འོས་སྦྱོར་བ། རོང་བོ་དཀོན་མཐིལ།
༄༅། །བོད་ཡིག་གི་དག་ཆ་གལ་ཆེ་ཚུལ་གྱི་སྐོར་མདོར་བསྡུས་གླེང་བ།[①]
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ཁུ་བྱུག་གིས་བརྩམས།[②]
(ནང་དོན་གནད་བསྡུས།) དཔྱད་རྩོམ་འདིའི་ནང་དུ་ཐོག་མར་བོད་ཡིག་གི་དག་ཆ་གལ་ཆེ་ཚུལ་ལས་འཕྲོས་པའི་ཡི་གེའི་དག་ཆ་ཤེས་པའི་དགེ་མཚན་དང་། དེ་ནས་ཡི་གེའི་དག་ཆ་མ་ཤེས་པའི་སྐྱོན། རིམ་པར་ཡི་གེའི་དག་ཆ་འབྱུང་བའི་ཐབས། ཡི་གེའི་ནོར་བ་སེལ་བའི་གཉེན་པོ། ཡི་གེའི་དག་ཆ་ཕུན་སུམ་ཚོགས་པའི་རྒྱུ། ཡི་གེའི་དག་ཆས་བརྗོད་དོན་གསལ་བར་སྟོན་པ་སོགས་དོན་ཚན་དྲུག་གི་ཀྱི་སྒོ་ནས་བོད་ཡིག་གི་དག་ཆ་གལ་ཆེ་ཚུལ་གྱི་སྐོར་མདོར་བསྡུས་གླེང་བའོ། །
གལ་ཆེའི་ཐ་སྙད། བོད་ཡིག དག་ཆ། མདོར་བསྡུས།
གླེང་གཞི།
ད་ལྟར་བོད་ཡིག་གི་སློབ་ཚན་ཡོད་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཁྲིད་དངོས་ཀྱི་སྐབས་སུ་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པ་དང་། རྩོམ་ལ་འཇུག་པ། སྙན་ངག་སོགས་འཆད་རྩོམ་གཉིས་ཆར་ཡི་གེའི་དག་ཆ་ཡོད་མེད་ཀྱི་གནད་དོན་མང་པོ་ཐུག་གིན་ཡོད་ཅིང་། རྗོད་བྱེད་ཀྱི་ཡི་གེའི་དག་ཆ་ལེགས་པོ་ཞིག་ཡོད་ན་བརྗོད་བྱའི་དོན་ཡང་དག་པར་སྟོན་ཐུབ་ལ། གལ་སྲིད་རྗོད་བྱེད་ཀྱི་ཡི་གེའི་དག་ཆ་ལེགས་པོ་ཞིག་མེད་ན་བརྗོད་བྱའི་དོན་ཡང་དག་པ་ཞིག་སྟོན་མི་ཐུབ་པའི་ཕྱིར་ན་ཡི་གེའི་དག་ཆ་ལེགས་པོ་ཞིག་ཐོན་པ་ནི་ཤིན་ཏུ་གལ་ཆེ་བར་སེམས། དེས་ན་འདི་ནས་བོད་ཡིག་གི་དག་ཆ་གལ་ཆེ་ཚུལ་གྱི་སྐོར་ནས་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད། རྩོམ་འཇུག སྙན་ངག་སོགས་འཆད་རྩོམ་བྱ་བའི་དགེ་སློབ་སྐོར་ཞིག་གི་སྙན་དུ་ཡི་གེའི་དག་ཆ་གལ་ཆེ་ཚུལ་སྐོར་ནས་མཁས་གྲུབ་ལོ་པཎ་གོང་མ་རྣམས་ཀྱི་གསུང་གི་ལེགས་བཤད་ལ་ཁུངས་གཏུགས་ཤིང་། ཁྱད་པར་དུ་སློབ་ཁྲིད་དང་རྩོམ་འབྲི་བ་སོགས་ཀྱི་སྐབས་སུ་ཡི་གེའི་དག་ཆ་ཡོད་མེད་ཀྱི་དགེ་སྐྱོན་དང་། ཡི་གེའི་དག་ཆ་འབྱུང་ཐབས་སོགས་ནི་སློབ་ཁྲིད་དང་རྩོམ་འབྲི་བའི་ལག་ལེན་དངོས་དང་འབྲེལ་ནས་ཡི་གེའི་དག་ཆ་གལ་ཆེ་ཚུལ་སྐོར་ནས་མདོར་བསྡུས་གླེང་བར་བྱ་བའོ། །
དང་པོ། ཡི་གེའི་དག་ཆ་ཤེས་པའི་དགེ་མཚན་བཤད་པ།
