དཔལ་ཆེན་དོན་གྲུབ།
རྒྱ་གར་གྱི་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་དེའི་ནང་ནས་སྤྱི་འཐུས་ཀྱི་ས་མིག་བུད་མེད་ལ་དམིགས་བསལ་གྱིས་བཀོད་སྒྲིག་བྱས་ཡོད་པ་ནང་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་ལས་གནས་སུའང་བུད་མེད་ཀྱི་ས་མིག་དམིགས་བསལ་གྱིས་བཀོད་སྒྲིག་བྱེད་དགོས་པའི་བསམ་ཚུལ་བྱུང་བ་རེད། བསམ་ཚུལ་འདི་ལས་སླ་བོ་ཞིག་མ་རེད། ཧ་ཅང་ཤུགས་རྐྱེན་ཆེ་བ་མ་ཟད། བསམ་ཚུལ་འདོན་མཁན་ཚོའི་སྣང་ངོར་བདེན་པ་དང་ཡང་དག་པའི་རེ་འདུན་ཞིག་ཡིན་པ་འདྲ། བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ཟླ་༣ ཚེས་༤ ནས་༥ བར་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཟབ་སྦྱོང་བགྲོ་གླེང་ཞིག་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་འཚོགས་ཡོད་པ་དང། སྐབས་དེར་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡི་གསུང་བཤད་དུ་ཧ་ཅང་ཞིབ་ཚགས་ཀྱི་རྩིས་གཤེར་ཞིག་སྙན་སྒྲོན་ཞུས་ཡོད། དེ་ནི་གཤམ་གྱི་འདི་རེད།
“ད་ལྟ་བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་ཏུ་ལས་བྱེད་༤༦༤ ཡོད་པའི་ནང་ནས་བུད་མེད་༡༥༥ ཡོད་པ་དང། ས་གནས་འགོ་འཛིན་ལས་ཁུངས་ཁག་དང་ས་གནས་ཁག་གི་རང་ཁོངས་ལས་བྱེད་༤༤༦ ཡོད་པའི་ནང་བུད་མེད་༢༧༡ ཡོད་འདུག ས་གནས་འཐུས་མི་བསྡོམས་པའི་༣༤༠ ཙམ་ཡོད་པའི་ནང་བུད་མེད་༣༧ དང། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་༡༥༤ ཡོད་པའི་ནང་བུད་མེད་༢༥ རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་གི་ནང་༢༠༦ ཡོད་པའི་ནང་༡༦ བུད་མེད་ཡིན་པ་རེད། ས་གནས་ཁག་ཏུ་བརྒྱ་དཔོན་༢༠༦ ཡོད་པའི་ནང་བུད་མེད་༦ ཡོད་པ་རེད། ༢༠༠༩ ལོ་མཇུག་ལ་འཛིན་གྲྭ་བཅུ་གཉིས་མར་ཟུང་གི་སློབ་མ་༣༨༣༤༧ ཡོད་པའི་ནང་བུད་མེད་༡༨༨༠༥ བུ་༡༩༥༥༢ ཙམ་ཡོད་པ་རེད།” ( http://youshun12.com )
