རླུང་དམར།
རེ་བའི་རྨི་ལམ་སྔར་བཞིན་འགྱེལ་མེད་ངང་གསོན་འདུག འདས་སོང་བའི་ལོ་ཟླ་ནི་བཤད་མི་འདོད་པའི་སྐྱུག་ནད་ཅིག་རེད། དེའི་སྐོར་ནས་མི་གླེང་བར་བྱ། ད་ཐེངས་འདིར་གླེང་འོས་པ་ནི། མ་འོངས་༢༠༢༡ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་ཁྲི་སྟེགས་སུ་ལ་ཐོབ་འོས་མིན་དེ་ཡིན། ད་ལྟའི་བར་ཏུ་མི་མང་གིས་སྲིད་སྐྱོང་འོས་མི་འགའ་ཤས་ཤིག་གི་ཐད་ནས་གཏམ་གླེང་སྤེལ་ཞིང་གྲོས་ཁ་བསྡུར་བཞིན་པའི་དུས་ཚོད་འདིར། ཁ་ལྕེ་ཁོ་ན་བརྡར་ནས་མི་འདུག་པར་དྲ་ལམ་སྟེང་ནས་སྲིད་སྐྱོང་གི་ཆ་རྐྱེན་ལེགས་པོ་སུ་ལ་ཚང་ཡོད་མེད་ལ་དཔྱད་གཏམ་འགྲེམ་དགོས་ལ། དོན་སྙིང་ལྡན་པའི་སྲིད་སྐྱོང་ཚད་ལྡན་ཞིག་འདེམ་བསྐོ་གནང་རྒྱུ་དེ་བོད་མི་རེ་རེའི་འགན་འཁྲི་ཆེས་ཆེ་ཤོས་དེ་ཡིན། དེའང་། ཆོལ་གསུམ་བོད་མིའི་བར་ནས་བོད་གཞིས་བྱེས་མ་རྩོད། ཆོལ་ཁ་ཆོས་ལུགས་མ་རྩོད། དབུ་མ་རང་བཙན་མ་རྩོད། རྩོད་གླེང་གནས་ལུགས་དང་མཐུན་པ་ཞིག་རྩོད་ན་མ་འོངས་སྲིད་སྐྱོང་ཡང་དག་ཅིག་འདེམས་པར་རྩོད་གླེང་གནང་དགོས་ལ། རྩོད་གླེང་ཁྲོད་ནས་མི་གཞི་ལ་སྨྲ་འབེབས་དང་། ཁྲོས་བཤད། འཁྱོག་བཤད། རྫུན་བཤད། ཁྲམ་བཤད་སོགས་མི་བྱེད་པར་སྤྱི་ལ་ཕན་པའི་རྩོད་གླེང་གནང་རོགས།
དེ་ལྟར། ང་ཚོས་བོད་མིའི་སྲིད་དོན་གྱི་མངའ་བདག་ངོ་མ་ཞིག་འཚོལ་རན་སོང་། སྔ་ཕྱི་ལ་འགྱོད་གདུང་མེད་པའི་འགོ་ཁྲིད་ལེགས་པོ་ཞིག་བསྐོ་རན་སོང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་གཞིས་བྱེས་བོད་མིའི་འབྲེལ་ལམ་ལེགས་པོར་བསྒྲུབ་ནས། རྒྱ་ནག་གི་སྲིད་ཇུས་ངན་མཐུའི་རིགས་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ལ་འོས་ཤོག་བླུགས་རན་སོང་། དབུ་མའི་ལམ་གྱི་དགོངས་དོན་ལྟར་ཕྱི་གསལ་ནང་གསལ་གྱི་ལས་དོན་གཉེར་མཁན་ཞིག་སྲིད་སྐྱོང་ལ་བཀུར་རན་སོང་། བོད་མིའི་སྒྲིག་འཛུགས་འདི་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་བའི་མི་བུ་བླ་མེད་ཅིག་དབུ་ཁྲིད་ལ་འཇོག་འོས་སོང་། དེ་བཞིན་རྩ་དོན་སེམས་ནས་འབོར་མ་མྱོང་བའི་སྲིད་སྐྱོང་རླབས་ཆེན་ཞིག་འདེམས་ན། ང་ཚོ་ཆོལ་གསུམ་བྱིངས་ལ་ཕན་བདེའི་རྩ་དོན་ཡོད་པ་ལས། གཞན་ང་ཚོ་ལ་ཅི་ཡང་མེད། བོད་མི་རྒན་གཞོན་ཚང་མས་བསམ་བློ་ཞིབ་དུ་བཏང་ནས། ལམ་ལོག་སོགས་ལ་མི་འགྲོ་བར་དངོས་ཡོད་གནས་ཚུལ་གྱི་ལས་དོན་ཞིག་བསྒྲུབ་ན་རང་གཞན་ཡོངས་ཀྱི་རྩ་བའི་གྲུབ་འབྲས་ལེགས་པོ་ཞིག་ཡིན་ལ། མ་འོངས་བཙན་བྱོལ་བོད་མིའི་བྱ་དངོས་ཡོད་ཚད་ལ་འོད་སྟོང་ལྡན་པའི་བསྐལ་པ་བཟང་བོ་ཞིག་འཆར་ངེས་པའང་གདོན་མི་ཟ། ད་ལྟའི་ཆར་དྲ་ལམ་ན་བཙན་བྱོལ་བོད་མིའི་འོས་མིར་ལངས་མཁན་གྱི་མི་རེ་འགའ་འདུག་པས། ཁོ་ཚོས་རང་རང་གི་འཇོན་ནུས་དང་ལྷག་བསམ་ཡོད་ཚུལ་གྱི་གཏམ་བཤད་སྣ་ཚོགས་གླེང་གིན་འདུག་ཀྱང་། དེ་ནི། ཁོ་ཚོ་མི་སྒེར་གྱི་ཐོབ་ཐང་དང་རང་དབང་ཞིག་རེད། ཡིན་ཡང་། འགལ་འཛོལ་མི་ཤོར་བའི་གསུང་བཤད་གནང་རྒྱུ་གལ་ཆེན་ཡིན། དེ་ལྟ་ནའང་། སྲིད་སྐྱོང་འོས་མི་རེ་འགས་ངོ་ཚ་མེད་པར་མི་མང་ལ་མགོ་སྐོར་གཏོང་བའི་གཏམ་བཤད་སྤེལ་གྱིན་འདུག བོད་སྤྱི་དོན་མི་བསམ་པའི་སྲིད་སྐྱོང་འོས་མི་སྒེར་དོན་ཅན་ཚོས། མགོ་བསླུ་སྒོར་བསླུ། གཡོ་ཁྲམ་དམ་ལོག ཁེ་འདོད་གྲག་འདོད། ངན་པ་ལག་འབྲེལ། རང་བསྲུང་གཞན་འདོར། རྩ་དོན་ལོག་འགྲེལ། སྟོང་བསམ་ལག་སྟོང་། སྤྲེའུ་ལད་འཁྲབ་སྟོན། རྫུན་འགེབ་འཁྱམ་ཉུལ་སོགས་བྱས་ཏེ། མི་མང་རང་ཕྱོགས་ངན་པའི་འཁོར་ལ་གཡོ་འགུག་གནང་གིན་པ་འདི་དག་ལ་བལྟས་ན། ངོ་མཚར་མི་ཆེའམ།
ཀྱེ། གངས་ཅན་པ་ཚོ། ཡག་སྡུག་གི་དབྱེ་བ་ལེགས་པོར་ཤེས་དགོས། མི་གཞིའི་སྤུས་ཀ་བཟང་པོ་འདེམས་དགོས། སྲིད་སྐྱོང་འོས་མི་མཚན་ཉིད་ཚང་བ་ཞིག་བསྐོ་དགོས་པ་ང་ཚོ་བཙན་བྱོལ་བོད་མི་སྤྱིའི་བྱ་བཞག་དོན་ཆེན་ཞིག་ཡིན་པས། ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ནི། ༢༠༢༡ལོའི་སྲིད་སྐྱོང་གི་འོས་ཆོས་ཡོངས་སུ་ཚང་བའི་མི་སྣ་རླབས་ཆེན་རེད། ཁོང་ལ་འོས་བླུགས་རྒྱུ་དེ་ཆོལ་གསུམ་བོད་མིའི་མ་འོངས་པའི་གཟི་བརྗིད་རེད་ལ། སུ་ལའང་ངོམ་ཆོག་པའི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཚད་ལྡན་མཐོང་བ་དོན་ལྡན་ཞིག་ཀྱང་རེད་འདུག གང་ནས་བལྟས་ན། བོད་མིའི་སྲིད་དོན་གྱི་མངའ་བདག་ངོ་མ་དེའང་ཁོང་རེད།
༢༠༢༠-༡༡-༡༧ཉིན།
རླུང་དམར་ལགས་ཀྱིས་ཡག་པོ་བྲིས་འདུག་དགའ་བསུ་ཞུ།
་་་་་་་་་་་་་་ ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ནི། ༢༠༢༡ལོའི་སྲིད་སྐྱོང་གི་འོས་ཆོས་ཡོངས་སུ་ཚང་བའི་མི་སྣ་རླབས་ཆེན་རེད། ་་་་་་་་་་་
དེ་ག་རང་ཡིན།
ད་ལོ་སྲིད་སྐྱོང་འོས་མི་བརྒྱད་ཡོད་པ་ལས་སྤེན་ཚེ་ལགས་འཚམ་ཤོས་རེད་འདོད།
