ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བ།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ལས་གཞིར་རོགས་པ་བྱེད་མཁན་ཨ་རི་བའི་བུད་མེད་ཁེ་སི་ཆེལ་ཌེར་གཉིས་བར་མ་མཐུན་པའི་གཞི་བྱུང་ནས། མོས་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་ཚོགས་པ་ཞིག་བཙུགས་ནས་དེབ་སྐྱེལ་བྱས་ཏེ། བུད་མེད་རྩེད་མོ་བ་བསྡུ་བསྐོང་བྱས་ནས་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱལ་ཡོངས་རྩེད་རིགས་ཚོགས་པར་བུད་མེད་ཀྱི་རུ་ཁག་གཅིག་ཡོད་པས། ཕྱོགས་གཉིས་ནས་རུ་ཁག་གང་གིས་བོད་པའི་བུད་མེད་ཀྱི་ངོ་ཚབ་བྱེད་དགོས་མིན་དང། ལས་ཀ་བྱེད་ཕྱོགས་དང་རྒྱབ་ལྗོངས་དམིགས་ཡུལ་སོགས་ལ་མི་མཐུན་པའི་བསམ་ཚུལ་མང་པོ་འདུག
ཟླ་འདིའི་ཚེས་༡༩ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཟླ་༦ པའི་ཚེས་༩ ནས་༡༢ བར་ལ་དྷ་སྟེང་བོད་ཁྱིམ་དུ་བུད་མེད་ཀྱི་རྐང་སྤོལ་འགྲན་སྡུར་ཐེངས་དང་པོ་འཚོགས་རྒྱུ་ཡིན་པ་དང། དེ་གར་བོད་ཀྱི་བུད་མེད་རུ་ཁག་གཅིག་དང་རྒྱ་གར་བའི་རུ་ཁག་གསུམ་བཅས་རུ་ཁག་བཞི་བར་རྩེད་འགྲན་བྱེད་རྒྱུ་ཡིན་པ། དེ་བཞིན་ཟླ་༧ པའི་ནང་བྱང་ཨ་མི་རི་ཀའི་རྒྱལ་ཡུམ་ཆེན་མོ་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེ་གངས་ལྗོངས་ཆོས་ལྡན་གླིང་དང་མཉམ་འབྲེལ་ཐོག ཁེ་ན་ཊའི་ཊོ་རུན་ཊོར་འཚོག་རྒྱུ་ཡིན་པར། ཨ་རི་དང་ཁེ་ན་ཊ། ཡུ་རོབ་སོགས་ནས་རུ་ཁག་༡༢ མཉམ་ཞུགས་བྱེད་འཆར་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་སོང། སྐབས་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས། ཚོགས་པ་དེ་དང་ཨ་རི་བ་ཁེ་སི་ཆེལ་ཌེར་(Cassie Childers)བར། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཐོག་གི་རྩོད་རྙོག་དང་བུད་མེད་རུ་ཁག་གཉིས་ཆགས་པའི་སྐོར་ལ་གསལ་བཤད་བྱས་སོང།
ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཐོག་མར་ཕྱི་ལོ་༢༠༡༠ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དྷ་སར་དཔར་རིས་འགྲེམས་སྟོན་ཞིག་བྱས་ཡོད་པ་དང། སྐབས་དེར་ཟུར་བརྗོད་དེབ་ཞིག་ཡོད་པའི་ནང་དུ། ཁེ་སི་ཡིས་རང་ཉིད་བོད་ཀྱི་བུད་མེད་རྐང་སྤོལ་ལས་གཞི་ལ་རོགས་པ་བྱེད་འདོད་ཡོད་པས། དེ་འགྲིག་གི་ཡོད་ན་འབྲེལ་གཏུག་བྱེད་ཡུལ་གློག་འཕྲིན་ཁ་བྱང་བཞག་ཡོད་འདུག སྐབས་དེར་མོ་རང་གིས་ལས་གཞི་དེའི་ཆེད་དུ་དཔལ་འབྱོར་འདུ་འགོད་ཀྱི་འཆར་གཞི་ཀྱང་ཆེན་པོ་ཡོད་སྐོར་བྲིས་ཡོད་པས། ཐོག་མར་ཁོང་གིས་ཁོ་མོར་ཨ་རིིའི་དོན་གཅོད་ཁང་གི་རྒྱབ་གཉེར་དགོས་པས། དེ་གར་འབྲེལ་བ་བྱེད་དགོས་པ་བཤད་པས། ཁོ་མོས་དེ་ལྟར་བྱས་ཡོད་འདུག དོན་གཅོད་ཁང་ནས་ཁོ་མོའི་སྐོར་འབྲེལ་ཡོད་གཙུག་ལག་སློབ་གཉེར་ཁང་ལ་སྐད་ཆ་དྲིས་ཏེ། ཡག་པོ་ཡོད་ཚུལ་བརྗོད་པས། ཕྱི་ལོ་༢༠༡༡ ལོ་ནས་ཁོ་མོ་འབྲེལ་མཐུད་པའི་ངོ་བོའི་འོག བུད་མེད་རྐང་རྩེད་སྤོ་ལོའི་ལས་གཞི་ཐོག་མཉམ་ལས་བྱེད་འགོ་ཚུགས་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༥ ལོར་མ་འོངས་པའི་ལས་དོན་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་གན་རྒྱ་ཞིག་ཁེ་སི་དང་མཉམ་དུ་འཇོག་ཐབས་བྱས་པར། དེ་ལ་ཁོ་མོས་ཁས་ལེན་བྱས་མེད་པས། རྩེད་རིགས་ཚོགས་པས་ཁོ་མོས་གན་རྒྱ་དེ་ལ་མིང་རྟགས་མ་བཀོད་བར་དུ། རྩེད་རིགས་ཚོགས་པའི་མིང་དང་ལས་རྟགས་སོགས་བེད་སྤྱོད་བྱེད་མི་ཆོག་སྐོར་ལབ་ཡོད་འདུག རྗེས་སུ་ཁོ་མོས་རང་ངོས་ནས་བུད་མེད་རྩེད་འགྲན་པ་བསྐོངས་ནས་། སྦྱོང་བརྡར་དང་རྩེད་འགྲན་ལ་ཞུགས་པ་སོགས་རྩེད་རིགས་ཚོགས་པ་དང་ལོག་ཁ་བྱས་ཡོད་འདུག གན་རྒྱ་དེའི་ནང་བོད་ཀྱི་བུད་མེད་རྐང་སྤོལ་ལས་གཞིའི་ཐོག་རོགས་དངུལ་བྱུང་བའི་དངུལ་རྣམས། རྩེད་རིགས་ཚོགས་པའི་དངུལ་ཁང་ནང་བླུགས་དགོས་པ་དང། བུད་མེད་ཀྱི་རྐང་སྤོལ་ལས་གཞིའི་ཆེད་དུ་འགྲོ་སོང་གང་བྱུང་བ་རྩེད་རིགས་ཚོགས་པ་ནས་གཏོང་རྒྱུ་བྱས་ཡོད་འདུག
