རྩོམ། ཁྲན་ཕོ་ཁུང་།
སྒྱུར། ནགས་ཤོད་སད་མི།
ལོ་གསར་པ་ཚེས་ཁ་འདིར། རྔ་པ་ས་ཁུལ་ཀརྟི་དགོན་པའི་ཉེ་འདབས་ནས་བོད་མི ༣ གྱིས་སླར་ཡང་རང་ལུས་མེར་བསྲེགས་བྱུང་། ཁོང་ཚོ་ནི་དགེ་འདུན་པ་དང་། གྲྭ་ཟུར་བ། དེ་བཞིན་མི་དམངས་དཀྱུས་མ་བཅས་རེད།
ད་ལྟའི་ཆར། ལོ་གཅིག་མ་ཟིན་ཙམ་གྱི་ནང་དུ། བོད་མི་རང་ལུས་མེར་སྲེག་རྒྱག་མཁན་གྱི་ཁ་གྲངས་ ༡༥ ཟིན་ཚར། ན་ནིང་ཟླ་བ ༣ པའི་ཚེས ༡༢ ནས་བརྩིས་པའི་དུས་ཚོད་དེའི་ནང་མི ༡༢ ཀྱིས་རང་ལུས་མེར་བསྲེགས་པ་རེད། གལ་ཏེ། ༢༠༠༩ ལོའི་རང་ལུས་མེར་བསྲེགས་མཁན་དེ་བསྡོམས་ན། ཉེ་བའི་ལོ་འདི་ཚོ་ནང་བོད་མི ༡༦ གིས་རང་གི་སྐུ་ལུས་མེར་བསྲེགས་པ་རེད། འདིའི་ནང་ནས། བོད་མི ༩ གྲོངས་པ་རེེད།
འདི་ལྟ་བུའི་གྲངས་འབོར་མང་བའི་རང་སྲེག་དོན་རྐྱེན་འདི། མི་འབོར་ཁྲི་བརྒྱ་སྐོར་ལས་མེད་པའི་བོད་མིའི་ཁྲོད་ལྷག་པ་དེ་ནི་མི་རྣམས་ཧང་སང་དགོས་པ་ཞིག་རེད་ལ། འདིས་ཡར་ལངས་ཞིང་བྲན་བཅིངས་འགྲོལ་ཐོབ་ཟེར་བའི་སྐད་ཆ་ཐད་ཀར་བརྟོལ་ནས། བོད་ཁུལ་གྱི་ཡ་ང་བའི་དངོས་ཡོད་གནས་སྟངས་ཕྱིར་སྟོན་བྱས་པ་རེད། རྒྱ་གུང་ཁྲན་གྱིས་མི་སྡུག་པའི་ཕྱོགས་འགེབས་སྲུང་བྱེད་པའི་ཆེད་དུ། དྲིལ་བསྒྲགས་འཕྲུལ་ཆས་ལྟ་བུས་ལམ་ལུགས་རྙིང་པ་དེ་ཁུར་ནས། ཏཱ་ལའི་བླ་མར་ཉེས་འཛུགས་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱིས་བསམ་བཞིན་ངན་སྐུལ་བྱས་ནས་བོད་ཀྱི་གྲྭ་བཙུན་མེར་རྒྱག་བཅུག་པ་རེད་ཟེར། དོན་ངོ་མར། དངོས་གནས་ངན་སྐུལ་བྱེད་མཁན་དང་ཆག་སྒོ་སློང་མཁན་དེ་ནི་རྒྱ་ནག་གུང་ཁྲན་རང་ཉིད་འབའ་ཞིག་རེད།
རང་སྲེག་གནས་ཚུལ་ལྷག་མང་ཤོས་ཀྱི་རྔ་པ་ཀིརྐི་དགོན་པར་ཆ་མཚོན་ན། བོད་ཀྱི་ལོ་རྒྱུས་ནང་དུ་གྲགས་ཆེ་བའི་དགོན་པ་ཞིག་རེད། ཕྱི་ལོ༡༩༥༨ ལོའི་སྔ་གཞུག་ཏུ་རྒྱ་གུང་ཁྲན་གྱི་གཏོར་བཅོམ་ཕོག དགེ་འདུན་པ་༡༥༠༠ ཙམ་བཙན་པོ་དབང་ཡོད་ཀྱིས་སྐྱ་ས་འབབ་ཏུ་བཅུག་པ་མ་ཟད། དགོན་པ་རྩ་གཏོར་བྱས་ཏེ་ས་སྟོང་བཟོས། ༡༩༨༠ ལོར་གཞི་ནས་བསྐྱར་བཞེངས་ཐོབ། ཉེ་བའི་ནང་། རྒྱ་གུང་ཁྲན་གྱིས་བོད་ཀྱི་དགོན་པ་དོ་དམ་ནན་མོ་བྱེད་པ་དང་། ཀིརྟི་དགོན་པ་བཏང་འཛིན་བྱེད་ཤུགས་ལྷག་པར་ཆེ་བ་སྟེ། དཔེ་ཆ་སློབ་མི་ཆོག་པ་དང་། སྨོན་ལམ་འཚོག་མི་ཆོག་པ། དཔེ་མཛོད་ཁང་གཉེར་མི་ཆོག་པ། གལ་ཏེ་བཀའ་བཞིན་མ་བསྒྲུབ་ན། དམག་གིས་མཐའ་བསྐོར་རྒྱུ་དང་། བཟའ་འཐུང་དང་གློག་སྒྲོན་གཅོད་རྒྱུ། ལས་དོན་རུ་ཁག་བཏང་ནས་དགེ་འདུན་པ་ཚོར ༼རྒྱལ་གཅེས་རིང་ལུགས་སློབ་གསོ་ ༽ཟེར་བའི་ལས་འགུལ་སྤེལ་རྒྱུ། དོན་དམ་དུ་བཙན་ཤུགས་ཀྱིས་ཀླད་པ་ཆུ་བཤལ་རྒྱག་ཆེད་རེད།
དུས་ཚོད་དེའི་ནང་དུ། ད་དུང་དགེ་འདུན་པ་རྒྱུན་མ་ཆད་པར་ནམ་ཕྱེད་ཙམ་ནས་བརླགས་སྟོར་ཐེབས་ལ། དེ་ནས་བཟུང་གར་སོང་ཆ་མེད་ལ་གྱུར་སོང་བ་རེད། རྒྱ་གུང་ཁྲན་གྱི་བཙན་ཤེད་ཀྱིས་དགེ་འདུན་པ་ཚོ་གོམ་པ་རེ་རེ་བཞིན་འ་ཆད་འུ་ཐུག་གི་མཐའ་ལ་བརྫངས་པས། རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་རྗེས་གཉིས་སྣོན་དུ་ལྷག་པ་རེད། འོ་ནའང་། ཀྲུང་ནན་ཧེེས་རང་སྐྱོན་རང་བརྟག་མེད་པ་མ་ཟད། ད་དུང ་༼བོད་མིས་རང་ལུས་མེར་བསྲེག་བྱས་པར་ཏཱ་ལའི་བླ་མས་གཟེངས་བསྟོད་དབུགས་དབྱུང་བྱས་སོང་། དེ་ནི་རྣམ་པ་འགྱུར་བའི་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་རེེད་༽ཟེར། དོན་ངོ་མར། རྒྱ་གུང་ཁྲན་རང་ཉིད་ཀྱི་བྱ་ལུགས་བྱེད་སྟངས་དེ་ནི་མིང་དོན་མཚུངས་པའི་རྒྱལ་ཁབ་ཀྱི་དྲག་ཤུགས་པ་དང་། ནོར་མེད་འཁྲུལ་མེད་ཀྱི་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་རེད།
རྒྱ་གུང་ཁྲན་གྱིས་གཡོ་བཤད་བྱས་དོན། རང་ལུས་མེར་སྲེག་ཀྱི་བྱེད་སྟངས་དེ་ནི་ནང་པའི་བྱམས་སྙིང་རྗེ་དང་སྲོག་གཅོད་བཅས་ཀྱི་རྩ་ལྟུང་འགལ་ཡོད་ཟེར། དྲག་སྤྱོད་ཀྱི་རྒྱ་གུང་ཁྲན་འདིས་ཀྱང་༼བྱམས་སྙིང་རྗེ་༽ གླེང་བྱུང་། འདི་ནི་མི་རྣམས་གད་མོ་འཆོར་བྱེད་ལས་གཞན་ཅི་གང་ཡོད་པ་མ་རེད། དེས་ན། འདི་ནས་ཚིག་ཐག་ཆོད་པོས་ཤོད་ཐུབ་པ་ནི། ཅི་སྟེ་འདི་ལས་མང་བའི་བོད་མིས་མུ་མཐུད་རང་ལུས་མེར་བསྲེགས་ཀྱང་སེམས་པ་ལྕགས་ལས་སྲ་ཞིང་རྡོ་ལས་མཁྲེགས་པའི་རྒྱ་གུང་ཁྲན་རུ་ཚོགས་འདི་གོ་མེད་ཚོར་མེད་ཡིན་ངེས། རྒྱ་གུང་ཁྲན་གྱི་གཡོན་ཐལ་མགོ་པ་ཆུང་ཆུང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལངས་ཕྱོགས་ལ་འགྱུར་བ་ཅི་གང་གཏོང་མི་སྲིད། ད་དུང་། ཏཱ་ལའི་བླ་མའི་སྟོང་བསམ་བསྐྱུར་དགོས་ལ། རྒྱུན་འཁྱོངས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་ཟེར།
སྟོང་བསམ་ག་རེ། འོ་ན་ཁྱོད་ཀྱིས་ཏཱ་ལའི་བླ་མས་རུལ་སུངས་སྲིད་དབང་ལ་མགོ་སྒུར་དགོས་པ་དང་། རྒྱ་གུང་ཁྲན་གྱི་མི་གསོད་ལོ་རྒྱུས་ལ་དག་འབུད་བྱེད་པ། བོད་དང་རྒྱ་མི་དམངས་གཉིས་ཀའི་དཀའ་ཁག་ཅི་མི་སྙམ་པར་སྐྱུར་འཇོག་བྱེད་རྒྱུར་སྟོང་བསམ་བཅངས་པ་ཡིན་ནམ། གལ་ཏེ་འདི་འདྲ་བའི་སྟོང་བསམ་བཅངས་ཡོད་ན། དེས་ན། ཀྲུའུ་ཝེ་ཆོན་སོགས་ཀྱི་མི་དེ་ཚོས་སྟོང་བསམ་འདིར་སྔ་མོ་ནས་མཚམས་འཇོག་རན། སྔ་མོ་སྔ་མོ་ཞིག་ནས་མཚམས་འཇོག་མཐར་ཕྱིན་པ་བྱེད་འོས། ཁྱོད་ཀྲུའུ་ཝེ་ཆོན་དང་དམར་ཤོག་པ་ཚོ་ངན་པ་ཨུ་ཚུགས་ཀྱིས་དམྱལ་བར་འགྲོ་བ་ལ། དེར་ཡང་མི་གཞན་སུས་ཕྱག་རོགས་བྱ་དགོས་པ་རེད་དམ། ཅི་འདྲའི་ཚུན་མིན་གྱི་ཀྲུའུ་ཝེ་ཆོན་ཞིག ཁོས་རིང་མིན་ཡོ་རོབ་ནང་ཧམ་བཤད་བྱས་དོན། ཏཱ་ལའི་བླ་མས་བོད་བརྒྱུད་ནང་བསྟན་འདི་རང་ཤི་རྒྱག་པ་དང་། རང་ལུས་མེར་བསྲེགས་པའི་ཆོས་ལུགས་ཤིག་ཏུ་བསྒྱུར་འདོད་པ་རེད་ཟེར། འདི་ལྟ་བུའི་མི་དཀར་ལ་ཞྭ་ནག་དང་རྟ་དཀར་སྲབ་ནག་བྱེད་པར་རྒོལ་རིན་མེད་པ་སྨོས་ཀྱང་ཅི་དགོས། མི་འདིའི་ཤེས་རྨོངས་དང་སྨྱོ་ཧམ་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡང་ཅིག་ཞབས་འདྲེན་དཔེ་མེད་ཞུས་སོང་།
