རྩོམ་པ་པོ། མོ་ལིས། ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།
བོད་མིའི་འཐབ་རྩོད་ཐད་ཀྱི་བསམ་གཞིགས་ཕྲན་བུ།
རྩོམ་ཡིག་འདིའི་ཁ་བྱང་ནི་ངས་འོད་ཟེར་གྱི་ཟིན་བྲིས་ལས་མཐོང་བ་ཡིན་ལ། མ་ཡིག་ནི་དབྱིན་ཡིག་གི་Tibetan self immolations: Why isn’t the world listening? ཞེས་བ་རེད། རྩོམ་པ་པོ་ནི་Vijay Kranti ཡིན་ལ་རྒྱ་ཡིག་ཏུ་བསྒྱུར་མཁན་ནི་ཧྥུའུ་ཁྲོན་ཡུས་རེད། ངས་ཁ་བྱང་དེ་འདིར་དྲངས་ནས་རང་སོར་འཇོག་དོན་ནི་བོད་མི་སོ་དྲུག་གིས་རང་ལུས་མེར་བསྲེགས་རྗེས། རྩོམ་པ་པོས་འདྲི་བ་དེ་ཡིས་ང་རང་བློ་མི་བདེ་བ་དང་སྡུག་བསྔལ་གྱི་ནང་དུ་ལྷུང་། འདིར་ངས་འདྲི་བ་འདི་ལ་ལན་འདེབས་ཀྱི་འབད་བརྩོན་གནང་སྟེ་སོ་ཕག་གཡུགས་ནས་གཡང་ཊི་འདྲེན་པའི་རེ་བ་བཟུང་ཡོད།
རང་ལུས་མེར་བསྲེགས་ཀྱིས་བོད་ཀྱི་དངོས་ཡོད་གནས་སྟངས་མཚོན་པ་དང་དེ་ལས་བྱུང་པའི་དོགས་འདྲི།
རྩོམ་པ་པོVijay Kranti ཀྱིས་ལོ་ན་ཉེར་བདུན་ཡིན་པའི་རང་ལུས་མེར་བསྲེག་མཁན་འཇམ་དཔལ་ཡེ་ཤེས་ཀྱི་མི་ཚེ་བརྒྱུད་རིམ་ནས་མགོ་བརྩམས་ཏེ། ཁོ་རང་བོད་ནས་འཚར་ལོངས་བྱུང་བ་དང་ ཏྰ་ལའི་བླ་མར་འཁོན་འཛིན་དགོས་བའི་སློབ་གསོ་དམར་པོ་མྱངས་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཡོད་ལ། གཞོན་ནུ་དུས་སྐབས་སུ་འཇམ་དཔལ་ཡེ་ཤེས་ཀྱིས་རང་མི་རིགས་ཀྱི་ངོ་རྟགས་ཚོར་བ་དང་། རྒྱ་རིགས་ཕོན་ཆེན་བོད་དུ་ཡོང་བ་དེ་ཡིས་ཁོ་རང་སྐྱོ་ངལ་གྱིས་མནན་པའི་མྱོང་ཚོརབྱུང་། དེར་བརྟེན་ཁོ་རང་རྒྱ་གར་ཏུ་བྲོས་བྱོལ་ཆས། ཉེ་ཆར་རྒྱ་གར་ཏུ་གློག་ཀླད་སློབ་ཚན་སྦྱོང་བཞིན་པའི་འཇམ་དཔལ་ཡེ་ཤེས་ཀྱིས་ཧོའུ་ཅིན་ཐོ་རྒྱ་གར་ཏུ་འཚམས་གཟིགས་ལ་ཡོང་བའི་སྔ་རོལ་ཏུ། རྒྱ་གར་གྱི་གྲོས་ཚོགས་ཁང་པའི་ཉེ་འགྲམ་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་གནང་སྐབས་རང་ལུས་མེ་རུ་སྒྲོན། Vijay Kranti ཡིས་རང་ལུས་མེར་བསྲེགས་ཀྱིས་གནད་དོན་མང་པོ་ཞིག་མངོན་ཡོད་པར་བསྟན་དོན། རང་ལུས་མེར་བསྲེག་མཁན་རེ་རེ་ཡིས་འཆི་ཁར་༼བོད་རང་དབང་༽དང་། ༼ཏྰ་ལའི་བླ་མ་ཕྱིར་བོད་དུ་ཕེབས་འཇུག་རོགས༽་ཅེས་འབོད་སྒྲ་སྒྲོགས་ཀྱི་ཡོད་ལ། བོད་ཀྱི་ད་ལྟའི་གནས་སྟངས་དེ་ཕྱོགས་གཞན་ཞིག་ནས་འཛམ་གླིང་གི་ཡུ་ཊོབ་YOUTUBE གཟིགས་མཁན་སྟོང་ཕྲག་མང་པོའི་མིག་མདུན་དུ་བསྐྱལ་བ་དང་། དངོས་ཡོད་གནས་ཚུལ་དེ་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་དང་རྦད་དེ་ལྡོག་ཟླར་གྱུར་བ་རེད།
