ཤེད་བུ།
ངས་དེབ་འདི་ལ་བཀླགས་བྱང་ཞིག་བྲིས་ཡོད། དེ་ནི་བཀླགས་བྱང་རང་གི་རྩ་འཛིན་ལྟར་བྲིས་པ་ལས་འགྱུར་གྱི་སྤུས་ཀ་དང་ཡིག་ནོར་སོགས་ལ་ཇུས་གཏོགས་གང་ཡང་བྱས་མེད། ཡིན་ནའང་། དྲ་ལམ་དུ་རིན་མེད་ངང་བགོ་འགྲེམས་བྱེད་པའི་ལྷག་བསམ་དེ་ནི་ང་ལ་མེད། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་རྩ་བར། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་ཐབས་ཀྱི་ཆར་གཏོགས་པ་འདི་དག་རྨོངས་པ་དང་དངོས་འགལ་གྱི་ཤེས་པར་མི་གཏོགས་པས། ལྷག་བསམ་ཞར་གོག་ལ་གཟབ་དགོས་པར་སྐུལ་བ་ལྟར་ནམ་རྒྱུན་གཟབ་གྱིན་པའི་ཁུལ་ཡིན། གང་ལྟར། སྒྲུང་གཏམ་གྱི་ནང་སྙིང་བཏོན་པའི་བཀླགས་བྱང་དེ་ཀློག་བསམ་ན་འཛམ་གླིང་གི་ཚགས་པར་རིན་གོང་ཆེ་ཤོས་ཡུ་སྒོར་ལྔ་ཅན་གྱི་<<བོད་ཀྱི་ཡིག་ཟམ>> ཚགས་པར་ཉོ་དགོས་པ་ཡིན། ཧེ་ཧེ
ཨ་ཁུ་པདྨ་འབུམ་ལགས་ནི། ངས་རྩོམ་པ་པོ་རྒན་པ་རུ་ངོས་འཛིན་གྱིན་ཡོད། ཡིག་འབྲུ་རེ་རེ་བཞིན་འགན་ཁུར་རམ་ཡང་ན་རྒྱུ་མཚན་མེད་པར་མི་གཡུགས་པར་སྙམ་ཡོད། ང་ཁོང་ལ་ཆ་རྒྱུས་མེད་ཀྱང་ངའི་གྲོགས་པོ་དག་གིས་ཨ་ཁུ་པདྨ་འབུམ་ཞེས་བླ་ན་མེད་པ་ཞིག་ཏུ་བཤད་བཤད་པས་ང་ཡང་ཁོང་ལ་རྩིས་འདང་ཆེ་བ་ཞིག་རེད། ལྷག་པར་རྒན་ཧོར་གཙང་འཇིགས་མེད་དང་གླེང་མོལ་གྱི་སྐབས་ཤིག་ལ། “ང་ནི་པདྨ་འབུམ་ལྟ་བུའི་གཟབ་ནན་ཅན་དེ་འདྲ་མིན། ཁོང་ལྟ་བུ་དག་གི་ཡིག་འབྲུ་རེ་རེ་ཡིན་ཡང་བསམ་བློ་གཏོང་ས་ཡོད་རེད་”ཅེས་གདེང་འཇོག་གནང་མྱོང་བ་ནས་ངས་ཁོང་གི་རྩོམ་ཡིག་དག་ལ་དམིགས་བསལ་དོ་སྣང་དང་ཞིབ་ཚགས་ཀྱིས་ལྟ་བཞིན་ཡོད། དེའི་ཕྱིར། ཁོང་གི་འགྱུར་རྩོམ་འདི་རེ་བ་ཆེན་པོ་དང་དོ་སྣང་ཆེན་པོས་ཐེངས་གསུམ་ལ་བཀླགས་པ་ཡིན། དེ་ཡང་ཐོག་མར་འཕྲུལ་དེབ་ལས་ཐེངས་གཅིག་བཀླགས། དེས་མ་ཚིམ་པར་ཤོག་ཐོག་ལ་དཔར་ནས་བཀླགས། བཀླགས་བྱང་འབྲི་ཕྱིར་བསྐྱར་དུ་མགྱོགས་ཀློག་ཅིག་བྱས་པ་ཡིན། ཡིན་ནའང་། འདོད་པ་མི་ཁེངས་པའི་ངོས་དེ་སྔར་བཞིན་རེད། དེའི་ཕྱིར་བཀླགས་བྱང་གཅིག་དང་། འགྱུར་༡༠༨ ཀྱི་ལས་གཞི་གཞན་དག་གི་སྐབས་ལ་ཐུགས་སྣང་གནང་བར་ཅུང་ཙམ་ཨེ་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ། འགྱུར་འདིའི་བློ་ཁ་མི་ཁེངས་པའི་ངོས་ཟུར་ཙམ་ཞུ་བར་འདོད་སོང་། འབྲེལ་ཡོད་སུ་ལའང་ཕོག་ཐུག་མི་ཡོང་བའི་རེ་བ་ཐོག་མར་ཞུ།
སྔོན་ཤིག་ལ། ངས་སྐད་འཕྲིན་གྱི་ཚོམས་༼ལ་རྩེ་ཇ་ཁང༽་ནང་། ༼ཁོ་ཤིན་ཏུ་མང་བའི་དེང་སྐབས་ཀྱི་འགྱུར་རྩོམ་ཆ་བོ་༽ཞེས་འགྱུར་ཡིག་ཅིིག་གི་ཤོག་ངོས་གཅིག་གཉིས་ཤིག་ལས་ཁོ་ཡིག་བདུན་ཅུ་ལྷག་ཟུར་འདོན་བྱས་ནས་གླེང་མྱོང་བ་ལྟར། འགྱུར་ ༡༠༨ ཀྱི་གསེར་གྱི་དབུ་ཁྱུད་དུ་བསླངས་པའི་<<མཚན་མོ>>བོད་འགྱུར་དེབ་འདིའི་ཡིག་ཕྲེང་དང་པོའི་ཚིག་དུམ་གཅིག་དེའི་ནང་། “ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད། ” ཅེས་སྒྲུང་གི་མགོ་འཛུགས་ཀྱི་ཚིག་དུམ་གཅིག་ནང་ཁ་ལ་ཤིན་ཏུ་མི་བདེ་བའི་ཁོ་ཡིག་བཞི་བྱུང་བ་མ་ཟད། ཡིག་ཕྲེང་གཉིས་པའང་ཁོ་ནི་ཞེས་ཁོ་སྒྲ་ཞིག་གིས་མགོ་བཙུགས་པ་དེ་ཡིས་ང་ལ་ཐང་ཆད་པའི་སྣང་བ་ཞིག་བྱུང་།
དེ་ནི་སྒྲ་སྦྱོར་བམ་གཉིས་ལས། བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་སུ་བཅད་པ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གོ་བདེ་བ་བསྣོར་ཞིང་བསྒྱུར་ཅིག རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་བསྒྱུར་ཅིག ཅེས་པའི་ལམ་སྟོན་ལ་ཐུགས་གཞིག་མ་མཛད་པའི་སྐྱོན་དུ་སེམས། འགྱུར་རྩོམ་མང་པོ་ཞིག་བོད་སྐད་དུ་བསྒྱུར་ཐུབ་མེད་པའི་གནད་ཀྱང་བསྒྱུར་གཞི་གཙིགས་ཆེན་དུ་བཟུང་ནས་གོ་རིམ་དཀྲུག་པ་དང་ལྡོག་པ་སོགས་ཀྱི་བྱེད་ཐབས་མ་བརྒྱུད་པའི་རྐྱེན་རེད་སྙམ། ཚབས་ཆེན་པོས་བཤད་ན། འདི་དག་སྐད་ཡིག་དར་འཕེལ་གྱི་མཐུན་པའི་རྐྱེན་ལས་ཀྱང་བོད་སྐད་རིན་པོ་ཆེ་སྐད་ཡིག་གཞན་གྱི་མི་སེར་སྤེལ་ཡུལ་གྱི་རམ་འདེགས་སུ་འགྲོ་བཞིན་པའི་ཚོར་བ་སྟེར་གྱིན་འདུག འདི་ལྟར་བཤད་ན། དྲིན་ལོག་གི་རྣམ་པ་ཅུང་འདུག་ནའང་བཤད་དགོས་པ་དེ་གསང་རན་མ་རེད།