སྤྱིར་བཏང་ནས་རྒྱ་མིའི་འཇིག་རྟེན་ནའང་། ཁྱིམ་པའི་སྡེ་རུ་བྱམས་པས་རང་ཉིད་ཡོངས་སུ་འདོར་བའི་དད་འདུན་ཡོད་ལ། སེར་མོ་བའི་སྡེ་རུ་སྐུ་ལུས་ཆོས་ཀྱི་སླད་དུ་བསྲེགས་པའི་དཔེ་མཚོན་ཡང་ཡོད། གལ་ཏེ་རྣམ་དཀར་གྱི་སྐུལ་སློང་དང་། བླ་ན་མེད་པའི་དད་སེམས་ཞིག་བསྒོམས་ཕྱིན། ཡོད་ཚད་དྲང་བདེན་གྱི་བྱ་སྤྱོད་དུ་ལོས་བརྩི། རིག་གསར་སྐབས་སུ། ཤིས་ཨན་ཧྥ་མེན་དགོན་པར་མའོ་ཙེ་ཏུང་གི་དམར་ཤོག་དམག་མིའི་གཏོར་བཅོམ་ཕོག དེའི་ཚེ་དགུང་ལོ་ ༧༡ ལ་སོན་པའི་ཆོས་དཔོན་ལན་ཆིང་དམར་དམག་གི་གདོང་ལ་བུད་ན་བཀའ་འགོག་བྱས་པས། དམར་སྲུང་དམག་གི་གཅར་རྡུང་མྱངས། དེས་རྐྱེན་པས་ལན་ཆིང་ཆོས་དཔོན་གྱིས་རང་ལུས་མེར་བསྲེགས་ནས་ངོ་རྒོལ་བྱས་པ་དང་། སྐུ་སྲོག་ལྷ་ཆོས་ཀྱི་སླད་དུ་ཕུལ། གནས་ཚུལ་དེས་དམར་སྲུང་དམག་མི་རྣམས་ཧང་སངས་པ་དང་སྐྲག་ནས་བྲོས་ཕྱིན། རྒྱུ་རྐྱེན་དེས་ཧྥ་མེན་དགོན་པ་སྔོག་གཏོར་བྱ་མ་ཐུབ་ལ། སངས་རྒྱས་ཀྱི་གདུང་ཐལ་ཇི་ཡོད་ཉར་ཚགས་ཐུབ་པ་རེད། ཕྱི་ལོ་༡༩༩༧ ལོར་ལན་ཆིང་ཆོས་དཔོན་སྐུ་ལུས་མེར་བསྲེགས་ནས་མི་ལོ་༣༠ སོང་བའི་དུས་དྲན་འཚོགས། ཧྥ་མེན་དགོན་པས་ཁོང་གིི་ཆེད་དུ་དྲན་གདུང་མཆོད་རྟེན་བཞེངས་པ་རེད།
མཆོད་རྟེན་འདི་བཞེངས་པ་དང་ལན་ཆིང་ཆོས་དཔོན་དྲན་གསོ་བྱེད་པར་མ་མཐའ་ཡང་རྒྱ་ནག་གུང་ཁྲན་གྱི་རྩ་བའི་ཁས་ལེན་ཡོད་ངེས་ན། ཅིའི་ཕྱིར་དུ། བོད་ཀྱི་གྲྭ་བཙུན་ཚོས་རང་སྲེག་བྱས་པར་ཁ་གང་པོར་ངན་པ་རྐྱང་རྐྱང་ཤོད་ཀྱི་ཡོད་པ་རེད། འདི་ནི་རྣམ་པ་ཇེ་གསལ་ལ་འགྲོ་བའི་ཕྱོགས་གཉིས་ཚད་ཤིང་ཞིག་རེད། གལ་ཏེ། སྲོག་གཅོད་པ་དང་། མི་གསོད་པ་སོགས་ཀྱི་ཐད་ནས་གླེང་དགོས་ན། དེ་ནི་གུང་ཁྲན་ཏང་རང་ཉིད་ཀྱིས་སྔར་ནས་རླབས་ཆེན་བྱས་རྗེས་ཤིག་ལ་བགྲང་གི་ཡོད་པ་རེད། མང་པོ་བཤད་ཅི་དགོས། གུང་ཁྲན་འདིའི་དབང་སྒྱུར་འོག་ཏུ། ཕྱི་ལོ་ ༡༩༦༢ ནས་༡༩༩༠ ལོའི་བར་དུ་རྒྱ་མི་ག་ཙམ་བསད་པ་དང་། བོད་མི་ཅི་ཙམ་བཀྲོངས་ཡོད་པ་རེད། རྒྱ་ནག་གིས་རང་སྲེག་བྱེད་པའི་ངོ་རྒོལ་བ་ཚོར་གདོང་ལེན་བྱེད་སྟངས་ནས་གླེང་ན། ཁོ་ཚོས་མི་སྲོག་སྐྱོབ་རྒྱུ་དེ་ཨང་དང་པོ་ལ་འཇོག་གི་མེད་པ་མ་ཟད། དེ་ལས་ལྡོག་ཏེ། མི་གསོད་རྒྱུ་ཨང་དང་པོར་འཇོག་གི་ཡོད། ཕྱི་ལོ ༢༠༠༩ ལོའི་ཟླ་བ ༢ པར། བཀྲ་བྷེ་ཟེར་བའི་བོད་མི་ལོ་གཞོན་ཞིག་གིས་ལམ་ཆེན་ནས་རང་སྲེག་ངོ་རྒོལ་བྱས། རྒྱ་གུང་ཁྲན་གྱིས་མེ་མདའ་ཁུབ་གསུམ་གཞུས་ནས་དེ་མུར་བཀྲོངས་པ་རེད།
ཕྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༣ པར། ཡང་ཕུན་ཚོགས་ཟེར་བའི་བོད་མི་ལོ་གཞོན་ཞིག་གིས་རང་སྲེག་ངོ་རྒོལ་བྱས་རྗེས། རྒྱ་གུང་ཁྲན་འདིས། ཡང་ཁོང་གི་ཨ་ཁུ་དང་། ཨ་ནེ་སོགས་མི་གསུམ་བཙོན་དོང་ནང་གཡུགས་པ་མ་ཟད། མི་སོ་སོར་ལོ་ ༡༣ དང་། ༡༡ — ༡༠ སོགས་ཉེས་པ་ལྕི་མོ་ཕབ། རྨོངས་དད་ངང་དམར་གསོད་བྱེད་པ་དང་། དྲག་སྣོན་བྱེད་ཀྱིན་པའི་གུང་ཁྲན་འདིས་བསམས་ན། མེ་མདའ་དང་ཁྲིམས་གཅོད་བྱས་པས་བོད་མི་ཚོ་ཞུམ་ནས་འགྲོ་གི་རེད་དྲན་ཡོད་ལ།
རང་སྲེག་ངོ་རྒོལ་ཡང་བཀག་འགོག་ཐུབ་ཀྱི་རེད་བསམས་མོད། བོད་མི་ཚོ་ཕྱི་ཕྱིར་དུ་གཅིག་རྗེས་གཉིས་མཐུད་ངང་རང་སྲེག་ངོ་རྒོལ་བརྩམས་པ་རེད།
རང་སྲེག་བྱས་པའི་བོད་མི་ཚོའི་འབོད་སྒྲ་ནི། བོད་རང་བཙན་ཡིན། བོད་རང་དབང་དགོས། གོང་ས་ཏཱ་ལའི་བླ་མ་མཆོག་ཕ་ཡུལ་བོད་དུ་ཕེབས་འཇུག་དགོས། ཡིན་ནའང་། རྒྱ་གུང་ཁྲན་གྱི་སྨྱན་སྦྱོར་ཚན་པས་སྐད་འབོད་སྔ་མ་གཉིས་འགོད་པ་ལས། འབོད་པ་ཕྱི་མ་དེ་སྦས་བསྐུངས་བྱས་ཡོད། ཀྲུང་ནན་ཧེ་དོན་དམ་དུ་ཅི་ཞིག་ལ་ཞེད་ནས་ཡོད་པ་རེད་དམ། རང་སོ་སོས་ཡར་རྒྱས་ཅན་དང་། སྟོབས་ལྡན་ཅན། ཟབ་ཅིང་རྒྱས་པའི་རྒྱལ་ཁབ་ཆེན་མོ་ཞེས་སྒྲོག་གིན་པའི་གུང་ཁྲན་འདི་ལ་ཡང་། དོན་དམ་པས། ཏཱ་ལའི་བླ་མ་ཕྱིར་སོ་སོའི་ནང་ལ་ལོག་ཕེབས་རྒྱུར་དཀའ་ལས་དེ་ཙམ་ཡོད་པ་རེད་དམ།
གལ་ཏེ་ཀྲུང་ནན་ཧེས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་ན། དེས་ན། ཁྱོད་ལ་འདི་འདྲི་བར་བྱ་སྟེ། བོད་ཀྱི་སྤུན་ཟླ་ཚོ་ཁྱོད་ཀྱི་སྤུན་ཟླ་རེད་དམ་མ་རེད། སྤུན་ཟླའི་བསམ་འཁྱེར་ཞིག་གི་སྒང་ནས་གདོང་གཏོད་དགོས་དང་མི་དགོས། དེས་མ་ཚད། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ཚོ་ང་ཚོའི་སྤུན་ཟླ་རེད་དམ་མ་རེད། སྤུན་ཟླའི་བསམ་སྤྱོད་ཅིག་གི་སྒོ་ནས་ལོག་ཕེབས་རྒྱུར་བསུ་བ་བྱ་དགོས་སམ་མི་དགོས། གལ་ཏེ་དེ་ལྟར་མིན་པའམ་ཡང་ན་དེ་ལྟར་བྱེད་ཐུབ་ཀྱི་མེད་ན། ཆེད་དུ་མིས་ཁ་ཕྲལ་བའི་བོད་དང་རྒྱ་ནག་ལ་ཀྲུང་ནན་ཧེས་ཅིའི་ཕྱིེར་དུ་བོད་རྒྱ་ནག་ལས་ཁ་བྲལ་དུ་མེད་པའི་ཆ་ཤས་རེད་ཅེས་ཟེར་གྱི་ཡོད་པ་རེད། ཡང་ན། མཐའ་ཡས་པའི་བོད་ཀྱི་ས་གཞི་ཆེན་མོ་འདི་ལ་བརྟེན་ནས། ས་ཁྲའི་ངོས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཞི་ཆ་གཅིག་གི་ས་ཁྱོན་འདིས་ཁ་བསྐོང་ཐབས་ཁོ་ན་ཙམ་བྱས་ཏེ། རྒྱལ་ཁབ་ཆེན་མོ་ཞིག་གི་མདུན་སྒོ་བཀྱགས་བསྡད་ཡོད་པ་རེད་དམ།
ཀྲུང་ནན་ཧེས་ཏཱ་ལའི་བླ་མར་གདོང་གཏོད་པ་ན། སེམས་ནད་རྫོགས་མེད་ཅིག་ཡོད་པ་སྟེ། དེའི་ནང་ནས། རྒྱ་གུང་ཁྲན་འདིས་རྟག་ཏུ་འཁྱོག་བརྗོད་བྱས་ཏེ་བོད་ནི་ལོ་རྒྱུས་ནང་ཅི་འདྲིའི་རྗེས་ལུས་ཅན་དང་། དམུ་རྒོད་ཅན་ཟེར་བ་བརྗོད་དེ། རྒྱ་གུང་ཁྲན་རང་ཉིད་ཀྱི་རྗེས་ལུས་དང་། དམུ་རྒོད་སོགས་ལ་མཆོར་རྩི་བྱུགས་ཡོད། མི་ལོ་བཅུ་གྲངས་འདི་ཚོའི་ནང་དུ། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མང་གཙོ་སྒྱུར་བཅོས་ལ་མུ་མཐུད་ཟབ་ཞུགས་བྱས་ཡོད་དུས། ཀྲུང་ནན་ཧེ་ཅང་མི་སྨྲ་བ་གྱུར་ལ། བྱ་བྱེད་གཏོལ་བྲལ་ལ་སོང་ཡོད། རྒྱ་གུང་ཁྲན་དབང་འཛིན་པ་ཚོའི་སེམས་ནང་དུ། ད་ལྟའི་བཙན་བྱོལ་བོད་གཞུང་འདི་རྗེས་ལུས་ཆེ་ཙམ་དང་། མ་མཐའ་ཡང་རྒྱ་གུང་ཁྲན་རང་ཉིད་ལས་རྗེས་སུ་ལུས་ན་བསམ་པའི་རེ་བ་བྱས་ཡོད། དེ་ལྟར་བྱུང་ན། ད་གཟོད་ཀྲུང་ནན་ཧེ་ལ་གཞི་ནས་ངོ་སོ་ཡོད་པ་རེད་ལ། གཞི་ནས་མཐོ་ས་ནས་དམའ་ས་གནོན་ཐུབ་ཀྱི་ཡོད་པ་རེད། རྒྱ་གུང་ཁྲན་འདིས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་རྒྱུར་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད། དེ་ནི་ལྷ་མེད་སྨྲ་བ་ཞིག་གིས་ལྷ་ཆོས་སྨྲ་བ་དང་། མིའི་སྤྱོད་བཟང་གཏན་བརླགས་སོང་བ་ཞིག་གིས་བྱམས་པ་ཆེན་པོ་ཅན་ཞིག་ལ་གདོང་གཏོད་མ་ཕོད་པ་རེད།བཙན་བྱོལ་བོད་གཞུང་དང་སྐད་ཆ་བྱེད་མི་ཕོད་པའི་རྒྱུ་མཚན་ནི། སྒེར་སྡེམ་པ་ཞིག་གིས་མང་གཙོ་ཅན་དང་། དམུ་རྒོད་ཅན་ཞིག་གིས་ཤེས་དཔལ་ཅན་ཞིག་ལ་གདོང་གཏོད་དགོས་དུས་ཅི་བྱེད་འདི་བྱེད་མེད་པ་ཆགས་པས་རེད།