གཞན་ཡང་རྩེད་རིགས་ཚོགས་པར་ཕྱིའི་རྒྱལ་ཁབ་ཀྱི་རོགས་དངུལ་ཐོབ་ཀྱི་ཡོད་པས། རྒྱ་གར་གྱི་ཁྲིམས་ལྟར་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་ཤིག་ཚོགས་པའི་རྒྱུན་ལས་ནང་བསྐོ་ཆོག་གི་མེད་ཀྱང། ཁོ་མོས་རང་ཉིད་རྒྱུན་ལས་ནང་འཇོག་དགོས་སྐོར་བརྗོད་པས། མ་མཐུན་པ་བྱུང་ཡོད་འདུག དེ་བཞིན་ཁོ་མོས་རྩེད་རིགས་ཚོགས་པས་བུད་མེད་ལོ་ན་༡༠ མན་ཆད་ཀྱི་རྐང་སྤོལ་ལས་གཞི་ལ་རྒྱབ་སྐྱོར་བྱས་མེད་པ་སོགས་མི་མཐུན་པའི་གཞི་བྱུང་སྐོར་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་འགྲེལ་བརྗོད་བྱས་བྱུང།
ཁོང་གིས་མུ་མཐུད་དུ་ཁེ་སི་ཡིས་ཤེས་རིག་བཀའ་བློན་དང་ནང་སྲིད་བཀའ་བློན་གཉིས་དང་ཐུག་ནས། ཁོ་མོར་རྒྱབ་སྐྱོར་ཡོང་ཐབས་བྱས་ཡོད་ཀྱང། ཚང་མས་ཁོ་མོར་རྒྱབ་སྐྱོར་བྱས་མེད་པས། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་ཡོད་པའི་བོད་ཀྱི་རྩེད་རིགས་ཚོགས་པ་ནི་གཅིག་ལས་མེད་སྐོར་སོགས་འགྲེལ་བརྗོད་བྱས་བྱུང།
གསར་འགོད་པས་ཨ་རི་བ་ཁེ་སི་ལ་གློག་འཕྲིན་བརྒྱུད་འབྲེལ་བ་བྱས་ནས། རྩོད་རྙོག་དེ་དང་འབྲེལ་བས་དྲི་བ་ཁག་ཅིག་བཏང་ཡིན།
ཁོ་མོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གན་རྒྱ་ལྟར། བུད་མེད་རྐང་སྤོལ་གྱི་རོགས་དངུལ་རྣམས་རྩེད་རིགས་ཚོགས་པའི་དངུལ་ཁང་ལ་བླུགས་འདོད་མ་བྱས་པའི་གནས་ཚུལ་བདེན་པ་ཡིན་མིན་དྲིས་པར། ཁོ་མོས་ལན་འདེབས་གནང་བ་ལྟར་ན། ཐོག་མར་ཁོ་མོ་རྩེད་རིགས་ཚོགས་པ་དང་མཉམ་ལས་བྱེད་སྐབས། ཚོགས་པ་དེ་ལ་ཕྱི་རྒྱལ་ནས་རོགས་དངུལ་བླངས་ཆོག་པའི་ཆོག་མཆན་ཡིག་ཆ་མེད་པས། རོགས་དངུལ་རྣམས་རྩེད་རིགས་ཚོགས་པའི་རེ་འདོད་ལྟར་ཨ་རིའི་དངུལ་ཁང་ཞིག་ལ་བཅོལ་ཡོད་འདུག རྗེས་སུ་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་ཐེངས་མང་པོར། མོ་ལ་རོགས་དངུལ་དེ་དག་བོད་ཀྱི་བུའི་རྐང་སྤོལ་ལས་གཞི་ལ་བེད་སྤྱོད་བྱེད་དགོས་སྐོར་བཤད་པས། ཁོ་མོས་དེ་ལ་མོས་མཐུན་བྱས་མེད་ཁར། ཕྱི་ལོ་༢༠༡༥ ལོར་རོ་ཝེལ་རོགས་དངུལ་གྱི་དངུལ་རྣམས་རྩེད་རིགས་ཚོགས་པའི་དངུལ་ཁང་ནང་བླུགས་ཡོད་པ་དང། དངུལ་དེ་དག་བུད་མེད་རྣམས་དགུན་ཁའི་རྐང་སྤོལ་སྦྱོང་བརྡར་གྱི་ཆེད་དུ་ཡིན་ཡང། སྐབས་དེར་རྩེད་ཆས་སོགས་ཀྱི་ཆེད་དུ་འགྲོ་སོང་དེ་ཙམ་གཏོང་འདོད་བྱེད་ཀྱི་མེད་པ་དེ་ཡང་བུའི་རྐང་སྤོལ་གྱི་ལས་གཞིའི་ཆེད་དངུལ་གསོག་ཉར་བྱེད་ཀྱི་ཡོད་པ། དེ་བཞིན་མོར་བུད་མེད་རྐང་སྤོལ་རུ་ཁག་ཕྱིའི་རྒྱལ་ཁབ་ལ་རྩེད་འགྲན་ཆེད་འགྲོ་བར། སྐལ་བཟང་དོན་གྲུབ་ཀྱིས་སེམས་འཚབ་ཆེན་པོ་ཡོད་པས་འགྲོ་རྒྱུ་མིན་པ་དང། བུད་མེད་ཀྱི་རྐང་སྤོལ་ལས་གཞི་དེ་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ། དུས་སྐབས་དེ་ལ་ཁོ་མོར་གན་རྒྱ་དེ་འཇོག་དགོས་སྐོར་བརྗོད་ནས། རོགས་དངུལ་ཚང་མ་རྩེད་རིགས་ཚོགས་ཆུང་གི་སྟངས་འཛིན་འོག་ལ་ཡོང་ཐབས་བྱས་པར། ཁོ་མོས་མོས་མཐུན་མ་བྱས་ནས། ལོག་ཁར་ཕྱིན་ཡོད་སྐོར་ལན་འདེབས་བྱས་བྱུང།
རྩེད་རིགས་ཚོགས་ཆུང་གི་རྒྱུན་ལས་ནང་ཕྱི་རྒྱལ་མི་རིགས་བསྐོ་ཐབས་མེད་ཀྱང། ཁྱེད་རང་གིས་ཨུ་ཚུགས་རྒྱག་དོན་གང་ཡིན་དང། ཁྱེད་རང་གི་བྱས་ན་བོད་པས་ལས་གཞི་དེ་ལ་འཇོན་གྱི་མི་འདུག་གམ་ཞེས་དྲིས་པར། ཁོ་མོས་ལན་འདེབས་བྱེད་དོན། རྩེད་རིགས་ཚོགས་ཆུང་གི་རྒྱུན་ལས་ཚོས་ཁོ་མོར། “རྐང་སྤོལ་དེ་བུད་མེད་ལས་བུ་ལ་གལ་ཆེ་བ་རེད།” “བོད་ཀྱི་བུ་ཚོར་བུད་མེད་ལས་ཐོབ་ཐང་ཆེ་བ་ཡོད།” “ང་ཚོ་ལ་བུད་མེད་ཀྱི་རྐང་སྤོལ་རུ་ཁག་དགོས་ངེས་མེད། གང་ཡིན་ཟེར་ན། ཁོ་ཚོ་ནི་སྤྱི་ཚོགས་དྲ་རྒྱ་དང་དཔེ་གསར་གྱོན་ཆས་ཐོག་ལས་གཞན་ལ་དོ་སྣང་མེད་”ཅེས་བརྗོད་པ། དེ་ཡང་ལྷན་ཚོགས་ནང་བུད་མེད་དང་བུད་མེད་རྐང་སྤོལ་ལས་གཞིའི་སྐོར་ལ་ངོ་ཚབ་བྱེད་མཁན་མེད་པ་མཐོང་བས། ཁོ་མོས་རྩེད་རིགས་ཚོགས་ཆུང་གི་རྒྱུན་ལས་ཚོར། མོ་ཚོགས་འདུའི་ནང་མཉམ་ཞུགས་བྱེད་བཅུག་པ་དང་རྒྱུན་ལས་ལ་བསྐོ་བའི་རེ་སྐུལ་བྱས་ཡོད་པ། བོད་པར་རྩེད་རིགས་ལས་གཞི་གྲུབ་འབྲས་ཐོན་པའི་འཇོན་ཐང་ཡོད་ཀྱང། ད་ལྟའི་རྒྱུན་ལས་རྣམས་ཕོ་མོ་དབྱེ་འབྱེད་པ་དང། འཇོན་ཐང་མེད་མཁན་ཡིན་སྐོར་བརྗོད་བྱུང།
དེ་བཞིན་ཁོ་མོས་ད་ལྟའི་ཆར་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པ་དེ་དེབ་སྐྱེལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཞིག་ཡིན་པ་དང། རྒྱུན་ལས་ནང་བོད་པའི་བུ་དང་བུད་མེད་གཉིས་ཀ་དང། བུད་མེད་རུ་ཁག་གི་རུ་དཔོན་ཡོད་པ། ཁོ་མོ་རྒྱུན་ལས་ནང་མེད་པ་སོགས་འགྲེལ་བརྗོད་བྱས་བྱུང།