དེ་ཡང་དག་ཡིག་ཅེས་པ་ནི། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ལས། སྤྱིར་ན་དག་ཡིག་རྣམས་ནི་མིང་དོན་མ་འདྲེས་སོ་སོར་ཕྱེ་སྟེ་ཡི་གེ་འདུས་པའི་ཚུལ་དུ་གཏན་ལ་ཕབ་པ་ཞིག་ཡིན་པ་དང་།[③] ཞེས་གསུངས་པ་ལྟར། ཕྱི་ནང་གིས་བསྡུས་པའི་རིག་གནས་ཐམས་ཅད་ལས་འཕྲོས་པའི་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ལ་རག་ལས་ཏེ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །[④]ཞེས་སུམ་ཅུ་པ་ལས་གསུངས་པ་ལྟར་དང་། ཡི་གེའི་སྦྱོར་བ་མེད་ན་མིང་ཚིག་བརྗོད་པ་ཀུན་གསལ་བར་མི་འགྱུར་ལ། གལ་ཏེ་མིང་ཚིག་བརྗོད་པ་ཀུན་གསལ་བ་མེད་ན་ནི་བརྗོད་བྱའི་དོན་རྣམས་སྟོན་པར་མི་འགྱུར་བའི་ཕྱིར་ན། མིང་ཚིག་གསལ་བར་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །[⑤]ཞེས་གསུངས་པ་ལྟར། བརྗོད་བྱའི་དོན་ཡང་དག་པར་སྟོན་མིན་ནི་རྗོད་བྱེད་ཀྱི་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་ཡི་གེའི་བརྡ་དག་གི་སྡེབ་སྦྱོར་ལ་རག་ལས་པ་དང་། དེ་བཞིན་རྗོད་བྱེད་ཀྱི་ཡི་གེའི་བརྡ་དག་གི་སྡེབ་སྦྱོར་ཡང་དག་པས་བརྗོད་བྱའི་དོན་ཡང་དག་པར་གསལ་བར་སྟོན་པ་སྟེ་དེ་གཉིས་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲེལ་བ་ཞིག་གོ། །
དེ་ཡང་ཡི་གེའི་དག་ཆ་གལ་ཆེ་ཚུལ་ནི་བོད་ཀྱི་བརྡ་དག་གི་བསྟན་བཅོས་མང་དུ་ཇི་སྐད་དུ་གསུངས་ཡོད་སྙམ་ན། བརྡ་ལ་བརྟེན་ནས་དོན་འཚོལ་ཕྱིར། །མིང་བརྡ་འཕྲད་པ་ཤིན་ཏུ་གཅེས། །ཞེས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་གསུངས་པ་དང་། བོད་ཀྱི་བརྡའི་བྱེ་བྲག་དག་བྱེད་གསལ་བའི་མེ་ལོང་ལས། གསུང་རབ་བརྡ་ལ་མ་སྦྱངས་ན། །རྗོད་བྱེད་ཚིག་གི་སྒྲ་འདྲ་ཡང་། །བརྗོད་བྱ་དོན་ལ་ཁྱད་པར་ཡོད། །དེ་ཕྱིར་ཡི་གེའི་དག་བྱེད་དགོས། །[⑥]ཞེས་གསུངས་པའི་ཕྱིར་ན། ཡི་གེའི་དག་སྦྱོར་ནི་ཤིན་ཏུ་གལ་ཆེ་བར་གྲུབ་ཅིང་། ཁྱད་པར་དུ་ཉེར་མཁོའི་སྒྲོན་གསལ་ལས་ཀྱང་། བཀའ་དང་བསྟན་བཅོས་ཟབ་རྒྱ་ཆེའི། །དོན་རྣམས་སྨོས་ཅི་འཇིག་རྟེན་གྱི། །མིང་ཚིག་བརྗོད་དོན་རྣམ་དག་ཀྱང་། །འདོད་ན་ཡི་གེའི་སྡེབ་སྦྱོར་གཅེས། །ཞེས་གསུངས་པ་ལྟར། བཀའ་བསྟན་གྱི་ཟབ་རྒྱའི་དོན་སྨོས་ཅི་དགོས་ཤིང་ཐ་ན་འཇིག་རྟེན་གྱི་མིང་དང་ཚིག་གི་བརྗོད་དོན་རྣམ་དག་ཀྱང་རྗོད་བྱེད་ཀྱི་ཡི་གེའི་དག་ཆའི་སྡེབ་སྦྱོར་ཡང་དག་ཡོད་མེད་ལ་རག་པའི་ཕྱིར་ན་ཡི་གེའི་དག་ཆ་ནི་ཤིན་ཏུ་གལ་ཆེའོ། །