འགྱུར་ ༡༠༨ ཀྱི་ལས་གཞི་འདི་ཧ་ཅང་ལེགས་པས། ལས་གཞིའི་དོ་དམ་ཚོགས་ཆུང་ལྟར་ང་ཡང་ཧ་ཅང་རྩིས་འདང་ཆེ། རྩོམ་སྒྲིག་གམ་དོ་དམ་ཚོགས་ཆུང་གིས་གླེང་བརྗོད་ཤོག་ངོས་གཅིག་གཉིས་ཤིག་ཡོད་པའི་ནང་དུ་ཡིག་ནོར་དང་དོན་ནོར་གཉིས་ཀ་ཡོད་པས། འདི་ཚོས་གཟབ་ནན་བྱེད་ཀྱིན་མེད་པའི་སྣང་ཚུལ་དེར་ཧ་ཅང་ཕངས་པོ་བྱུང་། དཔེར་ན། གླེང་བརྗོད་དེ་རུ་ “མདོ་སྨད་རེབ་གོང་རོང་བོ་དགོན་གྱི་སྙན་ངག་པ་དགེ་འདུན་ལྷུན་གྲུབ་ལགས་ཀྱིས་མཐའ་མའི་ཀློག་གཤེར་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།” ཞེས་བྲིས་པ་འདིའི་ནང་ཀློག་གཤེར་ཞེས་བ་བཤེར་དགོས་ས་ལ་ག་གཤེར་བྲིས་ནས་ཡིག་ནོར་སྤེལ་འདུག་པ་དང་། དོན་ནོར་ལ་མཚོན་ན། རེབ་གོང་ལ་རོང་བོ་དགོན་ཟེར་བ་གཉིས་ཡོད། རོང་ན་གཅིག་ཡོད་ལ་འབྲོག་ན་གཅིག་ཡོད། ཨ་ལགས་རོང་བོ་དགོན་ཟེར་བའང་གཉིས་ཡོད། ཡིན་ནའང་། རྣམ་ཀུན་ཁྱད་ཚིག་མ་སྦྱར་བར་རོང་བོ་དགོན་ཞེས་བརྗོད་ན་རོང་གི་རོང་བོ་དགོན་ལས་རོང་བོ་དགོན་པར་མི་གོ འདི་ནི་ཀློག་མཁན་རེབ་གོང་བ་ཞིག་གིས་བལྟས་ཙམ་ནས་དོན་ནོར་ཡིན་པ་ར་འཕྲོད། ཤོག་ངོས་གསུམ་ལ་བདག་རྒྱག་མི་ཐུབ་པའི་དོ་དམ་ཚོགས་ཆུང་ཞིག་གིས། དེབ་བརྒྱ་ལ་ཇི་ལྟར་རྩོམ་སྒྲིག་དང་དོ་དམ་བྱེད་ཨང་། ཀུ་རེ་ཡིན་ཏེ། རེ་བ་ཆེ་ས་ནས་བྱེད་དུས་ཡིག་ནོར་དོན་དོར་འདི་ཙམ་ཡང་མིག་ལ་ཧ་ཅང་གཟན་པོ་འདུག
ཡིག་ཕྲེང་དང་པོའི་ཁོ་སྒྲ་མང་པོའི་འཇུག་ཡུལ་གྱི་མི་དེ་ལ་”དཀོར་གཉེར་མོ་ཤི་”ཞེས་བཏགས་འདུག དེ་ནི་བོད་སྐད་རྐྱང་བའི་ངོས་ནས་བསམས་ན། ཇོ་སྒར་ཞིག་གི་འདུ་ཁང་དཀོར་གཉེར་མ་ཤི་སོང་བའི་གོ་བ་སྟེར་བས་གད་མོ་བྲོ་བ་ཞིག་རེད། ཡིན་ནའང་། སྐབས་འདིར་དྲན་པར་འཁོར་བ་ནི། སྒྲ་བསྒྱུར་བམ་གཉིས་ལས། ལྷ་བཙད་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ་རྫོགས་སོ་ཞེས་ཆོས་རྒྱལ་གྱིས་བཀས་བཅད་པ་ནས་བཟུང་། བོད་ཀྱི་ལོ་ཙཱ་བ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་དག་གིས་མི་མིང་ས་མིང་སོགས་སྒྲ་བསྒྱུར་བྱེད་སྐབས། འ་ཆུང་འདོགས་པ་དང་དབྱངས་ཉིས་བརྩེགས་འདོགས་པ་སོགས་སྒྲའི་ལུགས་སུ་བྱས་ནས་བོད་སྐད་དུ་གོ་བ་མེད་པ་དང་རྒྱ་གར་སྐད་སོར་འཇོག་བྱས་ཡོད་དེ། སྒྲ་སྦྱོར་བམ་གཉིས་ལས། གཽ་ཏ་མ་ལྟ་བུ་གཽའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀཽ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུ་བར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག ཅེས་དང་། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག ཅེས་གསུངས་པ་བཙན་པོའི་ཁྲིམས་རྒྱ་དང་དངོས་སུ་འགལ་ཞིང་། འགྱུར་གྱི་སྐྱོན་དུ་སོང་འདུག
དེ་ཡང་མི་གོ་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཀྱིས། སྒྲ་སྦྱོར་བམ་གཉིས་དང་བྱེ་བྲག་རྟོགས་བྱེད་ཆེན་མོ་སོགས་ཀྱི་དགོངས་པ་གཞི་ལ་བཞག་ནས་ཡིག་སྒྱུར་གྱི་རྩ་འཛིན་ལམ་སྟོན་བཅུ་གཅིག་གཏན་འབེབས་གནང་ཡོད་པ་ལས་བདུན་པར། “ཡུལ་གཞན་གྱི་སྒྲ་རང་སོར་བཞག་པའམ་ཟུར་ཆག་པ་རྣམས་ཀྱི་དག་ཆ་གཏན་འབེབ་སྐབས་བོད་སྐད་རང་གི་གོ་དོན་མི་སྟེར་བ་གཙོ་བཟུང་།” ཞེས་པ་དང་ཡང་དངོས་སུ་འགལ་འདུག་པས། ༼མོ་ཤི༽ཡིས་མཚོན་པའི་མི་མིང་དང་ས་མིང་མང་པོ་ཞིག་ནི་བྱུང་རྒྱལ་དུ་བྲིས་པའི་སྣང་བ་འཁོར་ལ། སྔོན་གྱི་དུས་ན་ཆོས་རྒྱལ་གྱིས་བཀས་བཅད་པ་དང་དེང་གི་ཆར་ཡང་ཤེས་རིག་ལས་ཁུངས་ཀྱིས་རྩ་འཛིན་དུ་གཏན་ལ་ཕབ་པའི་དོན་ཚན་བཅུ་གཅིག་བཅས་ལོ་རྒྱུས་དང་སྙིང་དོན་ལ་ཁྲིམས་ཀྱི་དབང་ཚད་ལྡན་པའི་རྩ་ཆེའི་ལམ་སྟོན་དག་ལ་ཅི་མི་སྙམ་ནའང་། རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་གོ་དོན་ལ་བསམ་གཞིགས་ཤིག་བྱེད་དགོས་ཏེ། མིང་རྐྱང་རྣམས་ནི་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་གནས་བབ་ལས་བརྒལ་ཏེ་གོ་བ་ཡ་མཚན་ཅན་སྟོན་པའི་ཚིག་ཏུ་བསྒྱུར་ན་ག་ལ་འགྲིག
ད་དུང་དེབ་འདི་རུ་བོད་པའི་སྤྱི་ཚོགས་དང་བོད་ཡིག་ནང་ཡོངས་སུ་གྲགས་པ་རྣམས་སུའང་། ཁོ་ཚོའི་རྩ་འཛིན་གྱི་ཐིག་ཤིང་དེས་གཞལ་ཏེ། ཕལ་ཆེར་དབྱིན་ཡིག་གི་དབྱངས་ I ཡོད་ཚད་ལ་གི་གུ་འདོགས་རྐྱང་དང་། Z རིག་ཚད་ལ་བཟའ་སྒྲ་དང་ཚི་སྒྲ། མིང་མཐར་ D ཡོད་ན་ཡང་འཇུག་ད་ཡིག་འབྲི་རྐྱང་བྱས་ཡོད་པ་འདིས་ཤུགས་རྐྱེན་ཅི་ཞིག་སྟེར་བཤད་དཀའ་བ་ཞིག་རེད། ཁྱོད་ཚོས་བཟུང་བའི་ཐིག་ཤིང་དེས་ཁྱོད་ཚོར་ཚད་གཞལ་ཐུབ་པའི་དབང་དུ་བཏང་ནའང་བོད་སྐད་དུ་གྱུར་ཚར་བའི་རྒྱལ་ཁབ་དང་གྲོང་ཁྱེར་གྱི་མིང་དག་བོད་ཡིག་གིས་ཁྱབ་ཚད་ཀུན་ལས་གསར་བསྒྱུར་བྱེད་དཀའ་བས། བོད་ཡིག་གི་གནས་ཚུལ་སྤྱིའི་དགོས་པ་དགག་བྱ་དང་། སྔོན་བྱས་ཆུད་ཟོས་སུ་མི་གཏོང་བར་གུས་ཞབས་བརྩི་མཐོང་གི་རིན་ཐང་ཅུང་འཇོག་དགོས་པར་འདོད། འགྱུར་ ༡༠༨ ཀྱི་སྒྲ་སྒྱུར་རྩ་འཛིན་དེ་སྔར་གྱི་རྩ་འཛིན་དག་ལས་ལེགས་པ་ཞིག་ཡིན་ན་ནི་ང་ཚོས་ངེས་པར་ལག་བསྟར་ཞུ་འོས། དེབ་འདིའི་ནང་གི་སྒྲ་བསྒྱུར་དག་ལས་དཔག་ན་སྙིང་བོ་ཆེ་མེད་པར་འདོད།