སྤྱི་ཚོགས་ནང་ལ་ཁོ་མོ་ནི་ཕྱི་རྒྱལ་མི་རིགས་མི་ཉུང་བ་ཞིག་དང་མཚུངས་བར། བོད་པའི་མིང་འཁྱེར་ནས་རང་དོན་གྲུབ་མཁན་སྐབས་འཚོལ་བ་ཡིན་སྐོར་བཤད་མཁན་འདུག་པས། དེ་ལ་མོར་བསམ་ཚུལ་གང་ཡོད་དྲིས་པས། མོས་ད་བར་དུ་རྩེད་རིགས་ཚོགས་པ་ནས་གླ་ཆ་ལེན་མྱོང་མེད་པ། རོགས་དངུལ་དང་ལས་གཞིའི་འགྲོ་གྲོན་སོགས་ཀྱི་རྩིས་ཁྲ་ཆ་ཚང་བ་ཁོ་ཚོར་སྟོན་གྱི་ཡོད་པ། དེ་བཞིན་རང་ཉིད་ལ་དངུལ་གྱི་དཀའ་ངལ་མེད་ཁར། ནང་མི་སོགས་ཀྱི་རྒྱབ་སྐྱོར་ཡོད་པ། མོས་ལས་གཞི་དེར་དཀའ་ལས་རྒྱག་དགོས་དོན་ནི། མོར་བུད་མེད་ཀྱི་རྐང་སྤོལ་རུ་ཁག་རྣམས་ལ་དགའ་ཞེན་དང་ཁོ་ཚོར་གོ་སྐབས་གང་ཡག་སྤྲོད་འདོད་ཡོད་པས་ཡིན་པ་ལས། རང་དོན་གྱི་ཆེད་དུ་མིན་སྐོར་བརྗོད་བྱུང།
ཁྱེད་རང་གི་བྱས་ན་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་ངོ་ཚབ་དེ། ཁྱེད་རང་གི་བསྡུ་བསྐོང་བྱས་པའི་རུ་ཁག་དེའམ། ཡང་ན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་བུད་མེད་ཀྱི་རུ་ཁག་དེས་བྱེད་དགོས་པ་རེད་ཅེས་དྲིས་པར། མོས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བསྡུ་བསྐོང་བྱས་པའི་རྐང་སྤོལ་རུ་ཁག་མེད་པ་རེད། ངས་ཤེས་ཚོད་བྱས་ན་རྐང་སྤོལ་རུ་ཁག་དངོས་སུ་ལས་ལ་ཞུགས་མཁན་ང་ཚོའི་རུ་ཁག་ལས་མེད། ཁོ་ཚོས་སློབ་གྲྭའི་བུ་མོ་རྣམས་ལ་སྦྱོང་བརྡར་ཐེངས་ཤིག་སྤྲད་པ་ཡོད་རེད། ཉེ་ཆར་ང་ཚོས་ཟླ་གཅིག་རིང་སྦྱོང་བརྡར་བྱས་ནས་རྒྱ་གར་གྷོ་ཝ་ལ་རྩེད་འགྲན་བྱས་ཡིན་པས། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་ངོ་ཚབ་དེ་ང་ཚོས་བྱེད་དགོས་པ་གསལ་པོ་རེད། ང་ཚོའི་མིང་ཡང་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པ་ཡིན་ཁར། ང་ཚོ་ནི་ཁྲིམས་མཐུན་གྱིས་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཞིག་ཡིན། ང་ཚོ་ལ་རྒྱུན་ལས་དང་མིང་དེ་ཡང་