བོད ལྷ་ཀླུ་གཉན་གསུམ།
ཉེ་སྔོན་ང་རང་གི་གྲོགས་པོ་ཞིག་གིས་ང་རང་ལ་ཡང་ཡང་རེ་བ་བྱས་པ་ལྟར། ངས་ཀྱང་ཁས་ལེན་བྱས་པ་དང་ང་ཚོ་ཚང་མ་བོད་ཀྱི་གྲོགས་པོའི་རོགས་ཚོགས་ཤིག་གི་མགྲོན་འབོད་ལྟར། ལོ་ལྟར་ས་ཁུལ་འདི་རུ་རྒྱ་གར་བོད་ཀྱི་གཞིས་ཆགས་ཁག་ནས་རེས་མོས་ཀྱི་ལོ་ལྟར། སོ་ནམ་སློབ་སྤྱོང་བྱེད་དུ་ཡོང་གི་ཡོད་ལ། ང་དང་བོད་རིགས་སྤུན་ཟླ་འདིར་བསྡོད་མི་ཉུང་བ་ཞིག་ལོ་ལྟར་ཐེངས་མ་རེ་ཟུང་ལ་ཐུགས་འཕྲད་བྱེད་དུ་འགྲོ་བཞིན་ཡོད།
ཉིན་འགའི་སྔོན་ལ་ཡང་ང་དང་ངའི་གྲོགས་པོ་ཁོ་རང་དང་བལ་ཡུལ་ནས་སླེབས་པའི་བོད་ཀྱི་བུ་མོ་གསུམ་བཅས་ང་ཚོ་ཚང་མ་སློབ་ཕྲུག་གི་མིང་ཐོག་ནས་ཡོང་བའི་ཁོང་ཚོས་སར་གཟའ་མཇུག་གི་གུང་གསེང་ལ་ཕྱིན་པ་ཡིན་ལ། ཁོང་ཚོས་ཀྱང་ང་ཚོ་ལ་དངོས་ནས་སྣེ་ལེན་གང་ཐུབ་ཅི་ཐུབ་བྱས་སོང་། དེ་ནས་ང་ཚོས་ཁ་བརྡ་བྱེད་པའི་འགོ་བཙུགས་པ་ཡིན།
ང་ཚོ་ཚང་མ་བོད་རིགས་ཤ་སྟག་ཡིན་ན་ཡང་། ཁ་བརྡ་བྱེད་དུས་སུ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དེ་ནི་བོད་མིས་བོད་སྐད་ཀྱི་སྟེང་ནས་ཕན་ཚུན་ལ་གོ་བརྡ་ལེགས་པོ་ཞིག་སྤྲོད་མི་ཐུབ་པ་མ་ཟད། རྒྱ་གར་དར་རྒྱས་གླིང་ནས་ཕེབས་པའི་བུ་མོ་དེ་གཉིས་ཀྱིས་བོད་སྐད་ཐར་ཐོར་ཞིག་ལས་ཤེས་ཀྱི་མི་འདུག དེ་ནས་ང་ཚོའི་ཐུན་མོང་གི་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་དེ་ནི་བོད་སྐད་ལས་ཟློག་ནས་ཧིན་རྡུའི་སྐད་དང་དབྱིན་སྐད་རེད། དེ་དུས་སུ་ང་རང་གི་སེམས་ནང་དུ་གློ་བར་དུ་ན་ཟུག་ཡང་ཡང་བརྒྱབ་ཀྱང་། ང་རང་གིས་ཟུར་ནས་ཐ་མག་རྔམ་འཐེན་བྱས་ནས་བསྡོད་པ་ལས། ངོ་ཤེས་ནས་རྒྱུན་རིང་མ་སོང་བའི་བོད་ཀྱི་བུ་མོ་དེ་གསུམ་ལ་སྐད་ཆ་ལྷོད་ལྷོད་ཅིག་བཤད་ཡ་ལ་ང་རང་ལ་འཚེར་སྣང་ལྟ་བུ་ཞིག་འདུག