སྐྱོ་གདུང་གིས་མནར་བའི་ངང་ནས་Vijay Krant ཡིས་ཐེངས་སོ་གསུམ་པའི་རང་ལུས་མེར་བསྲེག་མཁན་འཇམ་དཔལ་ཡེ་ཤེས་ཀྱི་ཚབ་བྱས་ཏེ་འཛམ་གླིང་ལ་དོགས་འདྲི་འདི་ལྟར་བྱས་ཡོད་དེ། ༡། ཅིའི་ཕྱིར་ཊོ་ནི་ཞི་ཡའི་ཚོང་བ་ཆུང་ངུ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ལ་འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་། མིག་སྔར་བོད་ནང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་རླབས་འདི་ལ་འཛམ་གླིང་གིས་སྣང་མེད་གཏོང་བཞིན་པ་རེད། ༢། མང་གཙོ་དང་འཚེ་མེད་ཞི་བའི་སྒོ་ནས་རྩོད་རྙོག་སེལ་བའི་ཐབས་ལམ་འདི་ངོ་མ་ཕན་ནུས་ལྡན་པ་ཞིག་ཡིན་ནམ། Vijay Kranti ཡིས་བཏོན་པའི་དྲི་བ་འདི་ནི་རང་ལུས་མེར་བསྲེག་མཁན་སུམ་ཅུ་ལྷག་དང་ཡང་ན་རྨས་སྐྱོན་བྱུང་མཁན་བཅས་ཀྱིས་ཚབ་བྱས་ཏེ་བཏོན་པ་མ་ཟད་། ད་རུང་བོད་རང་དབང་བརྩོན་ལེན་བྱེད་པའི་བོད་མི་ཡོངས་དང་། འཛམ་གླིང་སྟེང་གི་བོད་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་གི་ཚབ་བྱས་ཏེ་བཏོན་པ་ཡིན་པར་ང་རང་ཡིད་ཆེས་ཡོད། དོན་དངོས་སུ་གོང་གི་དྲི་བ་དེར་ལན་ལས་སླ་བོ་ཞིག་མེད་པ་རེད། ཡིན་ནའང་གལ་སྲིད་ང་ཚོས་བློ་གཟུ་བོར་གནས་བའི་སྒོ་ནས་ང་ཚོ་གནས་བའི་དུས་རབས་འདི་ལ་ཁ་ཕྱོགས་ཚེ་རིམ་གྱིས་འགྲེལ་བརྗོད་ཞིག་རག་ཐུབ་ངེས་རེད།
ཐོག་མར་གསལ་བཤད་དགོས་བ་ཞིག་ནི་འཛམ་གླིང་འདི་ཡོངས་སུ་འོན་སྐུགས་མ་རེད། ཉེ་བའི་ཆར། ཡུ་རོབ་དང་ཨ་རིའི་གསར་འགོད་བརྒྱུད་ལམ་ཆེ་གྲས་ཀྱི་ཚགས་པར་དང་བརྙན་འཕྲིན་གང་ཡིན་རུང་ཚང་མས་རང་ལུས་མེར་བསྲེགས་སྐོར་ལ་གཟེངས་སུ་ཐོན་པའི་གནས་ཚུལ་སྤེལ་ཡོད་ལ། ཕྱི་ཟླ་༣པའི་ཚེས་༧ཉིན་འོད་ཟེར་སོགས་བོད་མི་གསུམ་གྱིས་༼བོད་མི་ཚོས་རང་ལུས་མེར་བསྲེག་མ་གཏོང་རོགས། གཉའ་གནོན་ཇི་ལྟར་ཆེ་ནའང་ཚེ་སྲོག་གསོན་པོར་གནས་དགོས།༽ཞེས་བའི་འབོད་སྐུལ་དེ་ལ་རྒྱལ་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་མི་སྣ༤༠༠ལྷག་གིས་མིང་རྟགས་བཀོད་དེ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ཟླ་༤པའི་ཚེས་༢ཉིན་ཡེ་ཤུ་བླ་ཆེན་ཐོ་ཐོ་དང་ཝ་བིན་ཟ་སོགས་ནོར་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་བཅུ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧོའུ་ཅིན་ཐོ་ལ་ཡོངས་ཁྱབ་ཡི་གེ་བཏང་སྟེ་བཙན་བྱོལ་བོད་མིའི་བསམ་བློའི་དབུ་ཁྲིད་ཏྰ་ལའི་བླ་མ་དང་དོན་སྙིང་ལྡན་པའི་གྲོས་མོལ་གནང་དགོས་བའི་དགོས་འདུན་བཏོན་ཡོད་ལ། བོད་མི་མང་གི་སེམས་ཀྱི་ཚོར་ཤུགས་དྲག་པོ་མངོན་པར་དོ་སྣང་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད།
གཞན་ཡང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་མིས་རང་ལུས་མེར་བསྲེགས་གནད་དོན་ཐད་གྲོས་ཆོད་བཞག་སྟེ་རྒྱ་ནག་གིས་བོད་ཁུལ་གྱི་བཀག་རྒྱ་སྣ་མང་ལྷོད་དགོས་བའི་འབོད་སྐུལ་བྱས་ཡོད། ཡུ་རོབ་གྲོས་ཚོགས་ཀྱིས་བོད་མིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་ཚོགས་འདུ་འཚོགས་ཏེ་བོད་མི་ཚོར་ཅི་ལྟར་རོགས་རམ་གནང་ཚེ་དཀའ་རྙོག་ལས་ཐར་ཐུབ་པའི་སྐོར་ལ་ཞིབ་འཇུག་བགྲོ་གླེང་གནང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་མི་ཚོར་དྲག་གནོན་བྱེད་པར་ངོ་རྒོལ་གྱི་བསྒྲགས་ཡིག་སྤེལ་ཡོད། སྤྱིར་བཏང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་མེད་ནའང་སེམས་ཁུར་བྱེད་བཞིན་པ་མཚོན་ཐུབ་པ་རེད།