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཟིན་པས། བོད་ཀྱི་རྩེད་རིགས་ཚོགས་པས་མིང་དེ་བེད་སྤྱོད་བྱེད་མི་ཆོག་པ་རེད། ནམ་ཞིག་ང་ཚོ་རྩེད་རིགས་ཚོགས་པ་དང་བསྐྱར་དུ་ཟླ་སྒྲིལ་བྱེད་པའི་རེ་བ་ཡོད། འོན་ཀྱང་ད་ལྟའི་འགོ་ཁྲིད་རྣམས་བརྗེ་བོ་མ་བརྒྱབ་བར་དུ། ཟླ་སྒྲིལ་ཡོང་གི་མ་རེད།ཅེས་ལན་འདེབས་བྱས་སོང།
རྩེད་རིགས་ཚོགས་ཆུང་གི་གན་རྒྱར་མོས་མཐུན་མི་བྱེད་པའི་རྒྱུ་མཚན་གཙོ་བོ་གང་ཡིན་སྐོར་དྲིས་པས། མོས་གན་རྒྱ་དེ་ནི་བུད་མེད་རྐང་སྤོལ་གྱི་རོགས་དངུལ་རྣམས་བུའི་རྐང་སྤོལ་ལས་གཞི་ལ་བེད་སྤྱོད་བྱེད་པའི་ཐབས་བྱུས་ཤིག་ཡིན་པས། གན་རྒྱ་དེར་གྲོས་མོལ་བྱེད་ཐབས་བྱས་པས། ཁོ་ཚོའི་ངོས་ལེན་མ་བྱས་སྟབས། ཁོ་མོས་མོས་མཐུན་མ་བྱས་པར་ལོག་སུ་ཕྱིན་པ་ཡིན་སྐོར་ལན་འདེབས་བྱས་སོང།
དེ་བཞིན་དྲུང་ཆེ་སྐལ་བཟང་གིས་མོས་བུད་མེད་ལོ་ན་༡༠ མན་ཆད་ལ་རྐང་སྤོལ་སྦྱོང་བརྡར་གྱི་ལས་གཞི་ལ་རྒྱབ་སྐྱོར་བྱས་མེད་སྐོར་བཤད་པ་དེ་བདེན་པ་ཡིན་མིན་དྲིས་པར། ཁོ་མོས་དེ་བདེན་པ་མིན་ཁར། མོས་བུད་མེད་ཆུང་བ་དང་ཆེ་བ་གཉིས་ཀའི་རུ་ཁག་ལ་སྦྱོང་བརྡར་དགོས་སྐོར་བཤད་པ། དེ་བཞིན་བུ་ལ་ལོ་དང་བསྟུན་པའི་རུ་ཁག་གསུམ་ཡོད་པས། བུད་མེད་ལ་ཡང་གཅིག་མཚུངས་ཀྱི་རུ་ཁག་དགོས་སྐོར་བཤད་པས། རྩེད་རིགས་ཚོགས་ཆུང་ནས་མོས་མཐུན་བྱས་མེད་སྐོར་འགྲེལ་བརྗོད་བྱས་བྱུང།
ཁོ་མོས་མཐའ་དོན་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་བུའི་རུ་ཁག་དེ། ཕྱི་ལོ་༢༠༡༢ རྗེས་ལ་རྩེད་འགྲན་གང་ལ་ཡང་མཉམ་ཞུགས་བྱས་མེད་པ། ད་ལྟའི་འགོ་ཁྲིད་འོག་ལས་གཞི་དེ་གྲུབ་འབྲས་ཐོན་མེད་པས། ཁོ་མོས་ལོགས་སུ་ཐོན་པའི་རྒྱུ་མཚན་གཅིག་ནི་བུད་མེད་ཀྱི་ལས་གཞི་ཡང་དེ་ལྟར་མ་ཆགས་པའི་ཆེད་ཡིན་པ། ཁོ་མོས་ནང་སྲིད་བཀའ་བློན་དང་ཤེས་རིག་བཀའ་བློན། དེ་བཞིན་ཁོ་ཚོའི་རྐང་སྤོལ་ཚོགས་པའི་འགན་འཛིན་མགོན་པོ་རྡོ་རྗེ་སོགས་ལ་ཐུག་པས། ཁོ་ཚོས་རྩེད་རིགས་ཚོགས་ཆུང་དང་བསྐྱར་དུ་ཟླ་སྒྲིལ་བྱེད་པའི་རེ་བ་ཡོད་ཀྱང། ཁོ་མོའི་བྱེད་བཞིན་པའི་ལས་ཀ་དེ་མུ་མཐུད་བྱེད་དགོས་པ་བརྗོད་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།