དེས་ན་ངག་དབང་བསྟན་དར་ལྷ་རམས་པས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ་ས་བཟང་མ་ཏི་པཎ་ཆེན་གྱིས་གསུངས་པའི་ཚིགས་བཅད་ཅིག་དྲངས་པ་ལ། ལེགས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོགས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དག་པ་གཙོ་བོ་ཡིན། །[⑦]ཞེས་ཡི་གེ་མགྱོགས་སྙོམས་དག་གསུམ་ལས་ཡི་གེའི་དག་པ་གལ་ཆེ་བར་གསུངས་པ་དང་། དེའི་དགོངས་དོན་གྱི་རྗེས་སུ་འབྲངས་ནས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་མཛུབ་རིས་ལས། ཡི་གེ་དག་སྙོམས་མཛེས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །[⑧]ཞེས་ཡི་གེ་ལ་དག་ཆ་མེད་པ་ནི་སྙིང་མེད་པའི་སྐྱེས་བུ་དང་འདྲ་བའི་དཔེའི་སྒོ་ནས་གསལ་བར་གསུངས་པ་དང་། དེ་བཞིན་དུ་དགེ་བའི་བཤེས་གཉེན་དཔའ་རིས་སངས་རྒྱས་ཀྱིས་ཀྱང་ཡི་གེའི་དག་ཆ་གལ་ཆེ་བར་གསུང་བ་ལ། ཡི་གེ་བྲིས་ན་དག་སྙོམས་མཛེས་གསུམ་དགོས། སྙོམས་ཆ་དང་མཛེས་ཆ་ཞན་ཡང་མི་ཆོག་པ་མེད་མོད། དག་ཆ་མ་ཐོན་ན་མི་ཆོག་སྟེ། གོ་བརྡ་ཇི་བཞིན་འཕྲོད་དཀའ་བའི་ཕྱིར།[⑨]ཞེས་གསུངས་པ་བཞིན། ཡི་གེའི་བརྡ་དག་གི་སྡེབ་སྦྱོར་ནི་ཤིན་ཏུ་གལ་ཆེ་ཕྱིར་དག་ཡིག་གི་གཞུང་དག་ལ་ངེས་པར་དུ་བསྟེན་དགོས་མོད། འོན་ཀྱང་དག་ཡིག་གི་གཞུང་ཞིག་ཡིན་ཕྱིན་ཐམས་ཅད་ཡང་དག་པ་ཡིན་པས་མ་ཁྱབ་པའི་ཕྱིར་ན་འདོར་ལེན་ཡོད་པར་བྱ་དགོས་པའི་ཚུལ་ལ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས། སྔོན་ནས་ད་བར་དག་ཡིག་ཆེ་ཆུང་གི་ཕྲེང་བ་རིང་པོར་བསྟར་བའི་ཁྲོད་ན། གཏན་ནས་ཕན་མི་ཐོགས་པའང་མེད་ལ། མཐའ་གཅིག་ཏུ་ཤ་གཟུག་ཟ་རྐྱང་རང་ཡིན་པའང་དཀོན་པར་གདའ་བས། འདོར་ལེན་མ་ནོར་བ་ཤིན་ཏུ་གལ་ལོ། །[⑩]ཞེས་དག་ཡིག་ཤེས་བྱ་རབ་གསལ་གྱི་མཇུག་བྱང་དུ་གསུངས་སོ། །