ཊོ་ནུ་ཞིའི་དཔའ་བོའི་སྲང་ལམ་གྱི་འཐབ་རྩོད་སློང་བ། གླེང་འོས་བ་ཞིག་ནི་ཊོ་ནུ་ཞི་ཡའི་རང་ལོ་༢༦ཅན་གྱི་སློབ་གྲ་ཆེན་མོ་བ་པོ་ཨ་ཅེ་ཟུ་ཡིས་སྲིད་གཞུང་གི་ཁང་བརྩེགས་ནང་ནས་ས་སྣུམ་སྒྲོན་ཏེ་རང་ལུས་མེར་བསྲེགས་པ་དང་། ཐོག་མར་རྒྱལ་ཁབ་རང་གི་མི་མང་ཁོང་ཁྲོ་ལངས་ཏེ་སྲང་ལམ་གྱི་འཐབ་རྩོད་བྱུང་། རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་བྱུང་བ་རེད། ཨ་རབ་རྒྱལ་ཁབ་ཀྱི་མི་མང་གསར་བརྗེ་དེར་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐོག་མར་དོ་སྣང་དེ་འདྲ་བྱས་མེད་དེ། ཊོ་ནུ་ཞི་ཡ་སོགས་ཨ་རབ་རྒྱལ་ཁབ་ཁག་གི་སྲིད་དབང་སྒེར་སྡེམ་པ་ཚོ་ནི་སྔོན་མ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་སི་ལམ་མཁྲེགས་འཛིན་སྟོབས་ཤུགས་བཀག་འགོག་བྱེད་པར་མཉམ་འབྲེལ་གནང་བའི་གྲོགས་པོ་ཡིན་པ་རེད། ཡིན་ནའང་ཊོ་ནུ་ཞི་ཡ་དང་ཨེ་ཇེབ་མི་མང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གདམ་གསེས་གནང་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁོང་ཚོའི་མང་གཙོ་དང་རང་དབང་གི་བསམ་བློ་ལ་བརྟེན་ནས་རྒྱབ་སྐྱོར་གནང་བ་རེད།
དེ་ན། ཅིའི་ཕྱིར་བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་ནའང་བོད་ནང་སྲང་ལམ་གྱི་འཐབ་རྩོད་ལས་འགུལ་སློང་ཐུབ་མེད་དམ། ཨ་ལོན་ཐུ་ཡིས་བརྩམས་པའི་༼སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་འབྱུང་ཁུངས༽ཞེས་བར། སྒེར་གཅོད་རིང་ལུགས་ཀྱི་དྲག་པོའི་དབང་སྒྱུར་གྱིས་དཔའ་བོ་Martyrནི་ཆགས་མི་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད། ང་ཚོས་བསམ་པར། ཊོ་ནི་ཞི་ཡའི་ཚོང་བ་ཆུང་ངུ་ནི་ལ་རྒྱ་ལྡན་པའི་དཔའ་པོ་ཞིག་རེད་ལ། རང་ལུས་མེར་བསྲེགས་པའི་བོད་མི་བཅུ་གྲངས་དེ་ཚོ་ཡང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལྡན་པའི་དཔའ་བོ་རེད། ཡིན་ནའང་རྒྱལ་ཁབ་ཀྱི་ཚད་གཞི་མི་འདྲ་བའི་རྐྱེན་གྱིས་དཔའ་བོ་ཡིས་རང་ལུས་མེར་བསྲེགས་ཀྱི་མཇུག་འབྲས་ཀྱང་དེ་ལྟར་གཅིག་མཚུངས་མིན་པ་རེད། དེའི་རྒྱུ་རྐྱེན་ནི་ཊོ་ནི་ཞི་ཡའི་སྲིད་གཞུང་གིས་མ་མཐར་ཕྱིའི་རྣམ་པའི་སྟེང་ནས་ཁ་གཏད་ཚོགས་པ་གནས་ཆོག་པར་བྱས་ཡོད་ལ། སློབ་གསོ་དང་དྲ་རྒྱ་ཡོངས་ཁྱབ་ཡིན་པས་ཚོང་བ་ཆུང་ངུའི་རང་ལུས་མེར་བསྲེགས་ཀྱི་བརྙན་པར་དྲ་རྒྱའི་སྟེང་ནས་མགྱོགས་མྱུར་ངང་ཁྱབ་བརྡལ་ཕྱིན་ཏེ་སྤྱི་ཚོགས་གཡོ་འགུལ་རྒྱ་ཆེ་ཐེབས་ཡོད། བོད་མིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་རྒྱ་ནག་ནང་ཁུལ་ནས་དམ་དྲག་ནན་མོ་བྱས་པ་དང་། དོན་རྐྱེན་བྱུང་རྗེས་གོ་མེད་ཚོར་མེད་བཟོས་བ་རེད། དེར་བརྟེན། དཔའ་རྒོད་ཚོས་གཟི་བརྗིད་ལྡན་པའི་ལས་དོན་ལ་ནང་ཁུལ་ནས་གླེང་སློང་རྒྱབ་སྐྱོར་རག་ཐུབ་མེད་པ་རེད།