གསར་འགོད་པའི་ཁོ་མོའི་ལན་འདེབས་དང་བསྟུན་ནས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལ་ཁ་པར་བརྒྱུད་བཅར་འདྲི་བྱས་པ་ཡིན། ཁོང་གིས་བརྗོད་དོན་ལ། ཁོང་གིས་ཁེ་སི་ལ་བུད་མེད་རྐང་སྤོལ་གྱི་རོགས་དངུལ་ལས་བུའི་ལས་གཞི་ལ་ཡང་འགྲོ་སོང་གཏང་ཐུབ་ན་ཡག་པོ་ཡོད་སྐོར་བཤད་པས། ཁོ་མོས་ཁས་ལེན་མ་བྱས་སྟབས་མུ་མཐུད་ནས་ཨུ་ཚུགས་བྱས་མེད་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོའི་དགུན་ཁའི་བུད་མེད་ཀྱི་རྐང་སྤོལ་སྦྱོང་བརྡར་གྱི་རོ་ཝེལ་རོགས་དངུལ་དེ་སྤྲོད་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང། ད་ལྟ་བར་དུ་རག་མེད་པ། སྐབས་དེར་འགྲོ་སོང་རྣམས་སྔ་འདོན་བྱས་པ། དེ་བཞིན་བུད་མེད་རྐང་སྤོལ་གྱི་རོགས་དངུལ་རྣམས་སུའི་སྤྲོད་ཀྱི་ཡོད་དང་ག་ཚོད་སྤྲོད་ཀྱི་ཡོད་པ་རྩེད་རིགས་ཚོགས་པས་ཁ་གསལ་ཤེས་ཐབས་མེད་པས། མོས་བསྟན་པའི་རྩིས་ཁྲ་རྣམས། གཙང་མ་ཡིན་མིན་ཤོད་ཐབས་བྲལ་བ་ཡིན་པ་འགྲེལ་བརྗོད་བྱས་སོང།
དེ་བཞིན་ཁེ་སི་ཡིས་ཁོ་མོའི་རུ་ཁག་དེས་བོད་ཀྱི་བུད་མེད་ཀྱི་རུ་ཁག་གི་ངོ་ཚབ་བྱེད་དགོས་པ་དང། རྩེད་རིགས་ཚོགས་ཆུང་ལ་བུད་མེད་རྐང་སྤོལ་གྱི་རུ་ཁག་མེད་སྐོར་བཤད་པར། སྐལ་བཟང་དོན་གྲུབ་ཀྱིས་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ལེན་ཡོད་པ་ཞིག་ཡིན་པ་དང། ཁེ་སི་ཡི་ཚོགས་པ་དེ་ལྟར་མིན་པས། རྩེད་མོ་བའི་བུད་མེད་རྣམས་ཀྱིས་བསམ་བློ་ཡག་པོ་གཏོང་དགོས་སྐོར་དང། ཁོ་མོའི་རུ་ཁག་ནང་གི་བུད་མེད་ཚང་མ་སྔ་མ་ནས། སློབ་གྲྭ་ཁག་ནང་སྦྱོང་བརྡར་སྤྲད་ནས་ཡོང་བ་དང་རྗེས་སུ་སློབ་གྲྭ་ཐོན་རྗེས། ཁོ་མོས་བསྡུ་བསྐོང་བྱས་པ། དེ་བཞིན་རྩེད་རིགས་ཚོགས་པ་ལ་རྩེད་མོ་བ་རྣམས་ཁེ་སི་ལྟར་ཡར་མར་གནམ་གྲུ་ནང་ཁྲིད་པའི་དངུལ་མེད་པས། རྩེད་མོ་བ་ཚོ་ཁོ་མོར་དགའ་བ་ཡོང་གི་ཡོད་སྲིད་པ། རྩེད་རིགས་ཚོགས་པ་ལ་བུད་མེད་རྐང་སྤོལ་རུ་ཁག་ཡོད་པ་དང། དེའི་ནང་སློབ་གྲྭ་ཐོན་ཚར་མཁན་དང་སློབ་ཕྲུག་གཉིས་ཀ་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།
