག་རྩ་མེད་གཏོང་བཞིན་པར་མ་ཟད། དེང་སྐབས་བོད་ཁུལ་དུ་གང་བྱུང་དུ་མེ་མདའ་བརྒྱབ་ནས་ངོ་རྒོལ་བྱེད་མཁན་བོད་མི་དམར་གསོད་གཏོང་བཞིན་ཡོད་ལ། འདི་ནི་མདེ་མདའི་ཁ་ནས་བྱུང་བ་ནི་ནམ་ཡང་དྲག་སྤྱོད་སྲིད་དབང་ཡིན་པར་ར་འཕྲོད་ཡོད། ད་ལྟ་བོད་མིའི་རང་ལུས་མེར་མཆོད་ཀྱི་ངོ་རྒོལ་བསྟུད་མར་བྱུང་སྐབས། ང་ཚོའི་སེམས་པ་སྐྱོ་ལྷང་ངེར་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་གཡོ་ཡོམ་ཞིག་བསླངས་སོང་། སུ་ཞིག་གིས་ཚེ་སྲོག་རྩ་ཆེ་བ་མི་ཤེས་སམ། བོད་མིས་འདི་ལྟར་རང་ཉིད་ཀྱི་ཚེ་སྲོག་ཕུལ་ནས་ཤེས་རིག་དང་ཆོས་དད་རྒྱུན་མཐུད་དེ་སྲུང་འཛིན་སླད་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། འདི་ནས་ང་ཚོས་བོད་མིའི་གནས་སྟངས་ལ་རྒྱབ་བསྐྱོར་བྱེད་ཀྱིན་པར་མ་ཟད། རྒྱ་དམར་གཞུང་གི་དྲག་སྤྱོད་ལ་ཁ་རྡུང་གཏོང་བཞིན་ཡོད།
སི་ཊི་ཉིས་ན་སློབ་ཆེན་འགྲིམས་ཀྱིན་པའི་བསྟན་པ་འབྲུག་གྲགས་ལགས་ཀྱིས་དཔྱད་གླེང་ཚོགས་འདུའི་སྟེང་དུ་བོད་མིའི་རང་ལུས་མེར་མཆོད་ཀྱི་འདྲ་པར་ཁག་གློག་ཀླད་ལས་ཚོགས་ཞུགས་པར་བསྟན་པར་མ་ཟད། བོད་ནང་གི་དངོས་ཡོད་གནས་སྟངས་དང་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གནང་སོང་། ( དོན་ལ་ཁོང་གི་གཏམ་བཤད་ནི་ཞིབ་འཇུག་རང་བཞིན་ལྡན་ཞིང་། ཆེད་ལས་མི་སྣའི་ཡིད་སེམས་འགུགས་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་རེད། ཡིན་ནའང་། ཅུང་རིང་བས་ཁ་བཏོག་སྣེ་བཏོགས་ཀྱིས་འདིར་བཀོད་མེད། ཆ་ཚང་བ་ཞིག་འགོད་ཐབས་བྱེད་པར་གྲ་སྒྲིག་ཡོད། བསྒྱུར་མཆན། )