སྤྱིར་བཏང་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་དུ་གྲགས་ཆེ་བ་ལ་སུམ་རྟགས་དག་གསུམ་ཞེས་པ་ལས་སྔ་མ་གཉིས་ནི་བརྡ་སྤྲོད་པའི་གཞུང་དང་། ཕྱི་མ་ནི་དག་ཡིག་གི་གཞུང་དུ་གོ་བར་ཆགས་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ན། སུམ་རྟགས་དག་གསུམ་པོ་ཡི་གེའི་བརྡ་དག་ཡང་དག་པར་སྦྱོར་བ་སྟོན་པའི་གཞུང་ལུགས་ལས་མ་འདས་ཏེ། སུམ་རྟགས་དག་གསུམ་ལས་སུམ་ཅུ་པ་ནི་རྣམ་དབྱེ་དང་ཚིག་ཕྲད་རྣམས་ཡང་དག་པར་སྦྱོར་བའི་དག་ཡིག་དང་། རྟགས་འཇུག་ནི་བྱ་ཚིག་གི་དུས་གསུམ་གྱི་རྣམ་འགྱུར་ཡང་དག་པར་སྦྱོར་བའི་དག་ཡིག་དང་། ཕྱི་མ་སྟེ་དག་ཡིག་ནི་མིང་གི་སྡེབ་སྦྱོར་ཡང་དག་པར་བྱེད་པའི་དག་ཡིག་སྟེ་དག་ཡིག་ཅེས་པའི་སྒྲ་དོན་གུ་ཡངས་པོར་འཇུག་པའི་གོ་བ་བླངས་ན་སུམ་རྟགས་དག་གསུམ་པོ་དག་ཡིག་གི་ཁོངས་སུ་གཏོགས་པར་སྣང་། སུམ་རྟགས་དག་གསུམ་ལ་དག་བྱེད་རྣམ་གསུམ་དུ་གྲགས་པའང་། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ལས། མིང་དག་པར་བྱེད་པ་དག་ཡིག ཚིག་ཕྲད་དག་པར་བྱེད་པ་སུམ་ཅུ་པ། བྱ་ཚིག་དག་པར་བྱེད་པ་རྟགས་འཇུག་བཅས་གཙོ་ཆེ་བའི་དབང་དུ་དག་བྱེད་རྣམ་པར་གསུམ་དུ་འཇོག་པ་ཡིན་ཞིང་།[11] ཞེས་གསུངས་པའི་ཕྱིར་ན། འདིར་བཤད་པའི་ཡི་གེའི་དག་སྦྱོར་ཤེས་པའི་དགེ་མཚན་ཡང་སུམ་རྟགས་དག་གསུམ་ལས་དག་ཡིག་ཁོ་ན་ཙམ་མིན་པར་སུམ་རྟགས་དག་གསུམ་ཤེས་པའི་དགེ་མཚན་ལ་ཤེས་པར་བྱ་བ་ནི་གལ་ཆེ་བར་སེམས་སོ། །
གཉིས་པ། ཡི་གེའི་དག་ཆ་མ་ཤེས་པའི་སྐྱོན་བཤད་པ།
དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་ཞེས་པའི་མཇུག་བྱང་ལས། ཡི་གེའི་བརྡ་ལ་བརྟེན་ནས་ནི། །མ་ནོར་དོན་རྣམས་འཚོལ་དགོས་ཕྱིར། །[12]ཞེས་གསུངས་པ་ལྟར། བརྗོད་བྱའི་དོན་ཡང་དག་པར་རྟོགས་པར་བྱེད་པ་ལ་ཐོག་མར་དོན་སྟོན་པའི་རྗོད་བྱེད་ཀྱི་ཡི་གེའི་བརྡ་དག་ལ་མ་བརྟེན་པ་གཅིག་ཀྱང་མེད་པའི་ཕྱིར་ན། རྗོད་བྱེད་ཡི་གེའི་བརྡ་དག་ཡང་དག་པར་སྦྱོར་བ་ནི་བརྗོད་བྱའི་དོན་ཡང་དག་པར་སྟོན་ཐུབ་མིན་ལ་ཐད་ཀར་འབྲེལ་བ་ཡོད་པས་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ། གལ་ཏེ་རྗོད་བྱེད་ཀྱི་ཡི་གེའི་བརྡ་དག་ཀྱང་ཡང་དག་པར་མ་འཐོན་ན་བརྗོད་བྱའི་དོན་ཡང་དག་པར་རྟོགས་པར་འགྱུར་བ་ནི་ལྟ་ཅི་སྨོས་ཏེ། དཔལ་ཁང་ལོ་ཙཱ་བ་ཆེན་པོས་དག་ཡིག་ངག་སྒྲོན་གི་རྩ་བར། ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། །[13]ཞེས་གསུངས་པས་ཇི་ལྟར་ཤེས་དགོས་སྙམ་ན། རྗོད་བྱེད་ཀྱི་ཚིག་ཏུ་གྱུར་པའི་ཡི་གེའི་སྦྱོར་བ་སོགས་ལ་འཁྲུལ་ཞིང་ནོར་བ་ཡིན་ན་བརྗོད་བྱའི་དོན་ལ་འཁྲུལ་པ་འབྱུང་བ་སྨོས་ཅི་དགོས་པའི་ཕྱིོར། དེས་ན་ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྒྲ་འཇུག་ལས། ལུང་སྟོན་པར་བྱེད་པའི་སྒྲའི་གནས་མ་རྟོགས་པས་ནི། ཚིག་གི་སྡེབ་སྦྱོར་ཙམ་ཡང་ཤེས་པར་མི་འགྱུར་ན། ཡང་དག་པའི་དོན་རྟོགས་པར་ག་ལ་འགྱུར།[14] ཞེས་གསུངས་པ་སོགས་ཀྱི་དགོངས་དོན་ལ་བལྟས་ན། བརྗོད་བྱའི་དོན་གང་ཞིག་ཡང་དག་པར་སྟོན་པ་ལ་རྗོད་བྱེད་ཀྱི་ཡི་གེའི་བརྡ་དག་ལ་རག་ལས་པའི་ཕྱིར་ན། ཡི་གེའི་དག་ཆ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པར་གྲུབ།
གལ་སྲིད་ཡི་གེའི་བརྡ་དག་ནོར་བ་ཡིན་ན་བརྗོད་བྱའི་དོན་ལ་འཁྲུལ་བ་འབྱུང་སྲིད་པས་ན་ཡི་གེའི་བརྡ་དག་ཡང་དག་པར་འཐོན་པར་བྱ་བ་ནི་གལ་ཆེ་བར་སེམས་ཏེ། དེང་རབས་བོད་ཀྱི་ཡིག་སྐད་དུ་ཡི་གེའི་དག་ཆ་ཉམས་པ་དང་། ཚིག་གི་སྦྱོར་ཚུལ་ནོར་བ། ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བ་སོགས་སྐྱོན་མང་པོ་སྣང་བ་ནི། དེང་སང་གི་རྩོམ་རིགས་ནང་དུ་ཡི་གེ་ལ་དག་ཆ་མེད་པ་དང་། ཚིག་གི་སྦྱོར་སྟངས་བོད་སྐད་དང་མི་མཐུན་པ་དང་ཡུལ་སྐད་ཉག་ཉོག་བསྲེས་པ་མང་དུ་ཡོད་པས་ནང་དོན་ཅུང་ཟད་ལེགས་པའི་རིགས་ཀྱི་རིན་ཐང་ཡང་ཆེ་ཆེར་བཅག་འདུག་གོ། །[15]ཞེས་དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེས་གསུངས་པ་ནང་བཞིན། དེང་སང་གི་བོད་ཡིག་གི་རྩོམ་དུ་ཚིག་དོན་སོགས་གང་གི་ཆ་ནས་ནོར་སྐྱོན་མང་པོ་བྱུང་དང་འབྱུང་བཞིན་པའི་ཚུལ་ནི་ཧ་ལས་དགོས་པའི་གནས་སུ་གྱུར་འདུག་སྟེ། ཡང་ཁོང་གིས། ……བདག་གིས་ཀྱང་བོད་ཡིག་གི་དུས་དེབ་དང་། གསར་འགྱུར། རྩོམ་དེབ་སོགས་མིག་སྔར་གང་མཐོང་མཐོང་ལ་མཉམ་འཇོག་ཅུང་ཟད་བྱས་པར། སློབ་གྲྭ་ཆེན་མོའི་སློབ་གྲྭ་པ་དང་། སློབ་གྲྭ་མཐོ་འབྲིང་ནས་མཐར་ཕྱིན་པའི་ན་གཞོན་རྣམས་ཀྱིས་བྲིས་པའི་གསུང་རྩོམ་ནང་དུ་ཡིག་སྐྱོན། ཚིག་སྐྱོན། དོན་སྐྱོན་ཉུང་ཉུང་ཙམ་མ་ཡིན་པར། གང་ཡིན་སར་མཐོང་ཞིང་ཧ་ལས་དགོས་པའི་ཚོད་དུ་སྣང་ལ།[16]ཞེས་གསུངས་པ་ལྟར། འདི་ནས་ཚིག་དོན་སོགས་གང་གི་ཐད་ནས་ནོར་སྐྱོན་བྱུང་བའི་གནད་དོན་རྣམས་ཕྱོགས་སྡོམ་བྱས་ན་ཡིག་སྐྱོན་དང་ཚིག་སྐྱོན། དོན་སྐྱོན་སོགས་ལས་མ་འདས་སོ། །