སྐད་ཆ་དྲང་པོ་ཡིན།
འོན་ཀྱང་་་་སྐད་ཆ་དྲང་པོ་བཤད་ན་མི་་མི་དགའ། །ལག་ལ་དབྱུག་པ་བཟུང་ན་ཁྱི་་མི་དགའ་ཟེར་བ་རེད། །
གོང་དུ་རླུང་དམར་ལགས་ནས། ་བོད་མིའི་སྲིད་དོན་གྱི་མངའ་བདག་ངོ་མ་དེ་སུ་ཡིན་། ཅེས་པའི་ནང་སྲིད་སྐྱོང་གི་ཆ་རྐྱེན་དུ་མ་ཞིག་བཀོད་པའི་ནང་ནས་ཆ་ཤས་ཤིག་འདིར་ཞུས་ན།
༡༽༸གོང་ས་མཆོག་གི་བཀའ་དགོངས་བཞིན་གཞིས་བྱེས་བོད་མིའི་འབྲེལ་ལམ་ལེགས་པོར་བསྒྲུབ་ནས།
༢༽མི་གཞིའི་སྤུས་ཀ་བཟང་པོ་འདེམས་དགོས། སྲིད་སྐྱོང་འོས་མི་མཚན་ཉིད་ཚང་བ་ཞིག་བསྐོ་དགོས་པ་ང་ཚོ་བཙན་བྱོལ་བོད་མི་སྤྱིའི་བྱ་བཞག་དོན་ཆེན་ཞིག་ཡིན་པས། ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ནི། ༢༠༢༡ལོའི་སྲིད་སྐྱོང་གི་འོས་ཆོས་ཡོངས་སུ་ཚང་བའི་མི་སྣ་རླབས་ཆེན་རེད།
ཨང་དང་པོའི་ཐད་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་མཁན་ཞུ་བ་ཁྱེད་ནས་སེམས་འཚོར་དངོས་གནས་ཡོད་པའི་བཀའ་མོལ་ཡིན་ན་སྤེན་པ་ཚེ་རིང་ལ་གང་གི་ཕྱིར་༸ཁོང་ནས་གནས་དོན་གཅིག་མིན་གཉིས་མིན་མང་པོའི་ཐོག་དགོངས་པ་འགལ་པའི་གནས་ཚུལ་གོ་རྒྱུ་འདུག་པ་གང་ཡིན་ནམ། ཁྱེད་དང་མཐུན་གྲོགས་ཚོས་མ་ཤེས་པ་ཡིན་ནམ་ཤེས་ནས་རྣ་རྒྱབ་ཏུ་དོར་བ་ཨེ་ཡིན། ༸ཁོང་དགོངས་པ་འགལ་བའི་གནས་ཚུལ་གོ་རྒྱུ་ཡོད་ན་དགོངས་པ་དང་པའི་གནས་ཚུལ་ཡང་གོ་རྒྱུ་ལོས་འོང་། དེ་བར་ཁོང་གི་བཀའ་ལ་གྱེན་ག་ནས་ནུས།
གཉིས་པ་མི་གཞིའི་སྤུས་ཀ་བཟང་པོ་འདེམས་དགོས་རྒྱུ་དངོས་གནས་ཡིན་ཀྱང་མཐའ་ན་ཀླ་སྒར་འབྱམས་ནས་ཀྱང་སྐྱོན་བརྗོད་ཞུ་ཡུལ་ཞིག་ལ་ཁྱེད་ནས་རླབས་ཆེན་དུ་རྩིས་ན་ངས་ཁྱེད་ཀྱི་མི་གཞིའི་སྤུས་ཀ་དེ་ཚོད་ལོན་མ་སོང་། མི་མང་པོས་སྤེན་པ་ཚེ་རིང་མི་རྙོག་ཁྲ་ཅན་ཡིན་པའི་རྒྱུ་མཚན་དུ་མ་བཀོད་གྱི་ཡོད་ཀྱང་ཁྱེད་རྣམ་པས་སྐུ་ངོ་ཁོ་བར་ལྷར་མཐོང་ཚུལ་དེ་ཁྱད་གསོད་ཞུས་པ་ནི་གང་ནས་ཡིན།
མཐའ་བསྡོམས་ན་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་འོས་ཐོབ་མི་སྲིད་པ་རེད། བློ་སེང་ལ་རྩོད་པས་མིན་རང་རེའི་དབུ་ཁྲིད་མཆོག་གི་དགོངས་པ་འགལ་བའི་ཡིན། དེ་ལས་བཀའ་ཟུར་རྒྱ་རེ་སྒྲོལ་མ་ལགས་སམ་བཀའ་ཟུར་འབྲོང་ཆུང་ལགས་གང་རུང་ལ་འོས་གནང་ཤོག ཁོང་གཉིས་ལ་མི་གཞིའི་སྤུས་ཀ་སྤེན་པ་ཚེ་རིང་ལས་ཆེར་བཟང་བ་ཡོད་པ་ང་ལས་གཞན་ལ་མང་བ་གསུངས་རྒྱུ་འདུག་གོ།།
སྤེན་པ་ཚེ་རིང་།