སྤྲེལ་ལུང་པ།
བོད་ཚོ་ཁག་གསུམ་མམ་”ཆོལ་ཁ་གསུམ་”ཀྱི་ཀློག་འདོན་སྒྲ་གདངས་སྐོར་ཀྱི་ནོར་བ་དང་ཁྱད་ཆོས་འགའ་ཐེར་འདོན་བྱས་པ།
དབུས་གཙང་།༽
ཀ་”སོགས་མིང་གཞི་ཕོ་ཡིག་བཞི་པོ་ལ།།
མགོ་ཅན་རྐྱང་འཕུལ་རྗེས་འཇུག་གང་སྦྱར་ཡང་།།
ཞལ་ནས་སྒྲ་གདངས་གཅིག་ལས་མི་ཐོན་པ།།
དབུས་གཙང་བ་ཡི་ནོར་བ་ཡིན་པར་སྙམ།།
ཨ་མདོ།༽
སྡེ་པ་ཕྱེད་བརྒྱད་གསལ་བྱེད་སུམ་ཅུ་ལས།།
“ཀ་ག་”ལ་སོགས་སྡེ་པ་གསུམ་ཡན་ཆད།།
སྒྲ་གདངས་གཅིག་པའི་གསལ་བྱེད་གཉིས་རེ་ཡོད།།
དེ་ཡང་ཨ་མདོ་བ་ཡི་ནོར་འཁྲུལ་སྙམ།
ཁམས།༽
མགོ་འདོགས་མིང་གཞི་གང་དང་གང་གི་མཐར།།
རྗེས་འཇུག་”ན་ང་”གཉིས་ཀྱིས་རིམ་པ་བཞིན།།
དབྱངས་ཡིག་གསུམ་པ་བཞི་པ་དྲུད་པ་འདི།།
ཁམས་པ་བ་ཡི་ནོར་བ་རྒྱུན་འབྱམས་ཡིན།།
༼དབུས་གཙང་།
འཛམ་གླིང་སྤྱི་ཡིག་དབྱངས་ཀྱི་འགྲོས་མཐུན་ལྟར།།
དབྱངས་ཡིག་བཞི་པོའི་སྒྲ་གདངས་མ་འདྲིས་པར།།
རྒན་གཞོན་ཁྱད་མེད་ངག་ཏུ་གསལ་བ་ནི།།
དབུས་གཙང་བ་ཡི་ཐུན་མིན་ཁྱད་ཆོས་ཞིག །
༼ཨ་མདོ།
མིང་གཞི་རྟགས་ཀྱི་དབྱེ་བ་ཁྱད་མེད་དུ།།
རྗེས་འཇུག་བཅུ་པོའི་སྒྲ་གདངས་དྲག་ཞན་གསུམ།།
མ་འཛིང་སོ་སོར་སྨྲ་བའི་སྐལ་བ་འདི།།
ཨ་མདོ་བ་ཡིས་བདག་གིར་བཟུང་ནས་ཡོད།།
༼ཁམས།
ལྷོད་དུ་ཤོར་བ་དབུས་གཙང་བ་ཡི་སྒྲ།།
བསྒྲིམ་ལ་དྲགས་པ་ཨ་མདོ་བ་ཡི་སྒྲ།།
བསྒྲིམ་ལྷོད་རན་པའི་སྒྲ་གདངས་བར་མ་འདི།།
ཁམས་པ་བ་ཡི་ཁྱད་ཆོས་མིན་ནམ་སེམས།།
༼མཐའ་མཚམས།
རྒྱལ་རོང་ཁོག་དང་འབྲུག་དང་ལ་དྭགས་སོགས།།
བོད་ཀྱི་མཐའ་མཚམས་ཁག་གི་ཡུལ་ལུང་དུ།།།
མགོ་ཅན་དང་ནི་ཡང་འཇུག་ས་སོགས་སྒྲ།།
མ་འདྲིས་གསལ་བོར་བརྗོད་པའང་སྣང་རྒྱུ་འདུག །
ཚོ་ཁག་གསུམ། ཕྱོགས་ཁག་གསུམ། ཆོལ་ཁ་གསུམ་ལས། དག་ཤོས་དེ། གང་དེ་ཡིན་ནམ། ལགས།
ཚོ་ཁག་ནི་དུམ་བུའི་མིང་དང་། ཕྱོགས་ཁག་ནི་ཕྱོགས་གཏོགས་ཁག་ཟེར་བའི་དོན་ཡིན། བོད་ལྗོངས་ཆོལ་ཁ་གསུམ་ཟེར་བའི་ཆོལ་ཁ་འདི་དག་ཀྱང་རུང་མ་དག་ཀྱང་རུང་། གཏན་ལ་ཁེལ་ཟིན་པའི་ས་ཁྱབ་རྡོ་ཁྱབ་ཀྱི་ཐ་སྙད་ཅིག་རེད། འདི་ལ་དག་མ་དག་གི་བརྡར་ཤ་བཅད་དེ་བཟོ་བཅོས་ཐུབ་མཁན་དང་། བཟོ་བཅོས་བྱས་ཀྱང་ཉན་ཁན་སུ་ཡང་མེད། ཡིན་རྒྱུ་ཕྱོགས་ཀ་ཟེར་བའི་ཚིག་འདིའི་སྒྲ་ཐོན་ཙམ་དུ་ཆོལ་ཁ་ཞེས་ཡི་གེར་བྲིས་པ་མ་དག་རྒྱུན་འབྱམས་ཡིན་པར་མངོན།