གོང་གི་ཕོ་མོའི་དབར་གྱི་གྲངས་ཀའི་ཧེ་བག་དེ་ནི་ཐོབ་ཐང་མེད་པ་ལས་བྱུང་བ་རེད་དམ། ཐོབ་ཐང་མ་བླངས་པ་ལས་བྱུང་བ་རེད། འདི་ལ་ཕྱི་ཕྱོགས་ཀྱི་བོད་མོའི་ཐོབ་ཐང་ལས་འགུལ་བ་སུས་ཀྱང་ལན་རྒྱག་པར་སྤོབས་པ་བྲལ་བ་རེད། གནད་དོན་འདིའི་ཐད་ལ་སྐབས་དེའི་བཀའ་ཤག་གིས་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ཕོ་མོའི་བར་ཁྱད་བསྙམ་ཕྱིར་ནུས་སྟོབས་ཡོད་ཤག་གིས་གོང་སྤེལ་གཏོང་བའི་ཟབ་སྦྱོང་སྤྲད་པ་རེད། འདི་ནི་ཧ་ཅང་གི་ངོ་མཚར་ཆེ་བའི་བརྡ་ལན་ཞིག་རེད། འོན་ཀྱང་། བོད་མོའི་ཐོབ་ཐང་བརྗོད་མཁན་གྱི་ལས་འགུལ་བ་ཚོས་བརྡ་ལན་འདི་གསན་མེད་པའམ་ཡང་ན་རྐང་བཙུགས་ནས་རྣ་ལམ་དུ་ཡོང་གི་བཅུག་མེད་པར་མུ་མཐུད་ནས་ཐོབ་ཐང་དགོས་པ་དང་། ཐོབ་ཐང་མེད་པའི་གསུང་བཤད་གོ་སྐབས་ནམ་ཡོད་ལ་བསྒྲགས་ཡོད།
ང་ཚོས་དོ་སྣང་ལོས་ཀྱང་བྱེད། བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་ལས་འགུལ་སྤེལ་བཞིན་པའི་བོད་མོའི་ཐོབ་ཐང་ལས་འགུལ་བ་ཚོས་ཅིའི་ཕྱིར་མཚམས་འཇོག་མེད་པར་ཐོབ་ཐང་དགོས་པ་དང་། ཐོབ་ཐང་མེད་པར་གསུངས་ཀྱིན་ཡོད་པ་རེད་དམ། ཐོབ་ཐང་གང་ཞིག་མེད་པ་རེད་དམ། ངེད་ཀྱི་དོ་སྣང་ལྟར་ན་བོད་ནང་དུ་ཡོད་པའི་བོད་མོའི་ལས་འགུལ་བ་ཚོ་ཕུད་གཞན་དག་ནི་བོད་ཀྱི་གནའ་བོའི་གཏམ་དཔེ་ཁག་ཅིག་དང་། བཤད་རྒྱུན་ཁག་ཅིག་ལ་མ་དགའ་བར་གཏམ་དཔེ་དང་བཤད་རྒྱུན་དེ་དག་གི་གོ་དོན་ད་དུང་བོད་ཀྱི་སྤྱི་ཚོགས་ནང་གསོན་པོར་ཡོད་པའི་བསམ་བློ་རྐང་བཙུགས་ནས་དང་ལེན་བྱེད་ཀྱི་འདུག འོན་ཀྱང་། ཁོ་ཚོས་ནང་ཆོས་ལ་དགག་པ་གཏན་ནས་རྒྱག་མི་ཐུབ་པ་མ་ཟད། ཆོས་ཀྱི་གོ་བ་ཟབ་མོ་མེད་པ་ཚོ་ཡང་ཡང་གོ་ནོར་ཐེབས་པ་དང་། གོ་ནོར་ཐེབས་ཆོག་ཆོག་ཡིན་པའི་ཚིག་གཅིག་ཀྱང་ལུང་འདྲེན་བྱེད་མི་ཐུབ། ནང་པའི་ཆོས་གཞུང་དུ་ “བུད་མེད་ཕོངས་པར་བྱེད་པ་སྟེ།། འཇིག་རྟེན་འདི་དང་ཕ་རོལ་ཕོངས་”ཞེས་པ་ལྟ་བུ་ཡོད་ཀྱང་། ཁོ་ཚོས་དེ་ནི་རྦད་དེ་རྒྱབ་སྐྱུར་བྱས་ཡོད། གཅིག་བྱས་ན་ངས་ལུང་ཚིག་འདི་དྲངས་པས་ཁོ་ཚོར་དེ་རིང་གཞི་ནས་ཤེས་བྱ་ཞིག་ཁ་སྣོན་བྱས་པ་ཡིན་སྲིད། དེ་ལྟར་ཡིན་ཚེ་ངའི་རེ་བ་ལ་ཁོ་ཚོས་མུ་མཐུད་དུ་བོད་ལ་འདྲིས་གཤིབ་མང་ཙམ་བྱེད་དགོས། མ་མཐའ་ཡང་བོད་ཡག་པོ་ཤེས་ན་རེད།