གཞན་ཡང་རྒྱ་མི་ཚོས་དོན་དངོས་ཤེས་རྟོགས་ཐུབ་ཡོད་ནའང་ཁོ་ཚོའི་ལྟ་སྟངས་ནི་སྣ་ཚོགས་ཤིག་རེད། སྤྱིར་ན། ཚང་མ་སྲིད་དབང་སྒེར་གཅོད་ཀྱིས་གཉའ་གནོན་བྱེད་བཞིན་པ་གཅིག་མཚུངས་ཡིན་ནའང་། རྒྱ་མི་ཁ་ཤས་ཀྱིས་གཅིག་གྱུར་ཆེན་པོ་ཟེར་བའི་རྒྱལ་ཁབ་རིང་ལུགས་དང་ཡང་ན་མི་རིགས་རིང་ལུགས་ཀྱི་ལངས་ཕྱོགས་བཟུང་སྟེ་རྒྱ་མི་རིགས་སྒེར་གྱི་རང་འདོད་ཁེ་ཕན་ཁོི་ན་བཟུང་ནས་བོད་ཀྱི་གནད་དོན་ལ་ལྟ་བ་རེད། དེར་བརྟེན། ཁོང་ཚོས་རང་ལུས་མེར་བསྲེགས་པའི་བོད་མི་ཚོར་རྒྱབ་སྐྱོར་གྱི་བདེན་ཚིག་སྨྲ་བའི་རེ་བ་འཛིན་དཀའ། ཝེ་ཐི་ནམ་བཙུན་པའི་འཐབ་རྩོད་ཀྱི་ཁ་གཏད་པ་དང་བོད་མིས་འཐབ་རྩོད་ཀྱི་ཁ་གཏད་པ་གཉིས་གཅིག་པ་མིན།
ཊོ་ནི་ཞི་ཡའི་ཚོང་བ་ཆུང་ངུ་ཡིས་རང་ལུས་མེར་བསྲེགས་པའི་དོན་རྐྱེན་དེ་ཡིས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་བཟོས་ཏེ་སྒེར་གཅོད་སྲིད་དབང་ཞིག་འགྱེལ་ཏུ་བཅུག་སོང་། འཛམ་གླིང་ལོ་རྒྱུས་སྟེང་དེ་དང་ཆ་འདྲ་བའི་དཔེ་མཚོན་ཞིག་ཡོད་དེ། ༡༩༦༣ལོའི་ཟླ་༦པའི་༡༡ཉིན། རང་ལོ་༦༦ཡིན་པའི་ཝེ་ཐི་ནམ་གྱི་བཙུན་པ་ཧྲི་ཀོང་ངྷི་ཡིས་ཝུའུ་ཐེན་ཡན་སྲིད་གཞུང་གིས་ནང་བའི་དགེ་འདུན་པ་ཚོར་མནར་གཅོད་གཏོང་བཞིན་པ་ངོ་རྒོལ་ཆེད། ཞིས་ཀོན་སྲང་ལམ་བཞི་མདོ་རུ་རང་ལུས་མེར་བསྲེགས་བཏང་བ་དང་། ཨ་རིའི་གསར་འགོད་པ་ཞིག་གིས་པར་བརྒྱབ་ཏེ་ཕྱི་ཉིན་གྱི་ཚགས་པར་སྟེང་བཀོད་པས་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཐེངས་འདིས་རང་ལུས་མེ་བསྲེགས་དོན་རྐྱེན་ནི་ནང་བསྟན་ཉེན་ཁའི་འགྱུར་མཚམས་ཤིག་ཡིན་པར་ངོས་འཛིན་མཁན་ཡོད་ལ་དེ་ལ་བརྟེན་ནས་ཝེ་ཐི་ནམ་གྱི་ཝུའུ་ཐིན་ཡན་སྲིད་གཞུང་མཇུག་འགྲིལ།
སྨྱུག་འཛིན་པའི་བསམ་པར་ཝེ་ཐི་ནམ་དགེ་འདུན་པ་འདིའི་འཐབ་རྩོད་ཀྱི་ཁ་གཏད་པ་དང་། སྐབས་དེའི་རྒྱལ་སྤྱིའི་གནས་སྟངས་ནི་མིག་སྔར་གྱི་བོད་མི་ཚོར་འཕྲད་བཞིན་པ་དང་གཅིག་མཚུངས་མིན་པས་གྲུབ་འབྲས་ཀྱང་གཅིག་མཚུངས་མིན་པ་རེད།
དང་པོ། འཐབ་རྩོད་ཀྱི་ཁ་གཏད་པ་མི་གཅིག བཙུན་པ་ཧྲིན་ཀོང་ངྷི་ཡིས་ཁ་གཏད་པ་ཝུའུ་ཐེན་ཡན་སྲིད་འཛིན་ནི་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་མཁན་ཡིན་ལ། གནམ་བདག་ཆོས་ལུགས་ལྟར་ན་མིའི་ཚེ་སྲོག་ནི་གནམ་བདག་གིས་བསྐྲུན་པ་དང་གསོལ་རས་གནང་བ་ཡིན་པས་རང་སྲོག་གཅོད་པར་ངོ་རྒོལ་བྱེད། དེར་བརྟེན། བཙུན་པ་ཧྲིན་ཀོང་ངྷི་ཡིས་རང་ལུས་མེ་བསྲེགས་བཏང་བར་གནམ་བདག་ཆོས་ལུགས་པ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་སྐབས་དེའི་སྲིད་གཞུང་གིས་ནང་པའི་དགེ་འདུན་པ་ཚོར་མནར་གཅོད་གཏོང་བའི་སྲིད་ཇུས་ཕྱིར་བསྡུ་མི་བྱེད་ཀ་མེད་ཆགས།