ནུབ་མོ་དེར་ང་ཚོ་ཚང་མའི་ཤ་མོག་མོག་དང་། བྱ་ཤ་བརྔོས་མ། འབྲས། ལྡ་ལི་སོགས་མི་ཉུང་བ་ཞིག་ཁོང་ཚོས་གྲྭ་སྒྲིག་བྱས་པ་ལྟར། ལྷོད་ལྷོད་ཅིག་ཟས་རྗེས་སུ་གཞས་གཏོང་འགོ་བརྩམས་སོང་། དེ་དུས་མང་ཤོས་ཀྱི་གཞས་གཏོང་བ་ནི་ཧིན་རྡུའི་གཞས་དང་། བལ་ཡུལ་གྱི་གླུ་གཞས་ཁ་ཤས་ཤིག་ལས་བོད་གཞས་ཤིག་ཕལ་ཆེར་ཁོང་ཚོའི་མགྲིན་པ་ལས་གོ་ཐུབ་ཀྱི་མི་འདུག བར་རོལ་དེ་འདྲ་ཞིག་ལ་ཟུར་ནས་སོ་ནམ་སློབ་སྤྱོང་བྱེད་དུ་ཡོང་བའི་སློབ་མ་ཞིག་གིས་ཁོ་རང་གི་ལག་ཁྱེར་ཁ་པར་ནང་ནས་མེ་ཏོག་དཀར་པོ་འདབས་མ་སྟོང་ལྡན་ཟེར་བའི་ཀུན་དགའ་ཡིས་བོད་གཞས་སྙན་མོ་དེ་གྲགས་སོང་།
རེ་ཞིག་ངའི་འགྲམ་གྱི་བུ་དང་བུ་མོ་ཚང་མ་ཁ་རོག་གེར་བསྡད་སོང་། དེ་དུས་ཁོང་ཚོས་ང་ལ་ཨ་མདོའི་གཞས་ཤིག་གཏོང་རོགས་ཟེར་ནས་ཨུ་ཚུགས་རྒྱག་གི་འདུག ངས་རང་ཉིད་ལ་སྐད་ངག་བདེ་བོ་མེད་ཀྱང་། རང་གི་མགྲིན་པ་ནས་འཛམ་གླིང་ཤར་ཕྱོགས་་་་ ཟེར་ནས་གངས་ཅན་པའི་གླུ་གཞས་དེ་གཏོང་ཁུལ་བྱས་པ་ཡིན། དེ་དུས་བུ་མོ་གསུམ་གྱིས་ནང་ནས་བོད་ཏིང་རུ་ནས་འབྱོར་བའི་བུ་མོ་དེས། ང་ལ་གླུ་གཞས་དེ་ནི་སྐད་གྲགས་ཆེན་པོ་ཆགས་ཡོད་རེད་ཟེར་ནས་དབྱིན་སྐད་སྟེང་ནས་གསུངས་སོང་། དེ་དུས་ངས་ཁྱེད་རང་ནི་བོད་ནས་སླེབས་ནས་རྒྱུན་རིང་ཞེ་དྲགས་འགྲོ་ཡི་མི་འདུག བོད་སྐད་ཀྱི་སྟེང་ནས་བཤད་དགོས་པ་ལ་དཀའ་ངལ་ཡོད་པ་མ་རེད། ང་རང་ལ་བོད་སྐད་བཤད་ན་འགྲིག་གི་ཡོད་པ་རེད་ཅེས་བཤད་དུས། མོས་ད་ནི་མི་འགྱུར་བ་འགྲོ་ནས་ཡོད་པའི་སྐབས་སུ་ག་རེ་ཡིན་ཡང་འགྱུར་བ་འགྲོ་ངེས་རེད་ཅེས་ལན་བཏབ་པ་དེར་ང་རང་ལ་སྐད་ཆ་ཁ་ཤས་ཤིག་ཞུ་རྒྱུ་ཡོད་ཀྱང་། ང་ཚོ་ཤེས་ནས་རྒྱུན་རིང་འགྲོ་བཞིན་མེད་སྟབས། གདོང་ལ་ལྕི་བ་རྒྱགས་རྒྱགས་བྱས་ན་ཡག་པོ་མི་འདུག་བསམ་ནས་ཁ་རོག་གེར་བསྡད་པ་ཡིན།
