འབའ་སྲས།
——–ཞི་བའི་འཐད་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་ནས་ལོ་འཁོར་གཉིས་ལོན་པའི་དུས་དྲན་དུ།
གངས་རི་རྩེ་ཡི་ཞི་བའི་རལ་བ་ཅན།།
ལ་རྒྱའི་མཆེ་སྡེར་མི་འཁུམས་རབ་རྣོ་བ།།
གངས་རིའི་གསེབ་ནས་བོར་བའི་གངས་སེང་ཞིག
གང་ན་ཡོད་པ་གང་གིས་ཨེ་རིག་ཐལ།།
བརྩེ་ལྡན་ཆུང་མའི་བརྩེ་བ་རུམ་ཞོར་དུ།།
ཤ་མཆེད་བུ་ཕྲུག་ཞེ་ལ་ཐོག་ཞོར་དུ།།
དོན་ཚན་ལྔ་ཡི་དར་ཆ་འཕྱར་བའི་བུ།།
བུ་རྒོད་དཔའ་ངར་ཅན་འདི་བོར་ནས་འགོར།།
བོད་རིགས་ཡིན་པས་བོད་ལ་ཞེན་པ་དཀར།།
ལ་རྒྱ་ཆེ་བས་ལ་ལུང་རྐང་པས་བགྲོད།།
སྤྱི་དོན་གཙོ་བས་རང་དོན་རིང་དུ་དོར།།
མི་འདི་བོད་མི་རྣམས་ཀྱིས་ཨེ་རིག་ཐལ།།
རང་བཙན་དགོས་ཞེས་ཁུ་ཚུར་སྐམ་པོ་ཞིག །
གྱེན་དུ་སྒྲེང་མཁན་དག་དང་མི་འདྲ་བར།།
དབུ་མའི་ལམ་ནས་དོན་གྱིས་སྐྱོད་པ་པོ།།
མི་འདི་སྐུ་ངོ་རྣམ་པས་ཨེ་རིག་ཐལ།།
ལ་རྒྱའི་སྙིང་གི་ཁྲག་དམར་དེབ་ལ་བྲིས།།
ལྟ་བ་ལངས་ཕྱོགས་བརྟན་པ་རྩོམ་དུ་སྦྲུམ།།
ཤི་ཡང་གསོན་ཡང་བོད་ཀྱི་མི་ཡིན་པ།།
མི་འདི་རྩོམ་པ་པོ་ཚོས་ཨེ་རིག་ཐལ།།
བལ་བོའི་བཙོན་ནས་དམ་བཅའ་གླུ་རུ་བླངས།།
དཀའ་སྤྱད་ལམ་གྱི་རྔུལ་ཆུས་སྙན་ངག་བཙས།།
སྙུ་གུ་ཤོག་བུ་རྩེད་ཆས་མ་བྱས་པའི།།
མི་འདི་སྙན་ངག་པ་ཚོས་ཨེ་རིག་ཐལ།།
འཛམ་གླིང་སྟེང་ན་བོར་དང་རྙེད་པ་སོགས།།
ད་ལྟ་དེ་མ་ཐག་ཏུ་བསྒྲོགས་བྱེད་ཀྱང་།།
བོད་ཀྱི་མི་འདི་བོར་ནས་ལོ་གཉིས་འགོར།།
གསར་འགོད་པ་ཚོས་མི་འདི་ཨེ་རིག་ཐལ།།
འཚེ་མེད་ཞི་བའི་ལམ་ནས་ཆས་སོང་བ།།
བདེན་པའི་ཨུ་ཚུགས་ཁྲོད་ནས་བོར་སོང་བ།།
སྲིད་དོན་པ་ཚོའི་མགོ་ནས་འཕུར་སོང་བ།།
ད་ལྟ་གར་ཡོད་ཀུན་གྱིས་ཨེ་གོ་ཐལ།།
སྐུ་ངོའི་གསུང་བཤད་ཁྲོད་ནས་མེད་སོང་བ།།
སྙན་ངག་བརྗོད་བྱའི་ཁྲོད་ནས་རྙིང་སོང་བ།།
རྩོམ་མཁན་སྙུ་གུའི་རྩེ་ནས་ལྷུང་སོང་བ།།
མི་འདིའི་ཤི་གསོན་ཀུན་གྱིས་ཨེ་གོ་ཐལ།།