སྤྱི་ལོ ༢༠༡༢ ༡ ༡༠
མ་རྩོམ་དྲ་ཐག
http://www.rfa.org/mandarin/pinglun/cpk-01102012143116.html
http://www.tibettimes.net/blogs.php?id=55&post_id=19132
འཇིགས་མེད་ཆོས་ལྡན་ལགས། དངོས་ནས་ཕེབས་དོན་ཡོད་ན་བདག་གི་གློག་འཕྲིན་ཁ་བྱང་souloflove538@gmail.comའདིའི་སྟེང་དུ་འབྲེལ་བ་བྱེད་རོགས། འོན་ཀྱང་། ངས་ལས་འགུལ་ནི་དྲག་སྤྱོད་མིན། ཞི་བདེའི་བླ་མ་མཆོག་གི་ཐུགས་འདོད་ལྟར། འཚེ་མེད་ཀྱི་སྒོ་ནས་ཡིན། རེད་དེ། དོན་འབྲས་མ་སོན་བར་དུ་མཚམས་མི་འཇོག་པར་དམ་བཅའ་དམ་པོ་དགོས། མི་རིང་བར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་དམིགས་དོན་ཞི་བའི་འབོད་ཚིག་ལྔ་ཞིག་བསྒྲགས་ཆོག་ལ། དེ་དང་བསྟུན་ནས་མི་འགྱངས་པར་ས་གནས་དང་དུས་ཚོད་སོགས་ཀྱང་བསྒྲགས་ངེས་ཡིན་ལགས། ད་ནི་ང་ཚོས་རང་ཉིད་བོད་མི་ཡིན་པ་ངོ་ཤེས་ནས་སྐྱིད་སྡུག་མཉམ་མྱོང་ཁ་ཐོག་ལག་ཐོག་ལ་དགོས་ཀྱི་འདུག
གལ་ཆེ་བའི་རྩོམ་ཡིག་འདི་དག་བསྒྱུར་མཁན་དག་ལ་ཁོ་བོས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། འདི་ཡང་མར་མེ་ཁྲོམ་སྐོར་ཞིག་གི་དོ་ཟླ་འོས་ཤིང་འཚམས། མུ་མཐུད་ནས་སྐད་གཉིས་སྨྲ་པ་དག་གིས་ཆབ་སྲིད་དང་འབྲེལ་བའི་ལེགས་རྩོམ་དག་སྒྱུར་རོགས།
བོད་དོན་འཚུད་པའི་རྒྱ་ནག་གི་རྙོག་དྲ་མང་པོ་ཞིག་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ། རྒྱ་ནག་དེ་སྲིད་དབང་སྒེར་འཛིན་པས་དྲག་སྤྲོད་འོག་བཙན་བཟུང་བྱེད་བཞིན་པ་དེ་དང་། ད་དུང་རྒྱ་ནག་མི་དམངས་ལ་མང་བཀུར་གྱི་འགོ་ཁྲིད་གཅིག་མེད་པས་རེད།