ཡིན་ནའང་རྒྱ་ནག་དམར་ཤོག་སྲིད་དབང་གིས་གུང་ཁྲན་ཏང་གི་མི་ནི་རྒྱུ་ཆ་ཁྱད་པར་ཅན་གྱིས་བཟོས་བ་ཡིན་ཚུལ་བརྗོད་ཀྱི་ཡོད་ལ། དམར་ཤོག་གི་གདུག་རྩུབ་ཆེ་བའི་འཐབ་རྩོད་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ། རྒྱུ་ཆ་ཁྱད་པར་ཅན་གྱིས་བཟོས་བའི་མི་ལ་མི་གཤིས་མེད་ལ། མི་ཡིན་པའི་རྩ་བའི་བསམ་ཤེས་བརླག་ཡོད་པ་རེད། ༡༩༨༩ ལོར་ཁྱད་པར་ཅན་གྱི་རྒྱུ་ཆའི་བཟོས་བའི་སྲིད་དབང་འདི་ཡིས་ལྕགས་ཁྲབ་འཁོར་ལོ་བེད་སྤྱད་དེ་རྒྱ་ནག་གི་སློབ་གྲ་ཆེན་མོ་བ་རང་གི་མི་རིགས་ཀྱི་བྱིས་པ་ལ་དྲག་གནོན་བྱས་པར་ད་ལྟའི་བར་འགྱོད་བཤགས་བྱེད་ཀྱི་མེད་པས། གདུག་རྩུབ་སྙིང་རྗེ་བྲལ་བ་ཁོ་ཚོས་བོད་མིའི་རང་ལུས་མེར་བསྲེགས་བཏང་བར་སྙིང་རྗེ་ཅི་ལྟར་སྐྱེས་སྲིད་དམ།
གཉིས་པ། རྒྱལ་སྤྱིའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་མི་གཅིག་པ་རེད། ཝེ་ཐི་ནམ་གྱི་ཝུའུ་ཐིན་ཡན་སྲིད་གཞུང་ནི་ལོ་རབས་ལྔ་བཅུའི་ནང་ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ནས་བཙུགས་པ་དང་། ཆོས་ལུགས་ལ་མཐོང་ཆུང་གི་སྲིད་ཇུས་ལག་བསྟར་སྐབས་ཨ་རིའི་གནོན་ཤུགས་ལ་གདོང་ཕྱོགས་དགོས་བ་མ་ཟད། ཝེ་ཐི་ནམ་བྱང་ཕྱོགས་ཀྱི་ཧུའུ་ཊི་མན་དམར་ཤོག་སྲིད་དབང་གིས་འཇིགས་སྐུལ་ལའང་གདོང་ཕྱོགས་དགོས་བ་རེད།
དེང་གི་རྒྱ་ནག་དམར་ཤོག་སྲིད་དབང་འདི་ལ་ཁྲག་གི་བུ་ལོན་འཇལ་དགོས་བ་མང་པོ་ཡོད་ནའང་རྒྱ་ནག་གི་གོང་ཚད་དམའ་བའི་ས་ཆ་དང་ངལ་རྩོལ་ནུས་ཤུགས་ཀྱི་ཆེད་དུ་ནུབ་ཕྱོགས་ཀྱི་མ་རྩ་ཅན་མང་པོའི་རྒྱ་ནག་ལ་མ་རྐང་བཙུགས་ཏེ་ཁེ་ཕན་རག་གི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མ་རྩས་རྒྱ་ནག་དམར་ཤོག་སྲིད་དབང་འདི་གསོས་ཏེ་ཆེ་རུ་བསྐྱེད་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྲིད་དབང་འདི་སྔར་ལས་སྟོབས་ཤུགས་ཅན་ཏུ་གྱུར་བ་རེད། ནུབ་ཕྱོགས་མང་གཙོ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་ཉེན་ཁ་བྱུང་རྗེས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་ཡོད་ལ། གནས་སྟངས་དེ་ལྟ་བུའི་འོག་ཡུ་རོབ་དང་ཨ་རི་མང་གཙོ་རྒྱལ་ཁབ་ཁག་གིས་བོད་ལ་གདུང་སེམས་དང་། ནུབ་ཕྱོགས་གསར་ལམ་ཁག་གིས་དྲང་བདེན་སྐྱོང་བའི་རྩ་དོན་གཞིར་བཟུང་མུ་མཐུད་བོད་ཆེད་དུ་འབོད་སྐུལ་གནང་གི་ཡོད་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་གིས་ཐོག་མར་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་བ་རེད།