ཧེ་ཐུ་ལེའི་གཏམ་བཤད་ཀྱི་བཤད་སྟོབས་ལ་བརྟེན་ནས་ཡིད་ཆེས་དང་། དང་པ་དྲངས་པའི་དམག་གྲངས་ག་ཚོད་ཡོད་དམ། ཁོ་ཚོའི་སྣང་ངོར་ཧེ་ཐུ་ལེའི་དགོངས་དོན་ཡོད་ཚད་བདེན་དོན་ཡིན་ངེས། འོན་ཀྱང་། ལོག་ལམ་དེ་གསལ་པོ་རྟོགས་པ་ལ་དུས་ཚོད་དགོས་པ་མ་ཟད། དུས་ལ་སླེབས་ཀྱང་ཁ་ཤས་ད་དུང་སད་པར་དཀའ་ངལ་ཡོད་པ་རེད། དེ་ནི་བདེན་དོན་དང་ལེན་གྱི་སྤོབས་པ་མེད་པས་མ་རེད་དམ། ཅིའི་ཕྱིར་མི་རྣམས་ཀྱིས་འདི་ལྟ་བུའི་ལོག་ལམ་ལ་འཇུག་པར་སྤྲོ་སྣང་བྱེད་དགོས་པ་རེད། རྒྱ་ནག་གིས་བོད་དབང་བསྒྱུར་རྗེས་སུ་ཡོ་རུབ་ཀྱི་དུས་རབས་བར་མའི་མུན་ནག་སྤྱི་ཚོགས་བརྗོད་བྱ་ཡིན་པའི་གུང་ཁྲན་རིང་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་འགྲེལ་བཤད་རྒྱབ་པའི་དྲིལ་བསྒྲགས་ནུས་པའི་ཤན་སྟོབས་དབང་གིས་ང་ཚོས་དངོས་ཡོད་ཇི་ལྟར་གསལ་པོ་ཤེས་ཀྱང་གོ་བརྡ་སྤྲོད་དཀའ། དེའི་རྐྱེན་གྱིས་ཐབས་ལམ་ཡག་ཤོས་ནི་རང་རྟོགས་བྱ་ཐུབ་པ་བཟོ་རྒྱུ་དེ་ཡིན་པ་ང་ཚོ་བོད་རིགས་ཡོངས་ལ་རང་གི་ཉམས་མྱོང་ཡོད་ཡོད་པ་རེད།
ཕྱི་ཕྱོགས་ཀྱི་བོད་མོའི་ལས་འགུལ་སྤེལ་མཁན་ཁག་གཅིག་གི་བསམ་བློའི་ནང་དུ་བོད་མོའི་ལས་དབང་ནི་བརྙན་འཕྲིན་ལས་མཐོང་བའི་ཨ་རབ་ཀྱི་བུད་མེད་ཚོའི་སྣང་བརྙན་ཞིག་གིས་མཚོན་དུ་བཅུག་སྟེ་ཧ་ཅང་ལྗིད་ཤུགས་དང་བཅས་ཉར་ཡོད་འདུག ཁོ་ཚོའི་སེམས་ཁུར་དང་འགན་ཁུར། གདུང་སེམས་མཉམ་བསྐྱེད་སོགས་ཀྱང་དེ་ལས་ཐོན་བཞིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ལ་ཧ་ཅང་མཁས་ཤིང་། མ་ཧ་པཎྚི་ད་ཞེས་མཚན་འབོད་ཞུ་བཞིན་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོང་དུ་བརྗོད་པའི་ཟབ་སྦྱོང་དེའི་ཐོག་བསྩལ་བའི་གསུང་བཤད་དུ། “སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་འདས་པའི་ལོ་སྟོང་ཕྲག་དྲུག་ཡས་མས་ཤིག་གི་རིང་ལ། བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ། དུས་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱིར་བལྟས་ཤིག་