ད་ལྟ་རྒྱ་ནག་ལ་འགོ་ཁྲིད་མེད་པར། གཉེར་པ་ཁ་ཤས་ཡོད། ཧུ་ཅིན་ཐའོ་ཡང་འགོ་པ་མ་རེད། ཁོ་གཉེར་པ་རེད། ཁོ་དམར་ཤོག་མ་ཡིན་པའི་མི་སྣ་སུས་ངོས་འཛིན་བྱེད་དམ། ཤི་ཅིན་ཕིང་ཡང་གཉེར་པ་རེད། ཁོ་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པས་དབང་ཆ་ག་གེ་མོ་གཅིག་སྤྲད་ནས་དམར་ཤོག་གི་དབང་ཆ་དང་རྒྱུ་ནོར་རྣམས་བཅོལ་ནས་བདག་གཉེར་བྱེད་དུ་བཅུག་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གི་ད་ལྟའི་འགོ་པའི་མིང་འཛིན་མཁན་དེ་ཚོར་རེ་བ་བྱ་རྒྱུ་མེད་ལ། ཁོ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས། ཁོང་ཚོ་མགོ་ལ་བསླེབས་ནས་རྒྱ་ནག་ལ་འགྱུར་བ་གཏོང་འདོད་མེད་ལ། མི་དམངས་ཀྱི་བདེ་རྩ་བསམ་གཞིགས་བྱ་འདོད་མེད། ཁོང་ཚོར་བོད་མི་དང་སྐད་ཆ་ཤོད་པའི་དབང་ཆ་མེད།
བོད་དོན་འདི་སེལ་བར་དང་པོ་རྒྱ་ནག་མི་དམངས་ཀྱིས་ཁས་ལེན་བྱས་པའི་འགོ་པ་འམ་སྐུ་ཚབ་མཉམ་དུ་སྐད་ཆ་ཤོད་དགོས། ང་ཚོས་ཕར་དམར་ཤོག་ཚོར། ང་ཚོ་ཁྱེད་ཚོ་མཉམ་དུ་བོད་དོན་ཤོད་ཀྱི་མིན། རྒྱུ་མཚན་ནི་ཁྱེད་ཚོས་རྒྱ་ནག་མི་དམངས་ཀྱི་ཚབ་ལྟ་ཅི། རྒྱ་ནག་མི་དམངས་ཀྱི་མིང་ཙམ་ཡང་ཁྱེར་བའི་ཐོབ་ཐང་མེད། ཁྱེད་ཚོ་ནི་རྒྱ་ནག་མི་དམངས་ཀྱི་དགྲ་བོ་དང་། མི་གསོད་ནག་ཅན་པ། གཞུང་རྒྱུ་རྐུན་མ་རྒྱག་མཁན་གྱི་ཉེས་ཅན་ནག་པོ་ཞིག་རེད། ཉེ་ཆར་ལི་སྦི་ཡའི་སྒེར་འཛིན་པ་སྒ་སྟར་ཕི་ཇི་ལྟར་བསད་སོང་། ད་དུང་ཨི་ཇིབ་གྱི་དབང་འཛིན་པ་ཇི་ལྟར་བཟུང་སོང་། མ་འོངས་པར་ཡང་རྒྱ་ནག་གི་དམར་ཤོག་གི་ཉེས་ཅན་རྣམས་ལམ་
འདི་ལས་འགྲོ་ས་གཞན་མེད།
དེར་བརྟེན་ང་ཚོས་ད་ལྟ་མདུལ་ལ་གོམས་པ་གང་སྤོས་པ་ལས་རྒྱབ་ལ་གོམས་པ་དོ་ཕྱིར་ཤིག་བརྒབ་ནས་རང་གི་ངོ་བོ་དང་། སྐད་ཡིག། སློབ་གསོ་སོགས་མི་རིགས་འདི་ལ་མེད་དུ་མི་རུང་བའི་ཡོན་ཏན་རྣམས་དར་སྤེལ་བྱེད་པར་འབད་དགོས་པ་དེ་གལ་ཆེར་མཐོང་གི་འདུག
ང་ཚོས་ག་དུས་ཡིན་ནའང་། མི་སྨྱོན་པ་ཞིག་མཐོང་ན་གཡོལ་འགྲོ་བ་ལས་དེ་ལ་ཁ་གཏད་བཅོག་གི་མ་རེད། དེ་བཞིན་དམར་ཤོག་ལ་ཁ་གཏད་འཇལ་བ་ནི་སྨྱོན་པར་ཁ་ཡ་བྱེད་པ་དང་ཁྱད་པར་མིན་འདུག
འདི་ངའི་བསམ་ཚུལ་ཡིན།
འབྲས་བཟང་ཆར་དུ་བསྙིལ་བའི་རྩོམ་འདི་འདྲ་ལག་ལེན་ཐོག་ཕན་པ་ཡོད་པས་རིག་པ་སྨྲ་བ་ཚོའི་ངེས་པར་དུ་བསྒྱུར་རོགས་ཞུ་