གསུམ་པ། ཝེ་ཐི་ནམ་བཙུན་པའི་དགོས་འདུན་ནི་སྣ་གཅིག་དང་གསལ་བོ་ཡིན་ལ། ཁོང་ཚོས་ཝུའུ་ཐིན་ཡན་སྲིད་གཞུང་གིས་ནང་པ་ཚོར་མཐོང་ཆུང་ཁྱད་གསོད་དང་དྲག་གནོད་མི་བྱེད་པའི་དགོས་འདུན་གཅིག་པུ་བཏོན་པ་རེད། བོད་མི་མེར་བསྲེགས་མཁན་ཚོས་༼བོད་ལ་རང་དབང་དགོས།༽ དང་༼བོད་རང་བཙན།༽གྱི་སྐད་འབོད་སྒྲོགས་པ་དེ་ནི་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་མངོན་གྱུར་དཀའ་བའི་དམིགས་ཡུལ་ཞིག་རེད། རྒྱ་མི་དུང་ཕྱུར་༡༣ལ་ སོ་སོའི་རང་དབང་ད་དུང་རྩོད་ལེན་བྱེད་ཐུབ་མེད་པས་བོད་ལ་ཇི་ལྟར་འཐོབ་བམ། ནུབ་ཕྱོགས་ཀྱི་དམངས་ཁྲོད་སྒྲིག་འཛུགས་དང་མི་སྣ་ཉུང་ཤས་ཀྱིས་༼བོད་རང་བཙན༽ལ་མོས་མཐུན་ཡོད་ནའང་། མིག་སྔར་ནུབ་ཕྱོགས་ཀྱི་སྲིད་གཞུང་གཅིག་གིས་ཀྱང་ཡོངས་བསྒྲགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཕོད་ཀྱི་མེད་པ་རེད།
གྷན་དི་ཡི་དགོངས་ཚུལ་དང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ།
ལོ་ངོ་མང་པོའི་རིང་དུ། མི་རྣམས་ཀྱིས་གྷན་དི་ཡི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་བསམ་བློ་ཡིས་འཛམ་གླིང་ཞི་བདེ་བསྒྱུར་བའི་ལས་འགུལ་ལ་ལམ་ཁ་ཞིག་བཏོད་པར་བསྔགས་བརྗོད་གནང་གི་ཡོད།
ཡིན་ནའང་། གྷན་དི་ཡི་འཐབ་རྩོད་ཀྱི་ཁ་གཏད་པ་ནི་མང་གཙོ་གླེང་མཁན་དང་ཡེ་ཤུ་ཆོས་ལ་དད་མོས་ཡོད་པའི་དབྱིན་ཇིའི་རྒྱལ་ཁབ་ཡིན། དབྱིན་ཇིའི་མི་ཡིས་དབང་སྒྱུར་གྱི་མ་རྩ་ལ་རྩིས་རྒྱག་པ་དང་། མི་སེར་དབང་སྒྱུར་བའི་མ་རྩ་ཆེ་དྲགས་པ་དང་། དེའི་སྟེང་གྷན་དི་ཡིས་འཐབ་རྩོད་དེ་འཚེ་མེད་ཞི་བ་ཡིན་ནའང་ཧ་ཅང་ཞི་འཇམ་མིན་པ་རེད། དེར་བརྟེན་དབྱིན་ཇི་ཡིས་མི་སེར་དབང་སྒྱུར་དེ་མཇུག་སྒྲིལ་བ་རེད། དེ་དང་ཆ་མཚུངས་པ་གྷན་དི་ཡི་བསམ་བློ་རྗེས་འབྲངས་པ་མར་ཊན་ལི་ཐར་ཁན་གྱིས་འཐབ་རྩོད་ཁ་གཏད་པ་ཨ་རིའི་མི་རིགས་དཀར་པོའི་སྲིད་གཞུང་དེ་ལའང་རྒྱལ་ཁབ་མང་གཙོའི་སྲིད་ཀྱིས་སྐྱོང་བའི་བསམ་བློ་ཡོད་ལ། མི་རིགས་ནག་པོ་བཅིངས་འགྲོལ་བཏང་པའི་སྲོལ་རྒྱུན་ཡོད།
ཡིན་ནའང་། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་མང་གཙོས་སྲིད་སྐྱོང་བའི་བསམ་བློ་མེད་ལ་ཆོས་ལུགས་དད་མོས་དེ་བས་ཀྱང་མེད། ཁོང་ཚོས་བོད་ཡུལ་དབང་སྒྱུར་བའི་མ་རྩ་ལའང་བསམ་བློ་གཏོང་གི་མེད། སྔོན་ཆད་རྒྱ་ནག་དམར་ཤོག་གིས་ཆབ་སྲིད་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བོད་ལ་༼རོགས་སྐྱོར་༽བྱས་ཡོད། ད་ལྟ་ཁོང་ཚོས་བོད་ཀྱི་གཏེར་ཁ་སོགས་རང་བྱུང་ཐོན་ཁུངས་སྔོག་འདོན་ཚད་མེད་བྱེད་ཀྱི་ཡོད་པས་ཕར་མ་དངུལ་བཏང་བར་ཁེ་ཕན་ཆེན་པོ་ཕྱིར་རག་ཡོད། དེར་བརྟེན། མིག་སྔར་ཕྱོགས་གང་ནས་བལྟས་ནའང་རྒྱ་ནག་དམར་ཤོག་གིས་ལས་སླ་བོའི་སྒོ་ནས་བོད་ལ་རང་དབང་མི་སྤྲོད་ལ། གྷན་དི་ཡིས་འཚེ་མེད་ཞི་བའི་འཐབ་རྩོད་གཞུང་ལུགས་དེ་རྒྱ་ནག་ནང་ད་རུང་འབྲས་བུ་མངོན་གསལ་ཐོན་མེད་པ་རེད།