བྱས་ན། བོད་པའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་ཀྱི་བར་ལ་འདྲ་མཉམ་མེད་པ་དང། ཡང་ན་གཅིག་གིས་གཅིག་ལ་གནོན་ཤུགས་དང་བཙན་དབང་ཡོད་པ། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་དེའི་རྒྱུ་མཚན་ལ་བརྟེན་ནས། བསམ་ཚུལ་དང་དཀའ་རྙོག་བྱུང་མ་མྱོང་བ་ལྟ་བུ་རེད། འཛམ་གླིང་གཞན་པ་དང་བསྡུར་ན། བོད་པའི་སྤྱི་ཚོགས་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ་ཕོ་མོ་འདྲ་མཉམ་དང་ཕོ་མོའི་མཐུན་ལམ་གྱི་གནས་བབས་དེ་ཡག་པོ་ཡོད་པ་ཞིག་རེད།” ཅེས་སོགས་ཧ་ཅང་རྒྱུས་མྱོང་ཟབ་པའི་ལམ་སྟོན་གནང་ཡོད། བོད་མོའི་ལས་འགུལ་བ་ཚོས་འདི་ལྟ་བུའི་མཁས་པའི་ཉམས་ཞིབ་ཀྱི་སྐད་ཆར་ཡང་དོ་སྣང་མི་བྱེད། གཅིག་བྱས་ན་འདི་ནི་བོད་སྐད་ཀྱི་ཐོག་དང་། བོད་ཡིག་གི་ཐོག་ཐོན་པ་ཡིན་པས་དོ་སྣང་བྱེད་ཐུབ་པའི་ལས་འགུལ་བ་མེད་ཀྱང་སྲིད།
དོན་དངོས་སུ་ཁོ་ཚོས་ཅི་ཞིག་འཚོལ་སྙེག་བྱེད་ཀྱིན་པ་རེད་དམ། བོད་ཀྱི་མཛངས་མའི་མཚན་སྙན་བཞེས་མྱོང་མཁན་གྱི་རྩོམ་པ་པོ་དང་གསར་འགོད་པ་ཚེ་རིང་སྐྱིད་ལགས་ཀྱིས། “ བོད་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་ཀྱིས་གྲུབ་པའི་བོད་མིའི་སེམས་ཁམས་ཀྱིས་བྱ་དངོས་ལ་ལྟ་བའི་རིན་ཐང་ལྟ་ཚུལ་དེ་རྩ་བ་ཉིད་ནས་རྒྱུས་ལོན་བྱས་མེད་པར། ནུབ་གླིང་གི་བཤད་སྤྱོད་རིགས་ལ་ལད་ཟློས་དང་འུར་སྒྲོག་བྱས་་”ཅེས་སོགས་བརྗོད་པའི་བསམ་ཚུལ་ཞིག་བོད་ཀྱི་དུས་བབ་དྲ་བར་འདུག( www.tibettimes.net )འདི་ནི་རྒྱུ་མཚན་དང་རྦད་དེ་ཁ་གྱེས་པར་བརྗོད་པ་དག་གི་བསམ་ཚུལ་དང་གཅིག་མཚུངས་སུ་མཐོང་དཀའ་བ་ཞིག་རེད། འདི་ཡི་ལན་དུ། བཟང་མོ་ལགས་ཀྱིས་གནའ་བོའི་བོད་ཀྱི་གཏམ་དཔེ་ཁག་ཅིག་འཕྲིན་ཡིག་ཏུ་ལུང་འདྲེན་བྱས་ཏེ་ཚེ་རིང་སྐྱིད་ལགས་དང་རྩོད་སྒྲུབ་བྱས་འདུག