ཁོང་གིས་མུ་མཐུད་དུ་ཁེ་སི་ཡིས་རྩེད་རིགས་ཚོགས་པའི་རྒྱུན་ལས་ཚོས། བུད་མེད་རྐང་སྤོལ་ལ་རྒྱབ་སྐྱོར་མི་བྱེད་པའི་ཕོ་མོ་དབྱེ་འབྱེད་ཀྱི་ལས་ལ་འཇུག་གི་ཡོད་སྐོར་བརྗོད་པ་དེ་ནི། བདེན་པ་མིན་པ་དང། ཁོ་མོས་རྩེད་རིགས་ཚོགས་ཆུང་ལས་ལོགས་སུ་འགྲོ་ཆེད་དུ། སྐྱོན་འཛུགས་ཀྱི་ལག་ཆ་གཙོ་བོ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ། གལ་ཏེ་བུད་མེད་ཀྱི་རྐང་སྤོལ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ན། ཐོག་མར་ཁོ་མོ་དང་མཉམ་ལས་བྱེད་དགོས་དོན་མེད་སྐོར་འགྲེལ་བརྗོད་བྱས་བྱུང།
མ་མཐུན་པའི་གཞི་གཙོ་བོ་གན་རྒྱ་དེ་དང་འབྲེལ་ནས་ཁོང་གིས་བརྗོད་དོན། གན་རྒྱ་དེའི་ནང་བུད་མེད་ཀྱི་རོགས་དངུལ་བུ་ལ་གཏོང་རྒྱུའི་སྐོར་མེད་ཁར། དེར་གཙོ་བོ་མོ་རང་གི་འགན་གང་ཡིན་སོགས་མ་འོངས་པར་དཀའ་ངལ་མི་འཕྲད་པའི་ཆེད་དུ་གནད་དོན་རྣམས་ཡིག་ཆར་བཀོད་ཡོད་པ་དང། བུད་མེད་ཀྱི་རོགས་དངུལ་དེ་དག་ད་བར་བུའི་ཆེད་འགྲོ་སོང་བཏང་བ་གཅིག་ཀྱང་བྱུང་མྱོང་མེད་སྐོར་འགྲེལ་བརྗོད་བྱས་བྱུང།
དེ་བཞིན་ཁོང་གིས་ཁེ་སི་ཡིས་དངུལ་དང་མིང་གི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་གི་ཡོད་སྐོར་བརྗོད་སོང། །
གསར་འགོད་པ་སྐལ་བཟང་དོན་གྲུབ།
ཕྱི་རྒྱལ་རོགས་དངུལ་ལ་སྐྱབས་བཅོལ་རྒྱུ་མང་ན་ད་འདི་རེད་
ནང་འཁྲུགས་རྒྱབ་ནས་སྡོད་།
དེ་སྔ་བོད་དུ་རྒྱ་མིའི་བོད་མི་ནང་ཁུལ་མ་མཐུན་བཟོ་བའི་
ཆེད་དངུལ་ད་ཡང་ཆར་པ་འབབས་བབས་བཏང་བ་རེད་ཧཧཧཧ
གནས་ཚུལ་ཞིག་ཡིད་ལ་ལྷང་ངེར་དྲན་སོང་། ཕྱི་རྒྱལ་བུ་མེད་ཞིག་གི་སྒོ་མང་གྲ་ཚང་ལ་སེམས་ཤུགས་ཆེ་མདོག་གིས་དཔལ་འབྱོར་ཐད་རོགས་པ་བྱེད་རྒྱུ་ཡིན་བཤད་དེ་། བོད་ཀྱི་ཅ་དངོས་མང་པོ་ཞིག་ཨ་རི་ལ་ཁྱེར་ཏེ་ཕྱིར་ཡོང་མེད་པར་གྱུར་བ་དང་འདྲ་ལེ་ཡིན་ཐག་ཆོད་རེད་ ཧ་ཧ་ཧ
མཐར་དེད་ན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་འཇོན་ཐང་མེད་སོང་བ་འདྲ།