ཆོས་རྒྱལ་ཆེན་པོ་རྣམས་ཀྱང་གནམ་དུ་གཤེགས། རྒྱལ་ཁབ་ཆེན་པོའི་བདག་དབང་ཡང་ཡོངས་སུ་ཤོར་བའི་སྐབས་འདི་འདྲ་ལ། ང་ཚོ་ས་མགོ་རིལ་ནས་སྙིང་རྡོ་རིལ་དུ་གྱུར་ཏེ། བོད་ཀྱི་རིག་པའི་གཞུང་ལུགས་ཀྱི་བང་མཛོད་ཆེན་པོའི་གསེར་གྱི་ཀ་བ་དང་དངུལ་གྱི་གདུང་མ་ཡོད་ཚད་ལ་ ABCD ཐེབས་ཆག་རེ་ཤེས་པའི་ང་རྒྱལ་གྱིས་ཅི་མི་སྙམ་པར་ཁབ་གཙག་འབིག་གཙག་བྱེད་རྐྱང་བྱེད་པ་འདི་ནི་ཇི་འདྲའི་བཟོད་པར་དཀའ་བ་ཞིག་རེད་ཨང་། འདི་ངའི་ན་ཟུག་ཡིན། ཚོགས་གཏམ་མིན། ཧེ་ཧེ་
ངས་དེབ་འདི་དང་འབྲེལ་ཏེ་བཀླགས་བྱང་གཅིག རྩོམ་སྒྲིག་པའི་གཏམ་གཅིག ཟུར་བཀོད་བསམ་ཚུལ་གཅིག་བཅས་རྩོམ་ཡིག་གསུམ་སྤེལ་རྗེས། སྒྱུར་བ་པོ་དང་དོ་དམ་མི་སྣ་བཅས་ལ་ཞུ་འདོད་པ་ནི། ངས་འདི་ལྟར་ཤུགས་ཆེན་པོས་བསམ་ཚུལ་སྤེལ་དོན་ནི། གཅིག རེ་བཞག་ཆེ་དྲག་པ། གཉིས། ངས་དེབ་འདི་སྒྲུང་གཏམ་གྱི་དོན་དག་ལ་ལྟ་བ་ཙམ་མིན་པར་འགྱུར་གྱི་ལེགས་ཉེས་ལའང་དོ་སྣང་བྱས་ནས་བཀླགས་པ། གསུམ། འགྱུར་རྩོམ་ཞེས་བོད་ཡིག་གི་ལམ་ནས་རྒྱ་སྐད་དང་དབྱིན་སྐད་བཤད་མཁན་གྱི་དེབ་མང་དག་ཅིག་མཐོང་ནས་སུན་སྣང་སྐྱེས་ཡོད་པ་མ་ཟད། དེ་དག་བོད་ཡིག་རིན་པོ་ཆེ་ཡིག་རིགས་གཞན་གྱི་མི་སེར་སྤེལ་ཡུལ་ལ་རམ་འདེགས་བྱེད་ཀྱིན་པའི་དོགས་པ་ཞིག་སེམས་ལ་ནད་དུ་གྱུར་ཡོད་པ་བཅས་ཀྱི་རྐྱེན་གྱིས་ཁ་ཡག་གི་ཁ་བཏགས་འཐེན་མ་ཐུབ་པ་ལས་གཞན་གྱི་བསམ་བློ་ཅི་ཡང་མེད།
གཞན་དུ་ན། དགེ་འདུན་རབ་གསལ་གྱིས་བསྒྱུར་བ་<<རྒད་པོ་དང་རྒྱ་མཚོ>> རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར་བ་<<བྱོལ་སོང་གི་གཞིས་ཀ>>སོགས་དང་བསྡུར་བ་ཡིན་ན། <<མཚན་མོ་>>འདི་འགྱུར་ཡག་པོ་ཞིག་རེད་དེ། ཆུང་ཚེ་རིང་གིས་བསྒྱུར་བ་<<བོད་མི་གསར་བརྗེ་བ་ཞིག་>>དང་། ཤེས་རབ་དར་རྒྱས་ཀྱིས་བསྒྱུར་བ་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ལྟ་བུ་དག་དང་བསྡུར་ན། དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་ཞིག་མ་རེད། འགྱུར་བརྒྱ་རྩ་བརྒྱད་ནི་སྒྲིག་འཛུགས་རང་བཞིན་ཅན་ཞིག་དང་། དེ་ཡང་དཔལ་རྒྱལ་བ་ཀརྨ་པའི་མཚན་གནས་དང་འབྲེལ་ཏེ་ཡོད་པས། དམིགས་རྒྱ་སྣ་ཚོགས་དམིགས་འོག་ཏུ་ཆུད་དགོས་པ་སྨོས་མེད་དང་། ལྷག་པར་དཔལ་རྒྱལ་བ་ཀརྨ་པ་དང་དོ་དམ་མི་སྣ་ཚོས་ནན་ཏན་དང་ཡང་ཡང་བསྒྲགས་པའི་སྐད་ཡིག་གི་ཚེ་བསྲིངས་ཐབས་དང་ཀློག་མཁན་དཀྱུས་མ་དག་གིས་ཀློག་བདེ་ཞིང་གོ་ཐུབ་པ་ཅེས་པ་དེར་ད་དུང་ཐུགས་གཞིགས་ནན་མོ་མ་མཛད་ན་ཅུང་དཀའ་སེ་ཡོད་པའི་སྣང་ཚུལ་བྱུང་།
ལྟོས་བཅས་ཀྱིས་བཤད་ན། བཙན་བྱོལ་ནང་གི་སྒྲིག་འཛུགས་རང་བཞིན་ཅན་གྱི་འགྱུར་ཡིག་སྟེ། <<བོད་ཀྱི་གནས་བབ་>>དང་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>>སོགས་ཀློག་བདེ་ཞིང་གོ་ཐུབ་པ། བོད་ཀྱི་ཕ་སྐད་ལ་འགན་ཁུར་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་ལྟ་བྱ་ཡུལ་དེ་དག་གི་རྗེས་སུ་རྐང་པ་སྤོ་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ། ཁྱེད་ཅག་གིས་དཀའ་ལས་རྒྱག་བཞིན་པར་གུས་བརྩི་ཡོད། ཡག་ཐོག་ལེགས་རྩེག་ཡོང་ཆེད་ཞུས་པ་ཡིན།
ངས་བསམ་ཚུལ་འདི་བཙན་བྱོལ་ནང་གི་འགྱུར་གྱི་གནས་བབ་ལ་བལྟས་ནས་གླེང་བ་ལས་གཞིས་བཞུགས་མཁས་པ་དག་གི་འགྱུར་སོགས་ལ་ཅི་ཡང་བཤད་ཀྱིན་མེད་ལ། བཤད་པའི་སྤོབས་པའང་མེད། དུས་དང་རྣམ་པ་ཀུན་ཏུ་ཡི་རངས་ཁོ་ནའི་ཐལ་མོ་སྙིང་ཁར་ཟུམ་ཡོད།
ལས་འཆར་གྱི་རྩ་འཛིན་ལམ་སྟོན་དོན་ཚན་བཅུ་གཅིག་ཅན་དེ་ནི་གཤམ་གྱི་འདི་རེད།
༡། ཇི་ལྟར་ཡང་བོད་སྐད་ཀྱི་རང་གཤིས་མ་ཉམས་པ།
༢། བྱེ་བྲག་རྟོགས་བྱེད་དང་སྒྲ་སྦྱོར་བམ་པོ་གཉིས་པའི་དགོངས་དོན་གཙོ་བཟུང་།
༣། རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཀྱི་རྩ་འཛིན་ཁག་ནས་ལེགས་ཆ་ལེན་རྒྱུ།
༤། འབྲི་སླ་བ་དང་བརྗོད་བདེ་བ། ཡིད་ལ་བཟུང་སླ་བ།
༥། བཀའ་བསྟན་གཙོས་པའི་སྔ་མོའི་ཐ་སྙད་བེད་མེད་དུ་མ་ལུས་པ་དང་། གོ་དོན་གསར་པ་སྦྱོར་ཐབས།
༦། ལེགས་སྦྱར་དང་ཧིན་དི་སོགས་ཀྱི་ཐ་སྙད་སྦྱོར་ཐབས་བོད་ཀྱི་སྐད་ལ་མི་འཚམས་པ་རྣམས་བཙན་ ཐབས་ཀྱིས་མི་སྦྱོར་བ།
༧། ཡུལ་གཞན་གྱི་སྒྲ་རང་སོར་བཞག་པའམ་ཟུར་ཆག་པ་རྣམས་ཀྱི་དག་ཆ་གཏན་འབེབ་སྐབས་བོད་སྐད་རང་གི་གོ་དོན་མི་སྟེར་བ་གཙོ་བཟུང་།