དེས་ན། རང་དབང་འདོད་པའི་བོད་མི་ཚོའི་ཇི་ལྟར་བྱའམ། འོད་ཟེར་གྱི་པོད་ཁུག་སྟེང་བོད་མི་ཞིག་གིས་མཆན་བཞག་ཡོད་པ་ལྟར་ཞི་བའི་རྔམ་སྟོན་ལ་གདུག་རྩུབ་ཀྱིས་དྲག་གནོན་བྱས། ཟས་བཅད་ངོ་རྒོལ་གནང་བར་གདུག་རྩུབ་ཀྱིས་དྲག་གནོན་བྱས། འཇིགས་སྐུལ་གཏོར་རྒོལ་ནི་ང་ཚོའི་རིན་ཐང་དང་མི་འཚམ། ཁྲིམས་ལུགས་ལ་བརྟེན་ནས་ཐོབ་ཐང་རྩོད་རྒྱུ་ནི་རྒྱའི་ས་ཁུལ་ནས་བྱེད་ཆོག་གི་མེད་པས་བོད་ཁུལ་ནས་ག་ལ་ཆོག སྔོན་ཆད་ཇིའུ་མི་རིགས་ལའང་བོད་མི་ཚོ་ལ་འཕྲད་པའི་འུ་ཐུག་གི་གནས་སྟངས་དེ་འདྲ་བྱུང་ཡོད་ལ། ༡༩༣༨ ལོ་མི་ཞིག་གིས་གྷན་དི་ལ་འཇར་མན་ཇིའུ་མི་ཚོའི་ག་རེ་བྱེད་དགོས་སམ་ཞེས་དྲི་བ་བཏོན་པར། གྷན་དི་ཡིས་དགོངས་ཚུལ་དེ་ནི་ཧ་ལས་བ་ཞིག་ཡིན་སྟེ། ཁོང་གིས་འཇར་མན་ཇིའུ་མི་རྣམས་སྡེབ་གཅིག་ཏུ་རང་སྲོག་གཅོད་དགོས་བ་རེད། དེ་ལྟར་གནང་ཚེ་འཛམ་གླིང་ཡོངས་དང་འཇར་མན་མི་དམངས་ཀྱིས་ཧེ་ཊི་ལར་གྱི་གདུག་རྩུབ་བྱ་སྤྱོད་ལ་དོ་སྣང་ཡོང་བར་འབོད་སྐུལ་ཐུབ་ངེས་རེད་ཅེས་བརྗོད། འཁྲུག་ཆེན་རྗེས་སུ་གྷན་དི་ཡིས་འགྲེལ་བརྗོད་གནང་དོན། ཅི་ལྟར་བྱེད་རུང་ཇེའུ་མི་ཚང་མ་གསོད་རྒྱུ་རེད། དེ་ན་གཟི་བརྗིད་ལྡན་པའི་ངང་འཆི་ན་ཅིས་མི་ཆོག་ཅེས་བརྗོད།
གང་ལྟར་སྐབས་དེར་ཇུའུ་མི་ཁ་ཤས་ཤིག་གིས་རང་སྲོག་བཅད་ནའང་ནྰ་ཛུ་ཡི་སྙིང་རྗེ་དང་བྱང་སེམས་སྐྱེས་མི་སྲིད། ཐ་མ་དེར་ཇིའུ་མི་སྐྱོབ་མཁན་ནི་མཉམ་འབྲེལ་དམག་དཔུང་གི་མེ་སྒྱོགས་རེད།
ཨ་རིའི་སློབ་དཔོན་ཅེ་ཨུན་ཞ་ཕུའུ་ཡིས་བརྩམས་པའི་༼འཚེ་མེད་ཞི་བའི་ལས་འགུལ་ཆབ་སྲིད་རིག་པ༽ཞེས་བའི་ནང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་༡༩༨ ཕྱོགས་སྡོམ་བྱས་ཡོད་ལ། དེའི་ནང་རང་ལུས་མེར་བསྲེགས་ཚུད་མེད་པ་རེད། རང་ལུས་མེར་བསྲེག་ནི་རང་སྟེང་ལ་བརྩམས་པའི་དྲག་ལས་ཤིག་ཡིན་པ་མ་ཟད། དེ་ནི་ཕྱིར་ཡོང་མེད་པའི་ལམ་བུ་ཞིག་ཀྱང་ཡིན་སྟེ། མི་འཆི་རྗེས་བསྐྱར་ལོག་མི་ཐུབ་པ་རེད། མར་ཊན་ལི་ཐུར་ཁན་གྱིས་སྔོན་མ་མི་རིགས་ནག་པོ་ཚོ་ལ་༼བཙོན་ཁང་ཁ་བཀང་བར་བྱེད་དགོས༽་ཅེས་འབོད་སྐུལ་གནང་ཡོད། བཙོན་ལ་ཚུད་མཁན་རྣམས་གློད་གྲོལ་ཐུབ་པ་དང་། ཟས་བཅད་ངོ་རྒོལ་བ་ཚོའི་ཟ་མ་ཟ་ཆོག ཡིན་ནའང་རང་ལུས་མེར་བསྲེག་མཁན་ལ་གཏན་ནས་གོ་སྐབས་མེད་པ་རེད།
གལ་སྲིད་བོད་མིས་རང་ལུས་མེར་བསྲེག་གཏོང་རྒྱུ་མཚམས་བཞག་ཚེ། ཁོང་ཚོས་རང་གི་མི་རིགས་སྐྱོབ་པར་ལས་དོན་ག་རེ་བསྒྲུབ་ཐུབ་པ་ཡོད་དམ། ངས་བསམ་པར་ཁོང་ཚོའི་བསྒྲུབ་ཐུབ་པའི་ལས་ཀ་ཤིན་ཏུ་མང་། དཔེར་ན་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོང་། ལན་བརྒྱར་གཡོ་མེད་ཀྱིས་སྤྱི་མང་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་དགོས་བ། བོད་ཀྱི་ས་ཁམས་དང་རིག་གནས་ཁོར་ཡུག་སྲུང་སྐྱོབ། བོད་མིའི་ཐོབ་ཐང་སྲུང་སྐྱོབ། གྲོང་སྡེ་རང་སྐྱོང་ལ་སྐུལ་འདེད། གཞི་རིམ་འོས་འདེམས་ཀྱི་བྱེད་སྒོ་སྤེལ་བ་སོགས་ཡོད་ལ། དེ་དང་ལྷན་ཁོང་ཚོས་མུ་མཐུད་ལག་བསྟར་ཐུབ་པའི་འཐབ་རྩོད་ཀྱི་རྣམ་པ་གཞན་དག་སྤེལ་ཆོག་ལ། རང་དབང་དང་མང་གཙོ་བརྩོན་ལེན་མཁན་གྱི་རྒྱ་རིགས་དང་ལྷན་དུ་འཐབ་རྩོད་བྱ་ཆོག མདོར་ན། བོད་མི་ཡོངས་རྫོགས་སྙིང་སྟོབས་ལྡན་པའི་སྒོ་ནས་གསོན་པོར་གནས་ཚེ་བོད་ལ་གཞི་ནས་རེ་བ་ཡོད་པ་རེད།