རྒྱ་ནག་མཉམ་འབྲེལ་གསར་བརྗེ་ཚོགས་པའི་ཕྱོགས་གཏོགས་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཅང་ཧྥུན་ལགས་ཀྱིས་དཔྱད་གླེང་སྤེལ་སྐབས་གསུང་དོན། རྒྱ་དམར་གྱི་ལོ་རྒྱུས་ནི་དྲག་པོས་དམར་གསོད་ཀྱི་ལོ་རྒྱུས་ཤིག་ཡིན། སྲིད་དབང་བཙུགས་པའི་ཉིན་དང་པོ་ནས་བཟུང་། རྒྱ་མི་དམར་གསོད་མཚམས་འཇོག་མྱོང་མེད། གསུམ་རྒོལ་ལྔ་རྒོལ། གཡས་རྒོལ་དང་རིག་གསར། དྲུག་བཞི་དང་ཆོས་འཁོར་སྒོམ་སྒྲུབ་པ་དྲག་གནོན་བཅས་མཐོ་རླབས་བསྟུད་མར་བྱུང་ཡོད་ལ། རྒྱ་དམར་གྱི་ལག་ཟུང་མི་དམངས་ཀྱི་ཁྲག་གིས་དམར་བོ་ཆགས་ཡོད། དེ་ལས་ཀྱང་ཡ་ང་བ་ནི་བོད་མིར་དྲག་གནོན་དང་མནར་གཅོད་ཡ་ང་བ་བཏང་ཡོད་ཅིང་། ལོ་ངོ་འདི་དག་རིང་བོད་མི་སྤྭན་ཟླ་ཚོས་རང་ཉིད་ཀྱི་ཚེ་སྲོག་བཀོལ་ནས་བླ་ན་མེད་པའི་ལ་རྒྱ་དང་ཆོས་དད་སྲུང་སླད་རྒྱ་དམར་གཞུང་ལ་ངོ་རྒོལ་ཐ་གཅིག་ཏུ་བྱས་ཡོད་ཅིང་། ཕྱི་ལོ ༡༩༨༧ལོ་ནས་ད་ལྟའི་བར་མཚམས་ཆད་མྱོང་མེད། ཕྱི་ལོ ༢༠༠༨ལོ་ནས་དེང་གི་བར་བོད་མི་མང་བོ་འཛིན་བཟུང་དང་དམར་གསོད་བཏང་ཡོད་ལ། ཧ་ལམ་བོད་མི༣༦ལྷག་གིས་རང་ཉིད་མེར་མཆོད་ལ་བཏང་ནས་རྒྱ་དམར་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་དྲག་སྤྱོད་ལ་ངོ་རྒོལ་གནང་ཡོད་པས། རང་དབང་ལ་དུང་བའི་འབོད་སྒྲ་དང་ཏཱ་ལའི་བླ་མ་རང་ཡུལ་ལ་བསུ་བའི་སྐད་སྒྲས་གངས་ཅན་མཐོ་སྒང་གཉིད་ལས་དཀྲོགས་ཡོད་པར་མ་ཟད། མགོ་མི་སྒུར་བའི་ལ་རྒྱ་གསོན་པོས་འགྲོ་བ་མིའི་རིགས་ཀྱི་དང་བ་དྲངས་ཡོད།
སློབ་དཔོན་ཆེན་མོ་བ་ཡན་ཧོང་པེན་དང་ལོ་ཙཱ་བ་ཟླ་སྒྲོན།
མིང་དུ་གྲགས་པའི་བཙན་བྱོལ་རྩོམ་པ་པོ་དང་རང་དབང་རིང་ལུགས་ཀྱི་ཁྲིམས་དོན་མཁས་དབང་། རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་གྱི་དབུ་བཞུགས་ཚོགས་མི་སྐུ་ཞབས་ཡན་ཧོང་པེན་མཆོག་གིས་དཔྱད་གླེང་སྤེལ་སྐབས་གསུངས་དོན། བོད་མི་བཅུ་ཕྲག་ལྷག་གིས་རང་ཉིད་ཀྱི་ཚེ་སྲོག་བཀོལ་ནས་འགྲོ་བ་མིའི་རིགས་ཀྱི་རྒྱུ་འབྲས་བློ་མིག་ལ་ཚོད་བགམ་བྱེད་ཀྱིན་ཡོད་ལ། ཁོང་ཚོས་རང་ཉིད་མེ་རུ་སྦར་ཟིན་ནའང་། འཇིག་རྟེན་འདིས་ད་དུང་ཁོང་ཚོར་དྲང་བདེན་གྱི་ལག་ཟུང་བརྐྱངས་