༨། བོད་ཀྱི་ནང་ད་བར་བཟོས་ཟིན་པའི་བརྡ་ཆད་རྣམས་རྨང་གཞིར་འཇོག་རྒྱུ་ཡང་ཆབ་སྲིད་ཀྱི་བསམ་བློའ་ིདགོས་གལ་གྱིས་བཏགས་པ་དང་རྩ་བའི་ལྟ་གྲུབ་དང་མི་མཐུན་པ་རྣམས་ལ་ཞུ་དག་དང་བསྐྱར་བཅོས་བྱ་རྒྱུ།
༩། གསར་གཏོད་དང་གསར་བྱུང་གི་ཚིག་དེའི་ཐོག་མའི་འབྱུང་ཁུངས་དང་གོ་དོན་ལ་ཁུངས་གཏུགས་གང་ཐུབ།
༡༠། མདོར་ན་བོད་ཀྱི་སྐད་ཡིག་དེ། རྒྱ་སྐད་ཀྱིས་གཙོས་པའི་སྐད་ཡིག་གཞན་གྱི་མི་སེར་སྤེལ་ཡུལ་དུ་མ་གྱུར་བ་བྱ་རྒྱུ།
༡༡། བརྡ་ཆད་དང་སྐད་ཀྱི་རིག་གནས་ལ་མཁས་པའི་ཁྱད་ལས་པས་དཔྱད་པ་སོང་བ་དགོས་རྒྱུ་བཅས།
དགོངས་ དག
རྒད་པོ་དང་རྒྱ་མཚོ དང་ བྱོལ་སོང་གི་གཞིས་ཀ་ལྟ་བུ་ནི་བརྗོད་བྱའི་ཐད་ནས་ཀྱང་བོད་མི་ཀློག་མཁན་དང་ཧ་ཅང་རྒྱང་ཐག་རིང་བའི་རྐྱེན་ བོད་མི་གསར་བརྗེ་བ་ཞིག༝་ དང་ ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ ལྟ་བུ་ཡོང་རྒྱུ་ཁག་པོ་རེད་སྙམ།
ལྷག་པར་དུ་བོད་དང་བོད་ཀྱི་ཡུལ་གོམས་དང་འབྲེལ་བ་མེད་པའི་སྒྱུར་གཞི་ཞིག་ཡིན་ཚེ ། ཡིག་སྒྱུར་གྱི་ལས་ཀ་ནི་ལས་སླ་པོ་ཞིག་ཁྱོན་ནས་་མི་འདུག
སྔོན་མ་རྡ་སར་དབྱིན་ཡིག་སྦྱོང་བའི་སྐབས་ཀྱི་ཉིན་ཞིག དྲིལ་བསྒྲགས་དྲུང་ཆེ་ཨ་ཏི་ཤས་ཁོང་གི་ལས་ཤག་ཏུ་བོས་ནས། རྒྱལ་བ་རིན་པོ་ཆེའི་ཁོར་ཡུག་སྲུང་སྐྱོབ་བཀའ་སློབ་ཕྱོགས་བཏུས་དབྱིན་ཡིག་ཏུ་ཡོད་པ་དེ་ཟླ་གཅིག་ནང་ཡིག་སྒྱུར་ཚགས་དགོས་པའི་བཀོད་མངགས་བགྱིས།
དེ་ནས་དགའ་བ་དང་སྐྲག་སྣང་ཟུང་འབྲེལ་གྱིས་ཡིག་སྒྱུར་འགོ་བཙུགས་པ་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་ལུགས་སྐོར་དེ་སྔོན་ནས་དཔེ་ཀློག་དང་ཆེད་སྦྱོང་ལེགས་པོ་ཡོད་པས་མ་ཡིག་གི་ནང་དོན་མ་གོ་ངའི་དཀའ་ངལ་མེད་ནའང་། ཡིག་སྒྱུར་གྱི་ཉམས་མྱོང་མེད་པ་དང་བོད་སྐད་ཐོག་ཚིག་འགྲོས་ལེགས་པོ་ཞིག་ཡོང་དཀའ་བས། ཡིག་སྒྱུརནི་རང་ངོས་ནས་རྩོམ་འབྲི་བྱེད་པ་ལས་ལྡབ་མང་གིས་དཀའ་ཚེགས་ཆེ་བའི་ཚོར་སྣང་བྱུང་།
འགྱུར་དེ་གྲུབ་ཚར་རྗེས་དྲིལ་བསྒྲགས་ནས་པར་སྐྲུན་ཀྱང་ཚར་སོང་། ཡིན་ནའང་། ཡིག་སྒྱུར་དེའི་ཁྲོད་སེམས་པ་རྨང་ནས་ཞུམ་སོང་བས། འགྱུར་དེར་ད་ལྟ་བར་བལྟ་ཕོད་མེད།
སྐུ་ཞབས་ཤེད་བུ་ལགས།
བཀླགས་བྱང་ཟེར་བ་འདི་བོད་ཀྱི་ཐ་སྙད་ངོ་མ་ཞིག་ཡིན་ནམ། ངས་དངོས་གནས་་འདིའི་ནང་དོན་ཡག་་པོ་ལིག་གོ་སོང་མ་བས་འགྲེལ་ཞིག་གནང་རོགས། དགོངས་འགལ་མེད་པ་མཁྱེན།
བཀླགས་བྱང་ཟེར་བ་འདི་བོད་ཀྱི་ཐ་སྙད་ངོ་མ་ཞིག་ཡིན་ནམ། ངས་དངོས་གནས་་འདིའི་ནང་དོན་ཡག་་པོ་ཞིག་གོ་མ་སོང་བས་འགྲེལ་ཞིག་གནང་རོགས། དགོངས་འགལ་མེད་པ་མཁྱེན།
དེ་རིང་ངོ་དེབ་བམ་གདོང་དེབ་ཏུ་བོད་ཀྱི་ན་གཞོན་སྐོར་ཞིག་གིས་ཕྱི་རྒྱལ་བའི་དགེ་རྒན་ཆེན་མོ་ཞིག་ལ་རྩོད་པ་བྱས་ཏེ་བོད་ཀྱི་སྐད་ཡིག་དང་ཡུལ་སྐད་སོགས་ཀྱི་སྐོར་གླེང་བཞིན་འདུག ངས་དེ་ཚོའི་ནང་དོན་ལ་བསམ་གཞིགས་བྱེད་བཞིན་དུས་ཚོད་བསྐྱལ་བ་ཡིན། དེ་ནས་གློ་བུར་དུ་ཁ་བརྡའི་རྩོམ་འདི་མཐོང་བྱུང་། འཕྲལ་དུ་བཀླགས་པ་ཡིན། བསམ་ཚུལ་འགའ་ཞུ་རྒྱུར།
དང་པོ། འགྱུར་ཡག་པོ།
ངས་དེབ་འདི་འགྱུར་ཡག་པོ་འདུག དེབ་དེ་འགྱུར་ཡག་པོ་མི་འདུག་ཅེས་པའི་སྐད་ཆ་འདི་གོ་ནས་ཡུན་རིང་འགོར། ཡག་པོ་འདུག་ཅེས་བསྒྲགས་པའི་འགྱུར་དེ་ཚོའི་གྲས་ནས་དེབ་གཉིས་དམིགས་ཀྱིས་བཀར་ཏེ་ཞིབ་བསྡུར་བྱས་པ་ཡིན། ཞིབ་བསྡུར་སྐབས་སུ་མ་ཡིག་དང་འགྱུར་ཡིག་གཉིས་བསྡུར་པ་ཡིན། དེ་ལྟར་བསྡུར་སྐབས་འགྱུར་ཡིག་དེས་མ་ཡིག་གི་གོ་བ་མ་ལོན་པའམ་ལོག་པར་བསྒྱུར་བའི་དཔེ་མཚོན་རྙེད་བྱུང་། དཔེ་མཚོན་དེ་དག་ཟུར་བཅད་ཀྱིས་གྲོགས་པོ་འགའ་དང་ལྷན་དུ་སླར་ཡང་དཔྱད་བསྡུར་བྱས་པ་ཡིན། དེ་ནས་འདི་ལ་བསམ་བློ་གསར་པ་ཞིག་གཏོང་དགོས་བྱུང་། ད་ལྟ་འགྱུར་ཡག་པོ་མི་འདུག་ཅེས་པའི་སྐད་ཆ་འདི་ནི་བོད་ཡིག་ཀློག་བདེ་དང་མི་བདེ་ཙམ་ཞིག་ལ་སྦྱོར་བ་ལས་དོན་དུ་འགྱུར་བཟང་ངན་གྱི་སྐད་ཆ་ཞིག་མིན་པའི་ཚོར་སྣང་བྱུང་།
གཉིས་པ། དཔེ་མཚོན།
ཤེད་བུ་ལགས་ཀྱིས་འདིར་དཔེ་མཚོན་དུ་དྲངས་པའི་ “ཁོ་”ཅན་གྱི་ཚིག་གྲུབ་འདི་ལ་མཚོན་ན། བོད་སྐད་དུ་བདེ་པོ་མེད་སྐད་ཙམ་ལས་མི་གོ་བའམ་མ་གོ་བའི་དཀའ་ངལ་མེད་ཚོད་ཡིན། ད་ནི། “ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད། ” ཅེས་པའི་ཚིག་གྲུབ་འདི་ཇི་ལྟར་ཇེ་ལེགས་སུ་གཏོང་བ་ལ་ཚོད་ལྟ་ཞིག་བྱེད།
འགྱུར་ཡིག་ངོ་མ། “ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད། ”