སྡེ་བ་འདི་ཡི་བུ་མོ་བོར་སོང་དང་།།
ཚོ་བ་གན་གི་བུ་ཚ་མ་རྙེད་ཅེས།།
མི་འཚོལ་བརྡ་ཁྱབ་མང་མང་སྤེལ་པ་ལས།།
བོད་ཀྱི་དཔའ་བོ་འདི་ཉིད་འཚོལ་བ་གཙོ།།
འཚོ་བའི་ཆེད་དུ་ཇག་ལ་ཆས་པ་མིན།།
ནོར་གྱི་དོན་ལ་བརྐུ་ལ་སོང་མིན་པ།།
མི་རིགས་ཆེད་དུ་མི་བུ་ཁེར་འགྲོ་བ།།
དྲང་བདེན་ལམ་ནས་བོར་སོང་ཚང་མས་ཚོལ།།
༠༧/༠༦/༠༥ ལ་ཕ་རི་སི་ནས།
ལུས་ལ་བོད་གོས་ཅན་གྱི་སྐྲ་རིང་ཞིག།
ལག་པས་ལྕགས་རྟ་འདེད་པའི་རྐང་ཐང་ཞིག།
ལམ་འགྲམ་ཞིག་ན་བོད་ལ་འགྲོ་མཁན་ཞིག།
ལོ་མང་སྔོན་ལ་དྲ་ལམ་བརྒྱུད་ནས་མཐོང་།།
ཐོག༼ཐོགས༽ རྗེས༼རྗེ༽
འབའ་སྲས་ལགས་ལ་་ཐུགས་རྗེ་ཆེ་ཞོར་དུ་མྱུག་ཐོགས་པ་རྣམ་པའི་གླིང་ཚ་འཚོལ་བའི་དཔྱད་རྩོམ་མང་ཙམ་སྤེལ་རོགས་རྒྱུ་ཡིན།
སྐུ་ངོ་རྣམ་པ་གནམ་ལ་ཧད་པ་ནས།།
མི་མང་འདི་ཚོ་ས་ལ་འཐོམས་ཚེའི་བར།།
སེར་པོ་གསེར་གྱི་བོད་མི་གླིང་ཚ་ལགས།།
བོར་བའི་ལོ་གཉིས་ལོན་པར་དུས་དྲན་ཞུ།།
འབའ་སྲས་ལགས་ཀྱི་སྐད་ཆ་ངོ་མ་བདེན།།
རང་རེའི་མི་བོ་ཆེ་དང་ཆས་སྲིད་པ།།
རྩོམ་སྙན་གསར་གསུམ་པ་པོ་མང་ས་སུས།།
བོད་ཀྱི་གླིང་ཚ་འཚོལ་བར་འབད་ཡོད་དམ།།
གངས་སེང་གཡུ་རལ་ལྟ་བུའི་སྐྲ་ལོ་ཅན།།
གངས་སེང་ལྟ་བུའི་འཇིགས་མེད་རྩལ་གསུམ་ཅན།།
གངས་ཅན་པ་ཡི་རྒྱན་མཆོག་གླིང་ཚ་བ།།
མ་རིག་མ་གོ་འཚོལ་མཁན་སུ་ཡང་མེད།།
གངས་སེང་དཀར་མོ་གངས་ཀྱི་རྩེ་ནས་ཡལ།།
གངས་ཅན་དཔའ་བོ་ཐང་གི་དཀྱིལ་ནས་སྟོར།།
ད་དུང་འཚོལ་སེམས་མེད་པའི་གངས་ཅན་པ།།
མི་ངོར་གདོང་པ་སྟོན་ཕོད་ཨ་ཚ་མ།།
གངས་ཅན་ཆེད་དུ་ལུས་སྲོག་འབེན་དུ་བཙུགས།།
མཛའ་ཞིང་བརྩེ་བའི་མ་བུ་ཐང་དུ་སྐྱུར།།
ཚ་ཆེན་མེ་འོབས་དཀྱིལ་ནས་གོམ་བགྲོད་བྱས།།
གཤིན་རྗེའི་ཕོ་ཉས་བསྲུང་བའི་འཕྲང་དགུ་བརྒལ།།
བགྲང་བྱ་གཉིས་ལྷག་འདས་རུང་མ་རིག་ཐལ།།
ཁ་སྟོང་ནང་གི་ཚིག་སྟོང་བཤད་པ་མིན།།
དམར་ཆུང་སྙིང་གི་དཀྱིལ་ནས་མ་བརྗེད་པའི།།
གངས་ཅན་དཔའ་བོ་གླིང་ཚ་ཞེས་པའི་མཚན།།