མེད། བོད་མིས་རང་ལུས་མེ་རུ་སྦར་བའི་བྱེད་ཐབས་འོག་སེམས་ནང་གི་ནད་ཚ་ཕྱི་ལ་བརྟོལ་བཞིན་ཡོད། གནས་སྟངས་འདིའི་འོག་ནས་ད་དུང“དྲག་སྤྱོད་པ”དང“ཚད་མཐོའི་འཚེ་བ”སྨྲ་བ་ནི་དངོས་གནས་ཡང་དག་ཅིག་མ་རེད། ཡུ་རོབ་ནང་དུས་རབས་དཀྱིལ་མའི་སྐབས་ཆོས་ལུགས་ལྟ་ཚུལ་མི་མཐུན་པ་ཁྲི་སྟོང་མང་བོ་ཆོས་ཁྲིམས་འོག་གསོན་བསྲེག་བྱས་པའི་འབྲས་བུར་མུན་ནག་གི་དུས་རབས་དེ་གསལ་བར་བཏང་བར་མ་ཟད། མི་རྣམས་ལ་སེམས་ཁམས་ཀྱི་འབོད་སྒྲ་བསྐྲུན་ཐུབ་ཡོད། དེ་རིང་དཔའ་ཞིང་རྟུལ་ཕོད་ལྡན་པའི་བོད་མི་ཚོས་རང་ཉིད་མེ་རུ་སྦར་བའི་འོད་རླབས་ཀྱིས་ཨེ་ཤ་ཡ་ཤར་མའི་སྐམ་སའི་མུན་ནག་སེལ་ཐུབ་ཡོད་ལ། འདི་ནི་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་ཤེས་རིག་རང་བཞིན་གྱི་རིགས་རྒྱུད་རྩ་སྟོང་སྲིད་ཇུས་ལ་འཐབ་རྩོད་རེད་ལ། དུས་རབས་ཕྱེད་ཀ་ལྷག་ལ་འཐབ་རྩོད་འདི་རྒྱུན་མཐུད་ནས་ཡོང་ཡོད། བོད་མིའི་རང་ལུས་མེར་མཆོད་ངོ་རྒོལ་གྱི་སྔུན་དུ་རྒྱ་མི་དུང་ཕྱུར་བཅོ་ལྔ་ངོ་ཚ་དགོས་པ་ཆགས་ཡོད་ཅིང་། རྒྱུ་མཚན་ནི་རྒྱ་མི་ཚོར་བོད་མི་ནང་བཞིན་གྱི་བློ་ཁོག་མེད་ལ། དཔའ་བོའི་འདུ་ཤེས་དེ་བས་ཀྱང་མེད། དེའི་ཕྱིར་རྒྱ་མི་ཚོས་དྲག་གཞུང་དང་ལེན་གྱིས་དེ་རིང་བར་ཡོང་ཡོད་པ་རེད། རྒྱ་དམར་གཞུང་གིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་དུ་བོད་ལ་སྡུག་སྦྱོང་ཚད་མེད་བཏང་བ་ནི་བོད་མིའི་རང་ལུས་མེར་མཆོད་ཀྱིས་ངོ་རྒོལ་བྱེད་ཀྱིན་པའི་རྩ་བའི་འབྱུང་རྩ་ཆགས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི《ཡིག་འབྲུ་ཁྲི་བདུན་མའི》ནང་དུ་དོན་དག་འདི་འདྲ་ཞིག་བཀོད་ཡོད། བོད་མི་དམར་གསོད་བཏང་རྗེས་། བོད་སྡེ་མང་ཆེ་བའི་ནང་དུ་རྒན་རྒོན་དང་ཕྲུ་གུ་མ་གཏོགས་ལྷག་མེད་ཅིང་། སྐྱེས་པ་མང་ཆེ་བ་བསད་ཟིན། དེ་ལས་ཀྱང་ཡ་ང་བ་ནི་བོད་མི་རྣམས་དམར་གསོད་བཏང་རྗེས། ཕུང་བོ་མཐའ་དག་དོང་ནང་དུ་གཡུགས་ཤིང་། དེའི་སྟེང་ལ་ས་བཀབ་རྗེས་ཤ་ཉེ་སྤུན་མཆེད་དག་བཙན་གྱིས་ཁྲིད་ཡོང་སྟེ། དེའི་སྟེང་དུ་གར་འཁྲབ་ནས་དྲག་གཞུང་གི་རྒྱལ་ཁར་དགའ་བསུ་བྱེད་དུ་བཅུག་ཡོད། དེ་བས། བོད་མིའི་ནང་ཁུལ་དུ་རང་དབང་བརྩོན་ལེན་བྱེད་ཕྱོགས་ཐད་དབུ་མའི་ལམ་དང་རྒྱལ་ཁབ་བསྐྱར་གསོ་སྟེ། ལྟ་ཚུལ་མི་མཐུན་པ་གཉིས་ཀྱི་བར་དུ་རྩོད་གླེང་བྱེད་ཀྱིན་འདུག ཡིན་ནའང་། རྒྱ་དམར་གྱི་ལག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་སྲིད་ཀྱི་མ་རེད་ལ། རྒྱལ་ཁབ་བསྐྱར་གསོ་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། རྩོད་གླེང་འདིར་དགོས་པ་ཆེར་མི་འདུག བོད་མི་བཅུ་ཕྲག་ལྷག་གིས་རང་ཉིད་མེ་རུ་སྦར་ནས་འཐབ་རྩོད་གནང་བ་འདིས་བོད་ཀྱི་རང་དབང་ལས་འགུལ་སྐྱོ་གདུང་སྙན་ངག་རིང་མོའི་དུས་རབས་སུ་སླེབས་ཡོད་པས། ཚང་མས་དཔའ་བོའི་སྡེ་ལ་བསྔགས་བརྗོད་གནང་རོགས། ང་ཚོ་བོད་མིའི་མེར་མཆོད་ངོ་རྒོལ་དང་ལྷན་དུ་རྒྱ་དམར་སྲིད་གཞུང་མགོ་རྟིང་སློག་ནས་ཨེ་ཤ་ཡ་ཤར་མའི་སྐམ་སར་རང་དབང་གི་ཉི་གཞོན་བསུ་རུ་བསྐྱོད་ཆོག
དྲི་བ་དྲིས་ལན་ཁྲོད་ཚོགས་མཇུག་བསྡུས་པ།
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར། ཕྱི་ལོ༢༠༡༢ལོའི་ཟླ ༤ ཚེས ༣༠ཉིན།
བསྒྱུར་མཆན། ༡ པར་བ་ཝང་ཀོང་པའོ་ལགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
བཀྲ་ཤིས་བདེ་ལེགས། དེ་འདྲའི་ལས་འགུལ་དང་་ཕྱག་ཡིག་ཕབས་བསྒྱུར་གནང་བར་དགའ་བསུ་ཞུ། ལྷ་སྡེ་གནམ་ཡག་གི་emailའདིར་འགོད་རོགས། དོན་དག་གལ་ཆེན་ཞིག་དང་འབྲེལ་བ་ཞུ་དགོས་དྲན་སོང་། གུས་པད་ལོས
ལྷ་སྡེ་གནམ་ལོ་ཡག་ལ་འདྲི་རྒྱུར་།