“ཁོ་” གཉིས་བཅད་པ། “ཁོའི་མི་ཚེ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར། ཁོ་ཚོས་དཀོར་གཉེར་མོ་ཤི་ཞེས་འབོད།” སུ་ལ་དེ་ལྟར་འབོད་པ་རྩལ་དུ་བཏོན་མེད།
“ཁོ་”གསུམ་བཅད་པ། “ཁོའི་མི་ཚེ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་དཀོར་གཉེར་མོ་ཤི་ཞེས་འབོད། ” སུས་སུ་ལ་འབོད་པ་མི་ཤེས།
ད་གང་བདེའམ། གང་ལ་རྩ་འཛིན་བྱེད་དམ།
ཡོངས་གྲགས་སུ་འདོན་པའི་ཚིགས་སུ་བཅད་པ། “བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །”ཞེས་དང་། ཡང་། “དགྲ་བཅོམ་ཁྱོད་ལ་ཕྱག་འཚལ་འདུད། །མཆོད་འོས་ཁྱོད་ལ་ཕྱག་འཚལ་འདུད། །རིགས་པ་ཁྱོད་ལ་ཕྱག་འཚལ་འདུད། །ཁྱོད་ལ་འདུད་ཅིང་ཕྱག་འཚལ་ལོ” ཞེས་པ་འདིར་ཡང་ཁྱོད་ཅེས་པ་མང་འདུག་གམ། ཡང་བླ་མ་མཆོད་པའི་ཚིགས་སུ་བཅད་པ། “ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།” ཞེས་པ་འདི་དག་ཀྱང་བརྗེ་དགོས་སམ།
གསུམ་པ། རྒད་པོ་དང་རྒྱ་མཚོ།
རྒད་པོ་དང་རྒྱ་མཚོའི་འགྱུར་གྱི་སྐོར་དེ་ལན་དུ་མར་གསལ་བཤད་བྱས་ཟིན་པ་ཡིན། ནོངས་པ་དག་ལ་ནོངས་པར་ཤེས་ཏེ་གསལ་བཤད་བྱས་ཡོད། ད་དུང་དགོས་གལ་ཡོད་ན་རིམ་གྱིས་ཞུས་ཆོག
བོད་ཡིག་ཙམ་དུ་བསྒྱུར་བ་ལས་བརྒལ་ཏེ། བོད་སྐད་དུ་བསྒྱུར་བ་ཡིན་ན་དེ་ནི་འགྱུར་ལེགས་པའི་ཚད་རེད།
དཀོར གཉེར་ལགས་ལ་དངོས་མིང་ཞིག་ཡོད་མ་མྱོང་བ་ལྟར་མི་ཚང་མས་དཀོར་གཉེར་མོ་ཤི་ཞེས་འབོད།
*ཁོ*་གཅིག་ཀྱང་མེད་ནའང་འཐུས།
འགྱུར་བརྒྱ་རྩ་བརྒྱད་ཀྱི་ལས་འཆར་དང་དམིགས་ཡུལ་སོགས་དཔལ་༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་མཚན་མོའི་གླེང་བརྗོད་དུ་གསལ་ལེར་གསུང་འདུག་པས་དེ་ལ་འགྲིག་ཡོད་མེད་སྐད་ཆ་བཤད་རྒྱུ་ལྷག་མི་འདུག ལྷག་པར་དུ་ཁོང་གི་གླེང་བརྗོད་དུ་ལོ་ཙཱ་བར་ཆ་བཞག་ན་དགུང་ལོ་བགྲེས་གཞོན་དང་། ཕོ་མོ་དབྱེ་མེད་བཅས་བར་ལམ་བྱུང་མྱོང་མེད་པ་ཞིག་འགྱུར་༡༠༨ ཀྱི་ལས་འཆར་རུ་བྱུང་བར་གསུང་འདུག འགྱུར་ཀློག་པ་པོ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུ་གཏན་འཁེལ་རེད། བོད་པའི་རིག་གཞུང་ནི་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་ལས་ནང་བསྟན་ལ་ཆ་བཞག་པ་ཡིན་ན། སྔར་བོད་ཀྱི་ལོ་པཎ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་སྤྱད་དེ་ལོ་ཙཱ་བ་གནང་བའི་བཀའ་དྲིན་ལ་བརྟེན་ནས་དེང་སང་བོད་པའི་སྐད་ཡིག་ནི་འཛམ་གླིང་གི་གཅེས་ནོར་ཞིག་ཏུ་གྱུར་ཡོད་པ་རེད། འགྱུར་༡༠༨ གྱི་ལས་འཆར་རྒྱ་ཆེན་པོ་འདི་ལ་བརྟེན་ནས་མ་འོངས་པར་བོད་ཀྱི་སྐད་ཡིག་སྔར་ལས་རྒྱ་ཇེ་ཆེ་དང་ཇེ་ཕྱུག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། ལར་ནས་བསམ་ཚུལ་འདི་འདྲའི་རིགས་བཤད་དགོས་བྱུང་ན། ལ་རྩེ་དང་འབྲེལ་ཡོད་རྩོམ་སྒྲིག་པ་རྣམས་ཐད་ཀར་ཞུས་ན་འགྲིག་པར་སྙམ། དྲ་ལམ་དུ་འདྲ་མིན་སྣ་ཚོགས་བཤད་པ་དང་། འབྲི་བ་སོགས་ནི་མདོར་བསྡུས་ནས་ཞུས་ན་སོ་སོའི་ཁེ་ཕན་དང་སྙན་གྲགས་ཁོ་ན་ལས་སྤྱི་ཕན་གྱི་ལས་ཞིག་གཏན་ནས་མ་རེད།
འགྱུར་108་ཀྱི་འགྱུར་གཞིའི་དཔེ་ཆ་ཁག་ཅིག་ཕྱི་རྒྱལ་བའི་སྤྱི་ཚོགས་ཁྲོད་སྐད་གྲགས་ཆེན་པོ་ཡིན་ནའང་།
བོད་པའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་མིན། བོད་པའི་སེམས་ཁམས་ལ་བརྡ་ལན་སྤྲོད་ཐུབ་མིན་སོགས་ལའང་ངེས་པར་དུ་བསམ་གཞིག་གནང་དགོས་སྙམ།
ངས་གོ་ཐོས་ལ བྱོལ་སོང་གི་གཞིས་ཀ་ ལ་བོད་ཡིག་ནང་འགྱུར་མ་འདྲ་བ་གསུམ་ཡོད་ས་རེད།
དེབ་དེ་ཕྱི་རྒྱལ་བའི་ཁྲོད་་སྐད་གྲགས་ཡོད་ནའང་། བོད་ཡིག་ནང་འགྱུར་བརྒྱ་བྱུང་ནའང་སྐད་གྲགས་ཡོང་གི་མ་རེད།
ངམ་རིང་ཡོན་ཏན་རྒྱ་མཚོས་བསྒྱུར་བ༼དུད་འགྲོའི་གཞིས་ཀ༽བོད་འགྱུར་དེ་ནི་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་རེད། བོད་སྐད་དུ་བསྒྱུར་བ་ཞིག་རེད། དེ་བཀླགས་མྱོང་། ཚོར་བ་དེ་འདྲ་ཞིག་བྱུང་།
ལོ་ཙ་བ་གཞན་དེ་དོ་རྒྱ་ལྷ་འབུམ་ཚེ་བརྟན་ལགས་རེད།
གསལ་ལེ་རྒྱལ་ལགས་ལ། ཁྱེད་ཀྱི་དགོངས་ཚུལ་འདིས་ང་ལ་ཕན་ཐོགས་ཆེན་པོ་བྱུང་། དེ་ལྟར་དུ་བསྒྱུར་དགོས་པ་ཞིག་ཡིན་ཚེ། བརྩམས་པ་ཞིག་ལས་འགྱུར་བ་ཞིག་ཏུ་ཨེ་འགྲོ སྤྱིར་བཏང་བོད་སྐད་ཀྱི་སྐད་འགྲོས་དང་འགྱུར་རྩོམ་གྱི་སྐད་འགྲོས་གཉིས་མི་གཅིག་པ་དེ་ནི་མ་མཐའ་ལའང་དུས་རབས་བཅུ་གསུམ་པ་ནས་ད་བར་གྱི་བོད་ཀྱི་རྩོམ་རིག་ཁྲོད་གསལ་ལེར་མཐོང་དུ་ཡོད་པ་ཡིན། གསུང་འབུམ་རེ་རེ་ན་རྩོམ་འགྲོས་འདི་གཉིས་ཧ་ལམ་ཡོད་ཅེས་བཤད་ཐུབ་པ་ལྟ་བུ་ཞིག་རེད།
གུས་བར་འོས་པའི་དགེ་རབ་ལགས།