ང་ཡི་གཅེས་ཤིང་གཉེར་བའི་ཉིན་ཐོའི་ནང།།
ཁྱོད་ཀྱི་ལོ་རྒྱུས་གསེར་གྱིས་བྲིས་ནས་ཡོད།།
ང་ཡི་ཉིན་ཐོ་ནང་གི་ཡི་གེའི་རིས།།
ཉ་ཉོག་ཟ་ཟིའི་གཏམ་གྱིས་བསླད་པ་མེད།།
ཉིན་ཅིག་གངས་ཅན་པ་ཡི་ལོ་རྒྱུས་སུ།།
དཔའ་བོ་ཁྱེད་ལ་བསྟོད་པའི་མེ་ཏོག་འཐོར།།
བོད་དོན་ཆེད་དུ་ཞི་བའི་འཐབ་རྩོད་བསླངས།།
ཞི་བའི་འཐབ་རྩོད་རྩ་དོན་ལྔའི་སྒོ་ནས།།
ཆ་དང་ཆ་ཤས་ཕྱེ་བའི་རྣམ་པའི་ངང་།།
མི་ཚེའི་དམ་བཅའ་འཁྲུངས་པར་རང་རེས་དགོངས།།
ཁོང་གི་བློས་གཏོང་སུ་ལ་གསལ་བཤད་དགོས།།
སུ་ཡིས་ཤེས་པའི་དཔའ་བོ་གླིང་ཚ་ཁོང་།།
སེམས་ནས་སྐད་ཅིག་ཙམ་ཡང་མི་འབོར་བར།།
ཡིག་ངག་བརྒྱུད་དེ་གླེང་ལ་རང་རེས་དགོངས།།
མང་པོའི་དོན་དུ་གཅིག་པུས་བྱས་སྤོབས་པར།།
གཅིག་པུའི་སླད་དུ་མང་པོས་མི་ཐུབ་ཅི།།
རྒྱུ་འབྲས་རྒྱ་མ་འདྲ་བའི་གཤིས་ལུགས་ལ།།
ངོས་འཛིན་བདག་གཅེས་ཤིག་ཏུ་རང་རེས་དགོངས།།
ཕྱོགས་དང་གྲགས་པའི་འུར་ལ་མི་མཉེས་པར།།
མངོན་སུམ་མཐོང་སར་རང་གི་ལུས་དང་སེམས།།
བོད་ཀྱི་དོན་དུ་བསྡོས་པར་གོང་བཀུར་ཏེ།།
རྩེ་གཅིག་རྒྱབ་སྐྱོར་ཞིག་ལ་རང་རེས་དགོངས།།
གླིང་ཚ་ཚེ་བརྟན་རྡོ་རྗེ།
གླིང་༽ཡོད་ཚད་ལ་འཚོལ་དགོས།
ཚ་༽ཚ་འུར་འུར་ངང་འཚོལ་དགོས།
ཚེ་༽ཚད་ལམ་ཟད་བར་དུ་འཚོལ་དགོས།
བརྟན་༽སའི་བཅུད་ལྡན་ཀུན་ལ་འདྲི་དགོས།
རྡོ་༽བྲག་རི་ལུང་ཀུན་ལ་འཚོལ་དགོས།
རྗེ་༽བོ་རྒྱལ་པོ་བརླག་ལྟར་འཚོལ་དགོས།
ཚོལ་ན་རྙེད་རྒྱུ་ཨེ་ཡོད་མི་ཡོད་རེད།
རྙེད་ན་བཤད་རྒྱུ་ཨེ་ཡོད་མི་ཡོད་རེད།
ཡོད་དུས་ཚང་མས་རྒྱང་ལྟ་བྱེད་པ་དང་།
མེད་དུས་ཚང་མས་འགྲམ་ཤ་འཐེན་པ་འདི།
གནའ་ནས་ད་བར་ངེད་ཅག་སྒང་བའི་སྲོལ།
ངོ་མ་རེད་ཡ་དཀོན་མཆོག་གསུམ་པོ་མཁྱེན།།
འུ་ཚོའི་ཡོད་ཚད་འགྱོད་པ་རྐྱང་རྐྱང་འདི།།
མི་དགོས་སྲོལ་ངན་ཞིག་གི་རྐྱེན་ལགས་ན།།
འདི་ལས་ཐར་བར་མི་འམ་ལྷ་ལ་རེ།།
ཀུ་རེ་ཡིན་ན་བཀའ་འགྱུར་མནའ་འདི་བསྐྱལ།།