མ་རྩོམ་སྤྲེལ་ཐག http://www.epochtimes.com/b5/12/5/2/n3579063.htm
རྒྱ་མོ་འདིས་ཀྱང་བོད་ནང་གི་གནས་སྟངས་རྒྱུས་མངའ་མི་འདུག བོད་ནང་ལ་བོད་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ། བོད་མིའི་ཐོབ་ཐང་སྲུང་སྐྱོབ། གྲོང་སྡེ་རང་སྐྱོང་ལ་སྐུལ་འདེད། གཞི་རིམ་འོས་འདེམས་ཀྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་དབང་ཆ་མེད་པ་བོད་ནས་འཚར་ལོང་བྱུང་བ་ཞིག་ཡིན་ན་ཤེས་གསལ་རེད། འདི་འདྲའི་ཐོབ་ཐང་རེ་ཡོད་ན་ཡང་བོད་མི་ཚོ་རང་ལུས་མེར་བསྲེགས་བཏང་བའི་འུ་ཐུག་ཐབས་ཟད་ཀྱི་ལས་འདི་འདྲ་ལ་འཇུགས་མི་སྲིད། དེས་ན་རྩོམ་པ་པོ་སུ་ཡིན་ཡང་དང་པོ་རྒྱུས་ལོན་ཡག་པོ་རེ་བྱེད་རྒྱུ་གལ་ཆེ།
བོད་ཁ་བ་ཅན་པའི་མི་རིགས་ཐམས་ཅད་ཀྱི་དུཿཁ་ལ་ཟད་མེད་དུ་ཉམས་སུ་མྱོང་བ་ཡང་མངོན་གསལ་དང་དྲང་གཏམ་རེད། ཐབས་རྡུགས་ཡོད་པའང་དྲང་གཏམ་རེད། ཡིན་ནའང་སྐབས་དེའི་དྲི་བ། ཅིའི་ཕྱིར་ཊོ་ནི་ཞི་ཡའི་ཚོང་བ་ཆུང་ངུ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ལ་འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པ་དང༌། མིག་སྔར་བོད་ནང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་རླབས་འདི་ལ་འཛམ་གླིང་གིས་སྣང་མེད་གཏོང་བཞིན་པ་རེད། ཅེས་འབྱུང་འདུག་པ་དེ་ལ་བསམ་བློ་ཡུན་རིང་པོར་འཁོར་དགོས་པ་ཞིག་འདུག གཅིག་རྗེས་སུ་གཉིས་མུ་མཐུད་དེ་འདྲ་འབྱུང་དུས་རྒྱལ་སྤྱི་ལའང་མྱོང་ཚོར་གང་ཡང་མེད་པ་འདྲ་འཆར་མི་འགྲོ། ཡང་ན་དེ་ཚོ་ང་ཚོ་བོད་པའི་ལུགས་སྲོལ་འདྲ་མཐོང་མི་འགྲོ། དེ་ཡིན་དུས་སྤྱིར་དལ་འབྱོར་གྱི་མི་ལུས་གསེར་བས་ཀྱང་དཀོན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞལ་ས་ཡང་ནས་ཡང་དུ་གསུངས་པ་ང་ཚོ་བོད་རིགས་ཐམས་ཅད་ཀྱི་མཁྱེན་གསལ་ལྟར་རེད། ཡིན་ནའང་དེ་ལ་ཕང་མེད་དུ་བོད་ཀྱི་རྒྱལ་སྤྱིའི་ཆེད་རང་ལུས་མེར་འབུལ་བ་ཡང་ཡག་པོ་ཡིན་གྱི་རེད། བོད་ཀྱི་རྒྱལ་སྤྱིའི་ཆེད་དེ་ལས་གསོན་པོར་འདུག་ན་གལ་ཆེན་པོ་ཡིན་བསམ་གྱི། དེ་ལས་ང་ཚོ་ཚང་མས་དེ་འདྲའི་འདས་པའི་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་སྨོན་གང་ཟབ་དང་མ་འོངས་པའི་དཔའ་བོ་དཔའ་མོ་རྣམས་ལ་རང་ལུས་མེར་བསྲེགས་རྒྱུ་མིན་པར་རྒྱལ་སྤྱིའི་ཆེད་དུ་བཞུགས་རོགས་གནང་ཞེས་ངས་སྙིང་ཐག་པ་ནས་ཞུ་བ་འབུལ་གྱི་ཡོད།
གཅིག་ནི་དུས་ཀྱི་འགྱུར་བ།།
གཉིས་པ་དཔལ་འབྱོར་དབང་ཤུགས།།
གསུམ་པ་དྲང་བདེན་གྱི་རིན་ཐང་ཇེ་ཆུང་དང་མ་རབ་ཡན་ཅན་རྣམས་རླུང་རྟ་
ཡར་ལ་འགྲོ་བའི་སྙིགས་མ་ལྔ་བདོའི་དུས་མཐར་སླེབས་པའི་རང་རྟགས་མངོན་སུམ་དུ་གྱུར་པས་ཡིན་སྙམ་མོ།།
སྒྱུར་བ་པོ་ས་དཀར་བཀྲ་ཤིས་ལགས་ཀྱིས་བྱུང་ན་རྩོམ་པ་པོ་མོ་ལིར་དོགས་འདྲི་ཞིག་གནང་རོཊ། བོད་ནང་ན་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་དུས། སྲུང་སྐྱོབ་བྱེད་ས་ཞིག་གང་ན་ཡོད།