སྐད་འགྲོས་དང་འགྱུར་འགྲོས་ཞེས་འགྲོས་གཉིས་སུ་ཕྱེས་པ་དེ་དྲང་མོར་བཤད་ན་སྐད་གང་ཞིག་གང་ནས་གང་ལ་བསྒྱུར་བར་ཤེས་ཚད་ཀྱིས་མ་འདང་པས་ཡིན་པ་འདྲ། འདི་ནི་འགྱུར་འགྲོས་ཤིག་རེད་ཟེར་བ་དེ་དོན་གྱིས་སྒྱུར་བྱེད་ཚིག་གིས་བསྒྱུར་བྱ་ཇི་བཞིན་མཚོན་མ་ཐུབ་པའམ་ཡང་ན་ཚིག་གྲུབ་འུ་ཐུག་ཅིག་གིས་གོ་བརྡ་འཕྲོད་ཙམ་བྱས་པའི་དོན་རེད། དཔེར་ན། དགེ་སློང་དག་དང་ཚོགས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་བའི་གུས་ཕྱིར་མིན།། ལྟ་བུ་ལ་འགྱུར་འགྲོས་ཅི་ཡང་མི་མངོན་པ་དེའི་དཔེ་མཚོན་རེད།
རྩོམ་པ་པོ་དག་ལ་” འདི་ངའི་སྦྱངས་རྩོམ་ཞིག་ཡིན་” ཞེས་རྩལ་མ་ཐོན་པའི་སྔོན་ལ་ཚོད་ལྟའི་ཚུལ་ཏུ་བྲིས་པའི་རྩོམ་ཡིག་མང་པོ་འདུག འགྱུར་འགྲོས་ཞེས་པ་དེའང་སྒྱུར་པ་པོ་དག་གི་ཚོད་ལྟའི་སྦྱངས་འགྱུར་མིན་དྲོ།
ངས་མི་ཤེས་མོད་ཁྱེད་ཀྱིས་དུས་རབས་བཅུ་གསུམ་པ་ནས་བཟུང་འགྱུར་འགྲོས་ཡོད་པ་རེད་ཟེར། དེ་ན་འགྱུར་འགྲོས་ནི་དུས་རབས་བཅུ་གསུམ་པ་ནས་བཟུང་ལོ་ཙ་བའི་མཚང་བྱང་ཕྱིར་བསྡུ་བྱས་ཟིན་པའི་འུ་ཚང་གི་སྐྱ་བྷ་ཚོར་སྦྱང་སྒྱུར་གྱི་ཚུལ་ཏུ་སྤྲད་པའི་དམིགས་བསལ་ཅིག་མིན་དྲོ། གཞན་ཡང་དཔྱད་རྩོམ་ཞིག་བསྒྱུར་ན་ལོ་ཙ་བ་དེ་དཔྱད་རྗོད་པ་ཞིག་ཡིན་མི་དགོས་པར་ཡི་གེ་བ་ཡ་མེད་ཅིག་ཡིན་ན་ཆོག་མོད། བརྩམས་སྒྲུང་ཞིག་བསྒྱུར་ན་སྒྲུང་རྩོམ་པ་ཞིག་ཡིན་དགོས་ཏེ་སྒྲུང་གི་ཚིག་འགྲོས་དེ་ཡེ་གེ་ཤེས་པ་ཙམ་གྱིས་མི་ཡོང་པས་རེད། །
གཞན་ཡང་ཞོར་འཕྲོས་ཙམ་ལ།
“ གནམ་གྲུ་གནམ་ནས་ས་ལ་ལྷུང་” ཚིག་གྲུབ་འདི་ལ་ཨ་ཁུ་ཕུར་བས་”གནམ་ནས་”་ཟེར་དགོས་བ་མ་རེད། གནམ་གྲུ་ས་ལ་ལྷུང་ཞེས་བྲིས་ན་ཚང་མས་གནམ་ནས་ལྷུང་བ་ཤེས་གི་རེད་ལབས་པ་རེད་ཟེར། དེ་བཞིན་ “ཁོ་ལ་མི་ཚེ་འདི་ལ་རུས་མིང་ཞིག་ཡོད་མ་མྱོང་” འདིའང་” ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་” ཞེས་བྲིས་ན་མི་ཚེ་ལ་ཡོད་མ་མྱོང་པ་ཤེས་གི་རེད།
“ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད། ”། ཚིག་གྲུབ་འདིའི་ནང་ན་ལ་གསུམ་དང་ཁོ་བཞི་འདུག “། ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཀུན་པོས་དཀོར་གཉེར་མོ་ཤི་ཞེས་འབོད།་” ། མི་ཚེ་ལ་ཞེས་མ་བྲིས་ནའང་ཡོད་མ་མྱོང་ཞེས་པའི་ཚིག་དེས་ཁོའི་མི་ཚེ་ལ་ཡོད་མ་མྱོང་བ་མཚོན་གི་རེད། དེ་བཞིན་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་” ཞེས་བྲིས་ན་”ཁོ་ལ་མི་ཚེ་འདི་ལ་” ཞེས་པའི་ལ་་ལ་ལ་ལ་ལ་དེའང་ཡོང་གི་མ་རེད།
“ ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བཞིན་ཀུན་པོས་དཀོར་གཉེར་མོ་ཤི་ཞེས་འབོད”། ལ་གཉིས་དང་ཁོ་གསུམ་བླངས་ཟིན།
བསམ་འཆར་ཙམ་བཤད་འདོད་དེ་ཡར་བཤད་མར་བཤད་བཅོ་བརྒྱད་བྱས་ཟིན་དགོངས་དག། །
“ ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་བཞིན་ཀུན་པོས་དཀོར་གཉེར་མོ་ཤི་ཞེས་འབོད”། དགོངས་དག མ་མྱོང་བ་བཞིན་ཞེས་པའི་བ་དེ་ཆད་འདུག
མིག་གཅིག་ཅན་ཚོས་སྤྱང་རྟུག་འཕེན་གི་མ་འདུག་ལོ། རང་ངོས་ནས་འགོ་བཙུགས་ཏེ་ཅིག་བསྒྱུར་དང་། དེ་ནས་ཤེས་རྒྱུ་ཞིག་དང་བསམ་རྒྱུ་ཞིག་ཡོད་ངེས།
དཔེར་ན། རྒད་པོ་དང་རྒྱ་མཚོ་ཟེར་བའི་དཔེ་དེབ་ཧྲིལ་བོ་ཕར་ཞོག དེའི་ནང་གི་ཐིག་ཕྲེང་ཁ་ཤས་བདམས་ནས་བསྒྱུར་དང་། རང་ཉིད་ཀྱིས་སྤྱང་རྟུག་འཕེན་གི་ཡོད་པ་རང་བཞིན་གྱིས་ཤེས་ནི་རེད།
འགྱུར་རྩོམ་གང་ཞིག་བོད་སྐད་དུ་བསྒྱུར་ཐུབ་ཡོད་པ་ཡིན་ན། གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡོང་ས་མེད་པ་རེད། གལ་སྲིད་བོད་སྐད་དུ་བསྒྱུར་ཐུབ་མེད་པ་ཡིན་ན། དེ་ལ་འགྲེལ་བཤད་ག་ཚད་བརྒྱབ་ནའང་། གོ་འགྲོ་བར་ཅི་གང་མི་ཕན། བཙན་བྱོལ་ནང་འགྱུར་ཡིག་ཚད་ལྡན་གྱི་མཐེ་བོང་བསྒྲེངས་ས་བཞི་ལྔ་ཙམ་རེད། གཞན་ད་ལྟ་ང་ཚོའི་འགྱུར་ཡིག་གི་ཚད་ནི། གོ་རྒྱུ་ཞིག་ཡོད་དང་མེད་ཀྱི་མཚམས་ན་ཡོད་པ་རེད། མ་གཞི་ནས་ང་ཚོས་རེ་བ་ཆེན་པོ་བརྒྱབ་པའི་རྗེས་ལ་འགྱོད་པ་ཆེན་པོ་ཞིག་དྲུང་འོང་གི་ཡོད་ས་རེད། ད་ལྟ་ང་ཚོ་ཡིག་སྒྱུར་ཙམ་གྱི་གནས་སྐབས་ན་ཡོད་པ་ཤེས་དགོས་འདུག དེ་ཤེས་པའི་སྟེང་ནས་ང་ཚོས་མ་འོངས་པ་ན་འགྱུར་ཡིག་ཚད་ལྡན་འགའ་རེ་འབྱུང་བའི་རེ་བ་བྱས་ཆོག་གི་རེད། ཡིག་སྒྱུར་བ་ཚོས་ད་ལྟ་གོ་ལ་མི་གོ་ཞིག་བསྒྱུར་བཞིན་པ་འདི་ཡང་ཡག་པོ་རེད། འདིའི་སྟེང་ན་རེ་བ་རྒྱག་པའི་གཞི་རྩ་ཞིག་ཏན་ཏན་ཡོད་པ་རེད།