ལན་རེར་སེམས་ཀྱི་གཏིང་ནས་རྫུན་མིན་པར།།
ཁ་ཞེ་གཉིས་མེད་བོད་དོན་འཐབ་རྩོད་པ།།
གླིང་ཚ་དྲན་དུས་ངུ་རྒྱུ་འོང་གིན་འདུག།
འདིར་ཕེབས་གླིང་ཚེའི་སྐོར་ལ་མཆན་འདེབས་པ།།
རྣམ་པ་ཚང་མར་བཀའ་དྲིན་སྙིང་ནས་ཞུ།།
ནམ་རྒྱུན་གླིང་ཚ་སེམས་ནས་མ་རྗེད་ད།།
ཉིན་གཅིག་བསམ་དོན་འགྲུབ་པའི་སྨོན་ལམ་ཡོད།།
བོད་ཀྱི་དཔའ་བོ་གླིང་ཚ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ཡུན་རིང་འགོར་སོང་། རྒྱ་མའི་བཙོན་ཁང་དུ་བཅུགས་པ་ལས་གཞན་གར་སོང་ཆ་མེད་དུ་འགྲོ་དགོས་པའི་རྒྱུ་མཚན་ཀྱང་མེད། གལ་ཏེ་རྒྱ་གར་གྱིས་བཙོན་ཏུ་བཅུགས་པ་ཡིན་ན་ཡུན་རིང་བོར་འཇོག་གི་མ་རེད། ད་ནི་བྱ་ཐབས་གང་ཡང་མེད། །
གོང་དུ་བདག་གིས་བཏབ་པའི་མཆན་ཡིག་གི།
དང་པོར་ཆབ་སྲིད་ཟེར་སར་(ཆས་སྲིད)་ནོར།།
གཉིས་པར་ཆ་ཅན་ཟེར་སར་(ཆ་དང)་ནོར།།
གཞན་པ་དོན་ནོར་ཡོད་ན་བཟོད་པར་མཛོད།།
དཔའ་བོ་ལམ་ལ་ཆས་པའི་ནངས་མོ་ནས།
ད་བར་མི་ལོ་ཧྲིལ་བོ་གཉིས་ཕྱིན་མོད།
སྐུ་ཉིད་མིག་གིས་མཐོང་མཁན་མེད་པ་དང་།
ཅི་བྱས་རྣ་ཡིས་ཐོས་རྒྱུ་མེད་པ་འདིས།
མཇུག་འབྲས་ལེགས་པའི་ལམ་ཞིག་གང་ན་ཡོད།
མཐོན་པོའི་ཁྲི་ལ་བཞུགས་པའི་བླ་མ་ཚོ།
ཚེ་བརྟན་རྡོ་རྗེ་ཐུགས་ལ་ཟུང་གི་སྡོད།
དམངས་ཀྱི་དབུ་ཁྲིད་མི་ཆེན་དཔོན་ཆེན་ཚོ།
ཚེ་བརྟན་རྡོ་རྗེ་རྩད་གཅོད་བྱོས་ཀི་སྡོད།
དུས་དེབ་ཚག་ཤོག་གསར་འགྱུར་ལས་གཉེར་ཚོ།
དཔའ་བོ་ཁོང་གི་མཛད་རྗེས་སྤེལ་གི་སྡོད།
ཁ་བཤད་དོན་དུ་གཉེར་བའི་དཔའ་བོ་ཞིག
གནམ་སའི་སྲུབས་ནས་ཡལ་བར་སེམས་པ་སྐྱོ།
ཕོ་རྒོད་གླིང་ཚ་འཚོལ་དགོས་ན་རྡ་སའིི་ཚོགས་པ་དེ་ཚོས་འཚོལ་དགོས་པ་རེད་། སྔ་མོ་བོད་ཀྱི་གཏམ་དཔེ་ལ་། དར་མ་ཁ་གཡང་ཆེན་པོ་དེ་། དཔའ་བོ་དགྲ་ཁར་དབྱུགས་འདོད་རེད་། ཟེར་ཡང་ཟེར་ལ་བདེན་ཡང་བདེན་། གླིང་ཚ་བལ་ཡུལ་གྱི་ས་མཚམས་བར་བསྐྱེལ་མཁན་གྱི་ཆོལ་ཁ་གསུམ་གྱི་མི་དེ་ཚོ་ད་ཆ་ག་པར་གཉིད་ཤོར་བ་རེད་།