ཕྱིར་ཡོང་བའི་ལམ་ཁར་ང་ཚོ་སོ་ནམ་བོད་རིགས་སློབ་ཕྲུག་དེ་དག་ཡོད་ས་ནས་ཉིན་གཉིས་རིང་དུ་ཡར་མར་ལ་འཁྱམ་གསེང་ཕྱིན་སྟབས། ཅུང་ཚང་མ་ཐག་ཉེ་རུ་ཕྱིན་འདུག དེ་ཡི་སྟབས་ཀྱིས་ངས་དར་རྒྱས་གླིང་ནས་ཡོང་བའི་བོད་ཀྱི་བུ་མོ་བོད་སྐད་ཚིག་ཁ་ཤས་ཤིག་ལས་བཤད་མི་ཤེས་པའི་བུ་མོ་དེ་ལ་ཁ་བརྡ་བྱས་པ་ཡིན། མོ་རང་སྐྱེ་ཡུལ་ནི་སྒང་ཏོག་ནས་ཡིན་པ་དང་། ནང་མི་ཚང་མ་བོད་པ་ཡིན་ན་ཡང་། མོ་རང་གི་ནང་མི་ཚང་མས་སྒང་ཏོག་རང་གི་སྐད་དེ་ལས་བོད་སྐད་ནང་དུ་བཤད་ཀྱི་མེད་པ་དང་། དེ་ཁུལ་དུ་གནས་པའི་བོད་མི་ཚང་མ་དེ་འདྲ་ཡིན་པས་ཁོ་མོས་ཀྱང་བོད་སྐད་བཤད་མ་ཤེས་པ་རེད་ཟེར། ངས་དེ་དུས་ཁྱེད་རང་གིས་ང་ཚོ་ལོ་སར་སྐབས་སུ་འཕྲད་པ་ལས་ཀྱང་ད་ལྟ་བོད་སྐད་བཤད་རྒྱུ་ཡག་དུ་འགྲོ་འདུག་ཟེར་ནས་ཞུས་པ་ཡིན།
མོ་རང་ལ་དངོས་ནས་སྐད་ཆ་བཤད་བདེ་བའི་བུ་མོ་ཞིག་རེད། མོས་ང་རང་ལ་རང་གིས་ད་ལྟ་རང་བོད་སྐད་ཕྲན་པུ་ཞིག་རྒྱག་ཤེས་པ་དེ་དག་ནི་རྒྱལ་ཁབ་འདིར་སླེབས་ནས་བོད་རིགས་བུ་མོ་ཏིང་རུ་ཡོང་བའི་ཁོ་མོས་ས་ནས་སྤྱང་བ་དང་ཁོ་མོ་ལ་བལ་སྐད་ཡག་པོ་ཞིག་བསླབ་འདུག ཏིང་རུ་ནས་སླེབས་པའི་བུ་མོ་དེ་ནི་བོད་ནས་སླེབས་ནས་ལོ་ངོ་དགུ་ལྷག་ལས་འགྲོ་ཡི་མེད་ཀྱང་། ད་ལྟའི་འཆར་བོད་སྐད་ལས་དབྱིན་སྐད་བཤད་བདེ་བོ་གནང་གི་འདུག་པ་དང་། ཁོ་མོ་གཉིས་ཀྱིས་ལྷན་དུ་བལ་སྐད་རྐྱང་རྐྱང་བཤད་རྒྱུར་སྤྲོ་སྣང་བྱེད་ཀྱི་འདུག་ལ། དེ་ནི་མོ་རང་གིས་ཆེས་རྒྱན་ཆ་ཞིག་དུ་ཡང་རློམ་གྱི་ཡོད་པ་འདྲ། ངེད་གཉིས་ལ་ཡང་བོད་སྐད་ལས་དབྱིན་སྐད་རྒྱག་པ་དང་། ང་དང་ལྷན་དུ་ཡོད་པའི་གྲོགས་པོ་ཁོང་ཡང་ཝར་ན་མཐོ་སློབ་ཐར་ཕྱིན་མཁན་ཡིན་ཟེར་ནས་རྒྱུན་དུ་བཤད་ཀྱི་ཡོད་ལ། ལག་ཁྱེར་ཞིག་ཀྱང་ཁོ་རང་ལ་དུས་རྒྱུན་དུ་སྟོན་རྒྱུ་ཡོད་པ་རེད།
ཁོ་བོ་ནི་དངོས་ནས་ཝར་ན་མཐོ་སློབ་དུ་སྤྱོད་མྱོང་མཁན་ཞིག་ཡིན་ཡང་། བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བའི་སྒང་ལ་བོད་ཡིག་ལ་གཏན་ནས་དོ་སྣང་མེད་པ་དང་། ག་དུས་ཡིན་ཡང་དྲ་ཚིགས་གང་སར་ཧིན་རྡུའི་ཡི་གེ་རྐྱང་རྐྱང་ཀློག་པ་དང་རྒྱ་གར་རང་གི་གསར་འགྱུར་རྐྱང་རྐྱང་ཀློག་ནས་བསྡོད་པ་རེད། དེ་ཡི་སྟབས་ཀྱིས་ཁོ་རང་གིས་ཀྱང་བོད་སྐད་བསྒྲགས་མ་ཞིག་ལས་རང་གི་ཕ་སྐད་ཅིག་ཡག་པོ་ཞིག་ནམ་ཡང་བཤད་ཐུབ་ཀྱི་མེད་པ་ཡིན་དུས། ཁོ་མོ་ཚོ་དང་ལྷན་དུ་སྐད་ཆ་བཤད་པ་ལ་དངོས་ནས་དཀའ་ངལ་མེད་པ་རེད།