བྱང་ཆུབ་ལོ་མ་ལགས་སུ། ཁྱེད་ཀྱིས་ལོ་ཙ་བ་མདོ་སྨད་པ་བློ་གྲོས་རྒྱལ་པོས་བསྒྱུར་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་དངགས་ཆེན་པོ་དེ་ཀློག་རོགས། དེ་ནས་དགོངས་ཚུལ་ཅི་བྱུང་གསུངས་རོགས། བཀའ་དྲིན་ཆེ།
“ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད།
མི་ཚེ་འདིར་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་། ཁོ་ལ་ཀུན་པོས་དཀོར་གཉེར་མོ་ཤི་ཞེས་འབོད”།”
“ཁོང་ལ་རུས་མིང་ཞིག་མེད་སྟབས། ཚང་མས་དཀོར་གཉེར་མོ་ཤི་ཞེས་འབོད།”
དགེ་རབ་ལགས།
པཎ་ཌི་ཏ་ས་དབང་བཟང་པོ་དང་ལོ་ཙཱ་བ་བློ་གྲོས་རྒྱ་མཚོ་གཉིས་ཀྱི་འགྱུར་དེ་མཇལ་མྱོང་། ཁྱེད་རང་གིས་མདོ་སྨད་པ་བློ་གྲོས་རྒྱལ་པོ་གསུང་འདུག་པ་བློ་གྲོས་རྒྱ་མཚོ་དང་གཅིག་ཡིན་ནམ། གཞན་ཞིག་ཡིན་ན་ནི་དེའི་འགྱུར་མཇལ་མ་མྱོང་། ཁྲོ་ཕུ་ལོ་ཙཱ་བའི་འགྱུར་ཞིག་ཀྱང་ཡོད་སྐད་ཡིག་ལམ་ཞིག་ནས་མཐོང་བ་དྲན། གང་ལྟར་ས་དབང་བཟང་པོ་དང་བློ་གྲོས་རྒྱ་མཚོ་གཉིས་ཀྱི་འགྱུར་དེར། རྒྱ་གར་བའི་ཚིག་སྦྱོར་གྱི་ཤན་ཞུགས་པ་མ་གཏོགས་དོན་སྐྱོན་མེད་ཟེར་བ་ཡོངས་གྲགས་རེད། དེ་ལྟར་ན། རྒྱ་གར་བའི་ཚིག་སྦྱོར་གྱི་ཤན་ཤུགས་ཟེར་བ་འདི་ལོ་ཙཱ་བ་དང་མཁས་པ་ཚད་ལྡན་དག་ལ་གྲགས་པའི་གསུང་རེད། དེའི་དོན་ནི། དེང་སང་གི་བཤད་སྟངས་བྱས་ན། བོད་སྐད་རང་མིན་པའི་ཚིག་སྦྱོར་ཡོད་པར་བཤད་པ་དེ་རེད། འགྱུར་ལེགས་པོ་མེད་པའི་དོན་རེད། ཁྱེད་ཀྱིས་བཤད་འདོད་པ་ཡང་འདི་ཡིན་ངེས། གང་ལྟར། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ནང་བཞིན་གྱི་སྙན་བརྗིད་ལྡན་པ་ཞིག་མ་རེད།
དེ་ནས་ཞུ་རྒྱུ་གཅིག་ལ། མཁས་དབང་རག་ར་རིན་པོ་ཆེ་ཡིས་རྒྱ་དཔེ་ལེགས་སྦྱར་དང་ཧིན་སྐད་དུ་ཡོད་པ། དབྱིན་འགྱུར་སོགས་བསྡུར་ནས་སྔོན་གྱི་འགྱུར་ལ་ཞུས་དག་དང་མཆན་བཏབས་ནས་དོན་ལ་འགྱུར་བཅོས་གནང་ཡོད་པ་དེ་ཡང་བཀླགས་མྱོང་།
འཕྲོས་བཤད་ཅིག་བྱས་ན། སུམ་པ་མཁན་པོས་བཀའ་བསྡུ་གསུམ་པའི་སྦྱིན་བདག་རྒྱལ་པོ་ཎི་ཥྐ་ཡིན་པ་དང་། སློབ་དཔོན་རྟ་དབྱངས་ཀསྨིར་ལ་ཕེབས་པ། སློབ་དཔོན་ཆོས་གྲགས་དང་སྲོང་བཙན་གཉིས་སྐུ་ཐོག་མཉམ་པ་སོགས་གསུང་པ་མཇལ་ནས་སློབ་དཔོན་རྟ་དབྱངས་ཀྱི་སྐོར་ལ་ཉམས་ཞིབ་ཅིག་ཀྱང་བྱས་མྱོང་སྟེ། དཔྱད་མཐར་གཏུགས་མ་ཐུབ།
གང་ལྟར། སྙན་དངགས་ཆེན་པོ་དེ་ན། ཇི་ལྟར་འདོད་པའི་བུ་ནི་རྙེད་གྱུར་ལ།། བུ་ཡི་བུ་ཡང་བཙས་པའི་བདག་གི་ནི།། རིགས་ནི་ཡོངས་སུ་འཕེལ་བར་འགྱུར་སྙམ་དུ།། གདེངས་ཐོབ་གྱུར་པས་ཡིད་ནི་སྤྲོ་བར་གྱུར།། ཞེས་དང་། ས་གཞི་སྐྱོང་བ་རྣམས་ཀྱིས་བུ་སྐྱོང་བ།། རྒྱལ་པོའི་དཔལ་གྱི་འབྱོར་བ་བསྲུང་ཕྱིར་ཏེ།། ཆོས་ལྡན་རྒྱལ་པོས་འདོད་པའི་ཡུལ་སྤོང་བ།། བུ་ནི་སྐྱོང་ཞིང་དམ་ཆོས་བསྲུང་བྱེད་ཡིན།། འདི་ལྟ་བུར་འདུག དེང་སང་གི་ཡིག་སྒྱུར་བ་ཚོའི་ཡི་གེ་གོ་བ་མི་སྟེར་བ་དག་དང་བསྡུར་ན་གནམ་གྱི་མཐོངས་ཤིག་རེད་འདོད།
སྙན་དངགས་འདི་དོན་འགྱུར་གཙོ་ཆེ་བ་བྱས་པའི་ཚོད་ཀྱིས་བོད་སྐད་ནང་ལ་སྙན་ཆ་དེ་ཙམ་མ་ཐོན་པར་བརྟེན་ནས་འཕྲིན་ལས་འཕེལ་པོ་རང་ནི་མ་བྱུང་ཟེར་བ་འདི་ཡང་མཁས་པ་རྣམས་ལ་གྲགས་པའི་གཏམ་རེད། རྒྱ་དཔེ་རང་ལ་མཚོན་ན། ཧ་ཅང་སྙན་བརྗིད་ཆེ་བ་ཞིག་དང་རྒྱ་གར་ལ་དེང་ནའང་གྲགས་པ་ཆེ་བ་ཞིག་ཡིན་འདུག
ཞར་ལ། སྐྱེས་རབས་སོ་བཞི་པའི་འགྱུར་དེ་རྒྱ་དཔེ་ལས་དེ་ཙམ་ཉམས་འགྱུར་མ་ཐོན་པར་གྲགས་པ་དང་། དཔག་བསམ་འཁྲི་ཤིང་ནི་རྒྱ་དཔེ་ལས་བོད་འགྱུར་དེ་སྙན་ཆེ་བ་བྱུང་ཡོད་པ་སོགས་སྔོན་དུས་ཀྱི་འགྱུར་གྱི་གནས་སྟངས་ཀྱང་ང་ཚོས་ཤེས་དགོས་ལ། ཤེས་ནས་སྨྲ་བ་ལ་འཇུག་དགོས་པ་ཡིན་སྟབས། རྨོངས་ཤིང་གྱ་ཚོམ་དུ་ཞུ་བ་ལ་འཇུག་པ་སྤོང་བའི་ཐོས་པ་ཙམ་བྱས་ནས་ཞུ་གི་ཡོད་ལགས།
བྱང་ཆུབ་ལོ་མ་ལགས་ལ་ཞུ་རྒྱུར། འདི་ལྟར་ཁུངས་དང་ལུང་ལ་གཞི་བཅོལ་ཏེ་ལན་གནང་པ་ལ་ཐུགས་རྗེ་ཆེ་ཞུ། ཐོག་མར་སངས་རྒྱས་ཀྱི་སྤྱོད་པའི་འགྱུར་དེ་ལ་གསལ་བཤད་ཅིག་གི་ཚུལ་དུ་དེའི་འགྱུར་བྱང་འདིར་བཀོད་ཡོད། དེ་ཡང་དྲ་ཐོག་ནས་ཕབ་བཤུ་བྱས་པ་ཙམ་ལས་མ་ཡིག་ལ་ཞིབ་བསྡུར་བྱས་མེད། “ཡུལ་ཤཱ་ཀེ་ཏ་ཀའི་གསེར་མིག་མའི་བུ་དགེ་སློང་སློབ་དཔོན་སྙན་དངགས་མཁན་ཆེན་པོ། སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ། བཙུན་པ་རྟ་དབྱངས་ཀྱིས་མཛད་པའི། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས་སྐུ་གདུང་རྣམ་པར་བགོ་བའི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད་པ་ཡོངས་སུ་རྫོགས་སོ། །ས་སྟེང་རྒྱ་མཚོའི་མཐར་ཐུགས་བསྟན་པའི་བདག་པོའི་མཆོག་།ཡོན་ཏན་མཚུངས་མེད་ཕུལ་བྱུང་དུ་མའི་གཏེར་ཆེན་པོ། མཁས་པ་རྣམས་ཀྱི་བླ་མ་སྐྱེ་དགུ་རྣམས་ཀྱི་དཔལ། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས། འཇིག་རྟེན་ཀུན་ན་ཟླ་བྲལ་སྐྱེས་མཆོག་དེ་ཉིད་ཀྱི། ཕྲིན་ལས་སྒྲུབ་པ་བརྙེས་པའི་ཐུགས་དགོངས་རྣམ་དག་དང་། མི་རྗེ་ལྷ་སྲས་གུང་ཐང་རྒྱལ་མོ་ཡུམ་སྲས་དང་། ཆོས་ལ་གཅིག་ཏུ་དཀར་བའི་ལྷ་ཅིག་ཀུན་དགའ་འབུམ། མང་ཡུལ སྐྱིད་རོང་བཟོ་མོ་ཡོན་ཏན་སྐྱིད་ལ་སོགས། ཆོས་ལྡན་དམ་པ་རྣམས་ཀྱིས་སྦྱིན་བདག་བགྱིད་པའི་ངོར། འཕགས་པ་རྟ་དབྱངས་ཀྱིས་མཛད་ཐུབ་པའི་མཛད་པ་འདི། ས་དབང་བཟང་པོ་དང་ནི་བློ་གྲོས་རྒྱལ་པོས་བསྒྱུར༎” དེས་ན་འདིས་ལོ་ཙ་བ་སུ་ཡིན་མིན་གྱི་ཁ་ཚོན་དེ་ནས་ཆོད་པ་གྱིས།
ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་ལ། བཀའ་བསྟན་ནའང་འགྱུར་མི་ལེགས་པ་ཡོད་པ་དེ་ང་ཚོར་ངོ་འཕྲོད་པ་རེད། དེ་མིན་དབྱུག་པ་ལེབ་རྡུང་ལྟ་བུས་བཀའ་བསྟན་ན་ཡོད་ཚད་ལེགས་པ་དང་། དེང་སང་གི་བྱས་ཚད་མི་ལེགས་པ་ལྟ་བུའི་སྤྱི་བཤད་དེ་ཚོ་ལ་སྙིང་པོ་མི་འདུག
དེ་ནས་ཁྱེད་ཀྱིས་རྟ་དབྱངས་ཀྱི་སྐོར་ལ་དཔྱད་ཞིབ་བྱས་ལུགས་དེ་ལ་ཡི་རང་ཞུ། ངས་ཀྱང་རྟ་དབྱངས་སྐོར་ལ་དཔྱད་ཞིབ་ཅིག་འབྲི་འཆར་གྱིས་ཡིག་ཆ་འཚོལ་བསྡུ་བྱས་ཡོད། གཙོ་བོ་དེ་ནི་རྟ་དབྱངས་ཀྱི་གསུང་རྩོམ་དང་མི་ཚེའི་སྐོར་ལ་ནུབ་ཕྱོགས་མཁས་པ་རྣམས་དང་བོད་ཀྱི་བཞེད་ལུགས་གཉིས་མི་མཚུངས་པ་དེ་རེད།
ངས་སངས་རྒྱས་ཀྱི་སྤྱོད་པ་འདི་གཞི་འཛིན་གྱིས་སློབ་ཁྲིད་ཅིག་བྱས་མྱོང་ལ། དེ་ཡང་བོད་འགྱུར་དང་དེང་སང་གསར་ཐོན་གྱི་དབྱིན་འགྱུར་གཉིས་བསྡུར་པ་ཡིན། དེ་ལྟ་བུའི་ཐོག་ནས་ཁ་གསལ་དང་མི་གསལ་གྱི་ཁྱད་པར་ལ་དོ་སྣང་བྱུང་།
ངས་སྔར་ནས་ཡང་ཡང་ཞུས་ཟིན་པའི་ཇོ་བོའི་འགྱུར་དང་། གདུགས་དཀར་གྱི་” ཤ་ལ་ཟ་བ་དང་།” སོགས་ཀྱི་ཚིག་འགྲོས་སོགས་ལའང་ངེས་པ་རྙེད་པའི་ཐོག་ནས་འགྱུར་གྱི་སྐོར་གླེང་ན་ཕན་ཐོགས་ཡོད་ཐག་ཆོད་རེད།
ད་གལ་ཆེ་ཤོས་ཤིག་ནི། དེང་སང་གི་འགྱུར་ལ་སྐྱོན་བརྗོད་བྱེད་སྐབས། མི་གོ་བའི་རིགས་ལ་རྟགས་བཏབ། དེ་ནས་མ་ཡིག་ལ་བསྡུར། དེ་ནས་གོ་བདེར་གཏོང་ཐབས་ཀྱི་རྣམ་དབྱེ་ཞིག་མཛད་ཐུབ་ཚེ་ཧ་ཅང་དགོས་མཁོ་ཆེ་ངེས། དེ་ཡང་དམོད་མོ་དང་ཚིག་རྩུབ་ཀྱི་དབང་དུ་མ་སོང་བའི་ཐོག་ནས་གནང་ཐུབ་ན་ལེགས། དེ་མིན་དམོད་མོ་གཏོང་རེས་སོགས་ཀྱིས་འགྱུར་ཇེ་ལེགས་སུ་གཏོང་མི་ནུས།
དོན་འདི་དང་འབྲེལ་ནས་ཞུ་རྒྱུ་ཞིག་ལ། འགྱུར་ལ་གཙིགས་འཛིན་བྱེད་པའི་རིག་གནས་སམ་ལེགས་བྱང་འདི་ལྟ་བུ་བོད་ལས་གཞན་ལ་མེད་ཚོད་འདུག དེ་ནས་ང་ཚོ་ནི་རང་གི་དགེ་རྒན་ནམ་བླ་མ་དེ་སངས་རྒྱས་དངོས་སུ་ལྟ་བའི་འདུ་ཤེས་ཆེན་པོ་ཡོད་སྟབས། མི་ཞིག་གི་ནུས་པ་ལ་བརྟེན་ནས་མི་ཞིག་གི་ལས་ཀ་བྱས་པ་དེ་ལའང་། སྐྱོན་ཉུང་ངུ་ཞིག་ཡོད་པ་དེ་ཁོ་ན་ལ་གཞི་བཅོལ་ནས་ལེགས་ཆ་ཡོད་ཚད་ནག་གསུབ་ཏུ་གཏོང་བའི་གོམས་གཤིས་མེད་དམ་སྙམ་པའང་སེམས་ལ་འཆར་རོ།།
ཁ་བྲོ། བཀྲ་ཤིས།
“ཁོའི་མི་ཚེ་ལ་ཁོ་ལ་རུས་མིང་ཞིག་ཡོད་མ་མྱོང་བ་ལྟར་ཁོ་ཚོས་ཁོ་ལ་དཀོར་གཉེར་མོ་ཤི་ཞེས་འབོད། ” ཞེས་པའི་འགྱུར་འདིའི་དབྱིན་ཡིག་གི་མ་ཚིག་ནི་འདི་ལྟར་རེད། They called him Moishe the Beadle, as if his entire life he had never had a surname. ང་ཚོས་བོད་ཡིག་གི་འགྱུར་དུ་ “ཁོ་ཚོ” ཞེས་པའི་ཚིག་དེ་དོར་ན། དེས་སྒྲུང་འདིའི་ནང་དོན་ལ་གོ་བ་ལེན་རྒྱུར་སྐྱོན་ཞིག་ཐེབས་སུ་འཇུག་ངེས་པ་ཞིག་འདུག
སྒྲུང་དེབ་འདི་ནི་ “ཁོ་ཚོ་” ཞེས་པའི་ཚིག་འདིའི་ཐོག་ནས་འགོ་བཙུགས་ཡོད་ཅིང་། སྐབས་དེར་ས་ཁུལ་དེའི་འཇུའི་མི་རིགས་ནང་ཁུལ་དུའང་། མི་རིགས་གཅིག་རུང་སྐྱིད་སྡུག་མི་གཅིག་པའི་འགལ་རྐྱེན་ཞིག་ཡོད་པ་དེ། རྩོམ་པ་པོས་ “ཁོ་ཚོ” དང་ “ང་ཚོ” ཞེས་པའི་ཚིག་རིས་ཀྱི་ཐོག་ནས་གྲལ་རིམ་གྱི་དབྱེ་བ་ཞིག་འབྱེད་རྩིས་བྱས་ཡོད། དེ་མིན་གཞན་དཔེར་ན། མ་ཚིག་གི་ནང་གི་ entire དང་ never ཞེས་པའི་ཚིག་གཉིས་དོར་བ་མ་ཟད། ད་དུང་ called ཞེས་པའི་བྱ་ཚིག་དུས་འདས་པ་དེ་ད་ལྟ་བར་བསྒྱུར་རུང་། དེས་སྒྲུང་གི་གོ་བ་ལེན་ཕྱོགས་ལ་ཆེར་མི་གནོད་པ་འདྲ་ཞིག་འདུག་སྙམ།
རང་སྐད་དང་། གཞན་སྐད།
རང་ཚིག་དང་། གཞན་ཚིག
ཚིག་རྙིང་དང་། ཚིག་གསར།
བརྡ་གསར་དང་། གཡར་ཚིག
གཞན་རྩོམ་དང་། རང་རྩོམ། །
འགྱུར་རྩོམ་དང་། གསར་རྩོམ། །
རྩོམ་སྟངས་དང་། འབྲི་སྟངས། །
མི་འདྲ་ས། ཤེས་དགོས།