བཟང་མོ་ལགས་ཀྱིས་ཡུ་རོབ་ཀྱི་དུས་རབས་བར་མའི་བུད་མེད་ཀྱི་གནས་བབ་བརྗོད་པའི་ཚིག་བརྗོད་ཁག་ཅིག་ལ་གོ་བ་ཡག་པོ་ལོན་ཐུབ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡིན། དེ་དང་མཉམ་དུ་རེ་བ་ཞིག་ནི་ཡུ་རོབ་ཀྱི་དུས་རབས་བར་མའི་བུད་མེད་ཀྱི་གནས་བབ་བརྗོད་པའི་བརྗོད་ཚིག་དེ་དག་གིས་ད་ལྟའི་ཡུ་རོབ་བུད་མེད་ཀྱི་གནས་བབ་ལ་འགྲེལ་བརྗོད་མ་བྱེད་རོགས། དེ་ནི་ཧ་ཅང་གོ་ནོར་ཆེན་པོ་ཡིན་པ་རེད། ཧ་ཧ་ཧ། ( www.tibetanfeministcollective.org )
མཐའ་མ་དེ་ལ་བོད་ཀྱི་འབྲོག་ཁུལ་གྱི་འཚོ་བའི་གནས་སྟངས་སམ། ཉིན་གཅིག་གི་འཚོ་བའི་གོ་རིམ་ངོ་སྤྲོད་ཞུ་འདོད་བྱུང་། འདི་ནི་རྡ་རམ་ས་ལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་བོས་མྱོང་བའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་གོམས་ལོབས་སུ་སོང་བ་རྣམས་ཀྱིས་བློ་ཡུལ་དུ་འཆར་དཀའ་བ་ཞིག་ཡིན། འབྲོག་ཁྱིམ་གཅིག་ལ་མཚོན་ན། ད་ལྟའི་དུས་སུ་ཆེས་ཉུང་མཐའི་ལུག་བདུན་ཅུ་བརྒྱད་ཅུ་ནས་ཉིས་བརྒྱ་སུམ་བརྒྱའི་བར་དང་། ནོར་ནག་བཞི་བཅུ་ལྔ་བཅུ་ནས་བརྒྱ་དང་ཉིས་བརྒྱ་བར། ད་དུང་རྟ་ཁ་ཤས་བཅས་ཡོད་པ་རེད། དབྱར་གྱི་དུས་སུ་བཞོ་མ་ཉི་ཤུ་རྩ་ལྔ་ཡན་ཡོད་པ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་བཞི་བ་ལྔ་བ་ནས་ཁྱིམ་བདག་མ་ཡར་ལངས་སྟེ་བཞོ་དགོས་པ་དང་། ཁྱིམ་བདག་མས་འབྲི་མོ་བཞོ་བའི་དུས་སྐབས་ལ་ཁྱོ་གས་ཞོགས་ཟས་ཟ་བ་དང་། བསང་གཏོང་བ་བཅས་ཀྱི་ལས་ཀ་བྱེད། བཞོ་ཚར་བ་དང་མཉམ་དུ་ཁྱོ་གས་ནོར་ནག་རི་ལ་འདེད་དགོས་ཤིང་། ལས་རོགས་ཉན་པའི་བུ་གཞན་པ་ཡོད་ཚེ་དེས་ལུག་རི་ལ་བསྐོར་ཏེ་འཚོ་སྐྱོང་བྱེད། ནོར་དང་ལུག་ནི་རི་མཐོ་ས་དང་རྩྭ་བཟང་སར་འདེད་དགོས་པས་གཏན་སྡོད་གནས་ལས་ཐག་རིང་། མི་མེད་ལུང་སྟོང་ཡང་རྒྱུད་དགོས། དེའི་རྐྱེན་གྱིས་རང་བཞིན་ལྷན་སྐྱེས་ཀྱི་གྲུབ་ལུགས་དབང་གིས་བུད་མེད་རྣམས་ནོར་ལུག་འཚོ་སྐྱོང་ལ་མི་མཛའ། འོན་ཀྱང་། སྐྱེས་པའི་ལས་ཀ་བུད་མེད་ཀྱིས་བྱེད་མཁན་ཡང་ཧ་ཅང་མང་། རྫི་བོ་ནོར་ལུག་འཚོ་སྐྱོང་ལ་སོང་ཤུལ་དུ་བུད་མེད་རྣམས་ཀྱིས་ཟས་ལ་རོལ་ཅིང་། བེའུ་རྣམས་ལ་རྩྭ་ཁ་བསྐོར། ཟོག་ལྷས་ཀྱི་ལྕི་བ་སྒྲིག་ཅིང་། ལུག་རྭའི་ནང་གི་རུལ་མ་དང་ལྕི་བ་བསྐམས་རྗེས། འོ་མ་དཀྲོགས་ཏེ་མར་ལེན་པ་དང་། དར་ར་བསྐོལ་ནས་ཕྱུར་བ་བཟོ་བ་སོགས་བྱེད། དབྱར་དུས་ཀྱི་ཉིན་གུང་ཡོལ་ཙམ་ལ་ནོར་ནག་གྲས་ཀྱི་བཞོ་མ་རྣམས་སླར་ཡང་རུ་འདབས་སུ་བསྐོར་ཏེ་གུང་བཞོ་བྱེད་ཅིང་། གུང་བཞོ་དང་བསྟུན་ནས་རྫི་བོས་ཟས་ལ་རོལ།
ཕྱི་དྲོ་རྫི་བོ་རྣམས་ཀྱིས་ནོར་ལུག་ལྷས་ལ་བསྐོར་ཏེ་ནང་དུ་ལོག་དུས་བུད་མེད་ཚོས་ཟ་འཐུང་ལ་གོ་སྒྲིག་བྱེད། དགོང་མོ་ཕོ་རྣམས་ཀྱིས་ལུག་མཐའ་ཡང་ཡང་བསྐོར་བ་དང་། ཀི་ཆེན་པོ་བཏབ་སྟེ་སྤྱང་ཀི་དང་རྐུན་མ་འགོག་དགོས་པ་དང་། མཚན་གཅིག་ལ་ལན་འགའ་རེ་འདི་ལྟར་བྱེད་དགོས། བུད་མེད་རྣམས་ལ་མཚན་གྱི་དུས་སུ་གཉིད་ལས་གཞན་གྱི་ལས་འགན་མེད། བུད་མེད་རྣམས་ཀྱིས་རྫ་ཁ་རི་ཁར་བརྒྱུད་ནས་ནོར་ལུག་འཚོ་སྐྱོང་བྱེད་དགོས་པ་རང་གི་ལས་འགན་ཡིན་བསམ་གྱི་མེད་ལ། སྐྱེས་པ་རྣམས་ཀྱིས་ཀྱང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བའི་ནང་དུ་རང་ཉིད་སྒོ་དང་བུད་མེད་རྣམས་ནང་ནས་བསྡད་པ་ནི་འདྲ་མཉམ་མ་རེད་ཀྱང་བསམ་པའི་ཡུལ་ལ་འཁོར་གྱི་མེད། མར་དང་ཕྱུར་བ་མང་ཙམ་ཐོན་ན་བུད་མེད་ཚོའི་རྒྱུ་ནོར་གྱི་གཡང་ལེགས་པར་བརྩི་ཞིང་། ནོར་ལུག་གི་འཕེལ་ཁ་དར་ཚེ་སྐྱེས་པའི་འཚོ་སྐྱོང་ལེགས་པར་བཤད། འདི་ནི་བོད་ཀྱི་འབྲོག་ཁྱིམ་ཞིག་གི་ཉིན་གཅིག་གི་འཚོ་བའི་ལས་དོན་ཆེ་ཤོས་རྣམས་རེད་ལ། བུད་མེད་ཐོབ་ཐང་རྩོད་ལེན་མཁན་ཚོས་ནུབ་གླེང་དང་རྒྱས་འགེབས་བྱེད་སའང་འདི་ལྟ་བུ་འུ་ཡིན་ནམ། དེ་མིན་དེང་གི་གྲོང་ཁྱེར་དང་གྲོང་རྡལ་ཁག་དུ་སྡོད་པའི་བུད་མེད་དག་གི་གནས་བབ་ལ་ནི་གཞན་ཞིག་གིས་འགན་འཁུར་ནས་བཟོས་དགོས་རྒྱུ་ཞིག་ལྷག་མེད་པར་རང་ཉིད་ཀྱིས་རང་ཉིད་བསྐྱངས་ཏེ་འགྲོ་བཞིན་པ་རེད་དོ།། །།
ཡག་པོ་བྲིས་གནང་བཞག ཐུགས་ཆེ། ཁོང་ཚོས་ཐོབ་ཐང་རྩོད་ཟེར་ནས་ཁྲིམས་ཐོག་ནས་བཀག་བཞག་འདྲ་པོ་ཞིག་བཤད་ཡོང་གི་འདུག དངོས་གནས་མགོ་ཚོས་པ་རེད། ཚོགས་པ་ཡིན་ན་འདྲ། མི་སྒེར་ཡིན་ན་འདྲ། མགོ་འབུར་འདོད་ན། དང་པོ་མིག་དཔེ་བཟང་པོ་མཐོང་དང་ཆ་འཇོག་ཡོད་པ་བཟོ་དགོས་པ་ལས། ས་མཆོང་གནམ་མཆོང་བྱས་ན་ཆོ་གཅིག་ཀྱང་ཡོད་མ་རེད་དོ།