གལ་སྲིད། ང་རང་ཡང་བོད་སྐད་ལས་དབྱིན་སྐད་དང་ཧིན་རྡུའི་སྐད་གཏན་ནས་མི་ཤེས་མཁན་ཞིག་ཡིན་ན་ནི། དངོས་ནས་གཞན་ཡུལ་འདི་འདྲ་ཞིག་ནས་བོད་ཀྱི་བུ་མོ་འགའ་དང་འཕྲད་ཀྱང་ཕན་ཚུན་ལ་འཚམས་འདྲི་ཙམ་ཡང་ཞུ་ཐུབ་ས་མ་རེད། གནད་དོན་འདི་ཡི་རིགས་ལ་ངེད་ཅག་གིས་དོན་དངོས་ཐོག་ག་རེ་བྱས་པ་ཡིན་ན། ད་གཟོད་བོད་མི་རང་གིས་རང་གི་སྐད་ལ་དོ་སྣང་སླེབས་པ་ནས་རང་གི་ཡི་གེ་སྤྱོང་འདོད་ཀྱི་མདུན་པ་སླེབས་ངེས་རེད།
དཀའ་ངལ་འདི་ད་ལྟའི་འཆར་བལ་ཡུལ་དང་རྒྱ་གར་ནང་གཅིག་བུ་མིན་པར། ཨ་རི་གཙོ་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་མི་ཉུང་བ་ཞིག་གིས་བོད་ཀྱི་བུ་ཕྲུག་གཙང་མ་ཡིན་ཡང་། ཁ་ནང་དུ་བོད་སྐད་དང་ལག་ནང་གི་སྨྱུའི་རྩེ་དང་མཐེབ་གཤོང་གི་ངེས་སུ་བོད་ཡིག་གི་གཟུགས་རིས་དེ་མཐོང་རྒྱུ་མེད་པ་དེ་ནི་ང་ཚོ་སུ་ལ་འགན་ཡོད་པ་རེད། སྤུན་ཟླ་ཚོ། རང་རང་གི་ཁོར་ཡུག་ནས་སྤ་གསང་མེད་པར་གནད་དོན་འདིའི་སྐོར་འདྲུད་དེ་ཤོག ང་ཚོས་དངོས་ནས་རང་གི་མི་རིགས་ལ་ཤ་ཚ་དང་ཞེན་ཁོག་ཡོད་པ་དང་། མི་རིགས་བོད་གངས་ཅན་པ་ཟེར་བ་འདི་ས་སྒང་ཧྲིལ་བོ་འདིརི་གནས་དགོས་ཀྱི་ ཡོད་པ་དེ་བདེན་པར་ཡིན་ཚེ། བོད་རྒྱལ་ལོ། བོད་སྐད་རྒྱལ་ལོ། བོད་ཡིག་རྒྱལ་ལོ། བོད་མིའི་སྐྱིད་སྡུག་རྒྱལ་ལོ། རྒྱལ་ལོ་རྒྱལ་ལོ། བོད་ཀྱི་སྐད་ཡིག་རྒྱལ་ལོ།
དངོས་གནས་བོད ལྷ་ཀླུ་གཉན་གསུམ་འདི་ རྒྱལ་ཞེན་དང་ལྷགས་ཅན་ཞིག་རེད་ཞག་ཐུགས་རྗེ་ཆེ་
http://www.youtube.com/watch?v=3ZxsmHLcNvA&feature=PlayList&p=345A9AF32593F212&playnext_from=PL&playnext=6&index=87
འདི་ལ་གཟིགས་རོགས་ཞུ།