ཆུ་སྐྱེས་སྒྲོལ་མས།
གཅིག་རྒྱབ་གཉིས་ལངས་ཀྱི་ལས་འགུལ།།
བོད་ས་ཡོངས་རྫོགས་ལ་ཁྱབ་བྱུང༌།།
བརྒྱ་བསད་སྟོང་ལངས་ཀྱི་མེ་ལྕེ།།
བོད་མིའི་སེམས་ཁོང་ནས་འབར་བྱུང༌།།
ལོ་ངོ་ལྔ་བཅུ་ལ་འཁྱིལ་བའི།།
སྡུག་བསྔལ་རྒྱ་མཚོ་ཡི་གོང་བུ།།
གཉའ་གནོན་མནར་གཅོད་ཀྱིས་བརྟོལ་བ།།
ཆོལ་གསུམ་འཇིག་རྟེན་ནས་ལུད་བྱུང༌།།
ཕ་མ་རྒྱ་མི་ཡིས་བསད་སོང༌།།
གཅེན་གཅུང་བཙོན་ཁང་ལ་འཁྲིད་སོང༌།།
བདག་མེད་ཁང་ཁྱིམ་གྱི་ཕྱི་ནང༌།།
མེ་མདའི་རྩེ་གྲི་ཡིས་གཙབས་སོང༌།།
དགོན་པ་རྒྱ་དམག་གིས་བསྐོར་སོང༌།།
མཇལ་ལམ་མཚོན་ཆ་ཡིས་བཀག་སོང༌།།
ཉམ་ཆུང་བོད་འབངས་ཀྱི་ཚེ་སྲོག།
བརྩེ་མེད་རྒྱ་དམར་གྱིས་བསྒྱེལ་སོང༌།།
སློབ་གྲྭ་རྒྱ་དམག་གིས་ཁེངས་སོང༌།།
དགེ་རྒན་བཙོན་ཁང་ལ་འཁྲིད་སོང༌།།
སློབ་དེབ་གསར་པ་རེ་བཀྲམས་ནས།།
སྨྲ་ལྕེར་མདུད་པ་རེ་བརྒྱབ་སོང༌།།
རྒྱལ་བ་ཡེ་ཤེས་ཀྱི་ཉི་མ།།
རང་དབང་བོད་ཡུལ་ནས་འཆར་ཏེ།།
དགའ་སྐྱིད་ཞི་བདེ་ཡི་འཚོ་བས།།
ཆོལ་གསུམ་ལ་ལུང་ཀུན་ཁྱབ་ཤོག།
༡༢། ༤། ༠༨ ལ་བྲིས།