མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱིས་མཁོ་གཏོང་བྱས།
སྤྱི་ལོ༢༠༡༧ཟླ༠༧ཚེས༠༧ཉིན། དགོང་དྲོའི་དུས་ཚོད་༠༥:༠༠ནས༠༧བར། མེལ་སྦོན་གྲོང་ཁྱེར་གྱི་ཝེ་ཁི་ཊོ་རི་ཡ་མངའ་སྡེའི་དཔེ་མཛོད་ཁང་གི་མདུན་ཐང་དུ། མེལ་སྦོན་གྲོང་ཁྱེར་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་བསྒྲིགས་འོག ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིག་ཞོ་པོ་ལ་སྨན་བཅོས་དང་རང་དབང་དགོས་པའི་རྔམ་སྟོན་འདུ་འཛོམས་བྱས་པ།
མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་བོད་མི་༤༠ལྷག་ལུས་འགུལ་དེར་མཉམ་ཞུགས་དང་སྨོན་ལམ་གསོལ་འདེབས་བྱས། གཞན་རྒྱ་ནག་དམངས་གཙོ་དོན་གཉེར་ཚོགས་པའི་ཚོགས་མི་ཁ་ཤས་དང་། ཝེ་ཊི་ནམ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་ཀྱི་མི་ཁ་ཅིག་བཅས་མཉམ་ཞུགས་བྱས། འདུ་འཛོམས་དེའི་སྟེང་དུ། ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་གོང་མའི་ལྕམ་ཇེ་ནེ་ཊི་རའེ་སི་མཆོག་དང་། ཨོ་སི་ཀྲི་ལི་ཡ་རྒྱལ་ཡོངས་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་གཙོ་ཕི་ཊིར་ཝེ་སི་ཊ་མོར་མཆོག་གཉིས་ཀྱིས་གསུང་བཤད་གནང་སྟེ། ཨོ་སི་ཀྲི་ལི་ཡ་གཞུང་གིས་ལིག་ཞོ་པོ་མཆོག་གློད་གྲོལ་དང་སྨན་བཅོས་རག་ཐབས་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་གནངས།
དུས་དེར་མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་མཆོག་གིས་གསུང་བཤད་གནང་དོན་དུ། སྐུ་ཞབས་ལིག་ཞོ་པོ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་སྨྱུ་གུ་ཁོ་ནར་བསྟེན་ཏེ། རྒྱ་ནག་གི་རང་དབང་དང་ཐོབ་ཐང་བརྩོན་ལེན་བྱས་ཀྱང་། རྒྱ་ནག་དམར་ཤོག་སྒེར་གཅོད་གཞུང་གིས་ཁོང་ལོ་དགུར་ཉེས་མེད་བཙོན་འཇུག་བྱས་པ་དང་། བཙོན་ཁང་དུ་མཆིན་སྐྲན་གྱི་ནད་ལ་སྨན་བཅོས་བྱེད་དུ་མ་བཅུག་པས་ད་ཆར་སྐུ་གྲོངས་ལ་ཉེ་ནའང་། ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་མ་བཏང་།
བྱེད་སྟངས་འདི་ནི་ཧ་ཅང་ཡ་བ་རེད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན། ཁོང་ལ་རང་དབང་སྟེར་དགོས། ཁོང་ནི་རྒྱ་ནག་པ་ལ་དྲིན་ཆེ་བ་ཙམ་དུ་མ་ཟད། བོད་མིའི་རང་དབང་དང་ཐོབ་ཐང་ལ་ཡང་ཐུགས་ཁུར་གནང་མཁན་ཞིག་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བའི་འཛམ་གླིང་གི་སྐྱེས་བུ་རླབས་ཆེན་ཞིག་ཡིན། ང་ཚོ་བོད་མི་ཚོས་ཀྱང་ཁོང་གི་ད་ལྟའི་གནས་སྟངས་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། འདི་ནི་བོད་མིའི་བཟང་སྤྱོད་ལའང་རག་ལས་ཡོད། ཅེས་བརྗོད་སོང་།
ལེའུ་ཤུའུ་པའོ་ཤི་སྟངས་དེས་ང་ཚོ་བོད་མི་ཚོ་་གསལ་བརྡ་ཞིག་གཏོང་བཞིན་ཡོད། འདིས་ནི་རྒྱ་དམར་གྱི་རྩ་ཁྲིམས་འོག་ལ་བསྡད་ན་བདེ་སྐྱིད་མེད་པ་དང་བརྩད་ནས་ཐོབ་རྒྱུ་མེད་པ་དེ་རེད། ཁོང་ལྟ་བུ་ཡིན་ན་རྒྱ་མི་ཞིག་རེད། ཁྲིམས་རྩོད་པ་ཞིག་རེད། ནོ་སྦེལ་ཞི་བའི་གཟེངས་རྟགས་ཐོབ་མཁན་ཞིག་རེད། ཡིན་ན་ཡང་། ཤི་རན་རག་བར་དུ་བཙོན་ཁང་དུ་ཉར་ནས་ཤི་ལ་ཉེ་བའི་ཉིན་ཤས་རིང་སྨན་ཁང་དུ་བཞག་ནས་ཤི་བཅུག་པ་རེད། འདིས་ནི་ང་ཚོ་ལ་ཉེན་བརྡ་ཞིག་གཏོང་བཞིན་ཡོད།