ད་ལྟ་ཕན་ལ་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུ་མ་གཏོགས་གླེང་སྟེགས་ཟེར་ནས་དམིགས་བསལ་ཡོད་མ་རེད་། འོན་ཀྱང་། ལྷ་སྡེ་གནམ་ལོ་ཡག་རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན་ལབ་འདུག འདི་ལ་འགྲེལ་བཤད་ཅིག་ངེས་པར་དུ་གནང་རོགས། མིང་བེད་སྤྱོད་གཏོང་སྟངས་འདི་ལ་ཉེན་ཁའམ་ཡང་ན་ནོར་འཁྲུལ་ཞིག་ཡོད་པ་འདྲ་།
རླབས་ཆེན་གྱི་ལས་ཀ་རེད། མི་ཞིག་ཡིན་ཕྱིན་ལས་ཀ་འདི་འདྲར་དོ་སྣང་དང་བྱུས་གཏོགས་བྱས་ན་ད་གཟོད།
ཁྲིམས་རྩོད་པ་ཡོན་ཧོང་པེན་གྱིས་ཡག་པོ་གསུངས་འདུག
འདི་ནི་རྗེས་སུ་ཡི་རང་གི་གནས་རེད། པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ།
གནམ་ལོ་ཡག གནམ་གྱིས་སྲུང་། ཨ་མའི་བུ། རེ་བ་ཅན་པོ་་་་་་་་་
གྲོགས་པོས་ཡང་དོན་ཆེན་ཞིག་བསྒྲུབས་འདུག ཁྱོད་དང་ཚོགས་མི་ཚང་མར་བཀའ་དྲིན་ཆེ་ཞུ། སྐུ་ཞབས་ཡོན་ཧུང་པན་ལའང་བཀའ་དྲིན་ཆེ་ཞུ།
རྒྱ་རིགས་ཡིན་པའི་སློབ་དཔོན་ཆེན་མོ་བ་ཡན་ཧོང་པེན་གྱི་གསུང་ཚིག་ལས་ངོ་མ་བློ་གཟུར་བོར་གནས་ཤིང་མཐའ་གཅིག་ཏུ་དྲང་བདེན་ཕྱོགས་སུ་ལངས་པའི་ཆོད་སེམས་ཡོད་པ་མཐོང་ཐུབ། ལས་འགུལ་འདི་སྤེལ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ཚོགས་འདུ་ཡག་པོ་ཞིག་འཚོགས་འདུག་ལ། དཔྱད་གླེང་ཡང་གསར་བ་གནང་འདུག ༼རྒྱ་མིའི་ཁྲོད་དུ་བོད་མིའི་རང་ལུས་མེར་མཆོད་ངོ་རྒོལ་ཐད་བཤད་སྟངས་གསུམ་བྱུང་ཡོད། ༡ རྒྱ་ནག་གཞུང་ཕྱོགས་ཀྱི་དྲག་སྤྱོད་པར་སྨྲ་བ། ༢ རྒྱ་ནག་སྐམ་སའི་ཤེས་ཡོན་པ་རེ་ཟུང་གིས་ཚད་མཐོའི་འཚེ་བར་སྨྲ་བ། ༣ རྒྱ་ནག་ཕྱི་སྡོད་དམངས་གཙོའི་ལས་འགུལ་བ་དང་ཤེས་ཡོན་པ་ཁ་ཤས་ཀྱིས་ཚེ་སྲོག་གཅེས་སྤྲས་སྨྲ་བ་བཅས་རེད༽ འགྲེལ་བཤད་གསལ་བོ་ཞིག་སུ་ཞིག་གིས་རྒྱག་ཐུབ་བམ། ཐུགས་རྗེ་ཆེ།
རྗེས་སུ་ཡི་རངས་ཡོད།
མུ་མཐུད་དུ་འདི་ལྟ་བུའི་ལས་འགུལ་སྤེལ་རོགས་ཞུ།
ཡི་རངས་ཡོད་ད་ཡོད།
ང་རང་ལ་ལན་ཞིག་སྟེར་མཁན་མེད་དམ། ངས་དྲི་བ་བཏོན་ཟིན་པ་དེ་གཅིག་བྱས་ན་ཚང་མས་ཤེས་འདོད་ཡོད་ལས་ཆེ།