དེ་ཡང་དང་པོ་ཡིག་སྐྱོན་གྱི་ཕྱོགས་ལ། ཡི་གེ་མ་དག་པ་དང་། རྣམ་དབྱེ་དང་ཚིག་ཕྲད་སོགས་དགོས་སར་མི་འཇོག མི་དགོས་སར་འཇོག་པ་སོགས་ཆད་ལྷག་ནོར་འཁྲུལ་མང་བ་དང་།[17]ཞེས་པ་དང་། གཉིས་པ་ཚིག་སྐྱོན་ཕྱོགས་ལ། ཙམ་སྒྲ་དང་། ངང་སྒྲ་སོགས་ལོག་པར་སྦྱར་བ་དང་། རྒྱ་སྐད་ཀྱི་ཚིག་གི་སྦྱོར་སྟངས་མང་དུ་བསྲེས་པ་དང་། ཚིག་སྔ་ཕྱིའི་མཚམས་སྦྱོར་གྱི་སྒྲ་ཆད་ཅིང་དོན་སྔ་ཕྱི་མི་འབྱོར་བ་དང་།[18]ཞེས་པ་དང་། གསུམ་པ་དོན་སྐྱོན་གྱི་ཕྱོགས་ལ། བརྗོད་འདོད་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཚོན་ཐུབ་ཀྱིན་མེད་པ་དང་། འགལ་མ་ངེས་ཐེ་ཚོམ་ཅན་གྱི་ཚིག་སྦྱོར་དང་། ཚིག་དང་དོན་སྟེང་གི་ཞིབ་ཆ་མེད་པའོ། །[19]ཞེས་གསུངས་པ་སོགས་སོགས་བོད་རང་གི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལས་སུམ་རྟགས་དག་གསུམ་གྱི་ཡིག་སྲོལ་ཡང་དག་པ་རྣམས་རིམ་པར་ཉམས་པ་དང་། ད་ལྟའི་མི་མང་པོ་ཞིག་གིས་ཡི་གེའི་དག་ཆ་ནོར་བ་ཙམ་ནི་ཅི་ཡང་མི་སྙམ་པར་བཏང་སྙོམས་སུ་བཞག་པ་ནི་བཟང་རྟགས་ཤིག་མ་ཡིན་པར་གསུང་བ་ལ། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་དུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན། [20]ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་པ་ནི། བོད་ཀྱི་སྐད་ཡིག་གི་དག་སྦྱོར་དང་བོད་ཀྱི་ཆོས་དང་རིག་གནས་ཀྱི་བསྟན་པའི་དར་རྒུད་དང་ཐད་ཀར་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན་པར་སེམས་སོ། །
གསུམ་པ། ཡི་གེའི་དག་ཆ་འབྱུང་བའི་ཐབས་བཤད་པ།
གཅིག ཡི་གེའི་དག་ཆ་སྒྲ་ལ་ཐུག་ཚུལ། བོད་ཀྱི་ཡི་གེ་ནི་སྦྱོར་ཀློག་ཅན་གྱི་ཡི་གེ་ཡིན་ཚེ། ཡི་གེའི་སྦྱོར་བ་དག་ན་ཡི་གེའི་སྒྲ་དག་པ་དང་། ཡི་གེའི་སྒྲ་དག་ན་ཡི་གེའི་དག་ཆ་ཐོན་པའི་ཕྱིར་ན། ཡི་གེའི་དག་ཆ་འབྱུང་མིན་ནི་ཐོག་མར་ཡི་གེའི་སྒྲ་ལ་ཐུག་པའི་ཕྱིར་ན། སྒྲ་དོན་གཉིས་ལས་ཐོག་མར་སྒྲ་ལ་མཁས་དགོས་པར་བསྟན་པ་ལ། རྒྱལ་དབང་ལྔ་བ་ཆེན་པོས་དབྱངས་ཅན་དགྱེས་གླུར་དྲངས་པའི་ཚིགས་བཅད་ཅིག་སྟེ། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བཤད། །[21]ཅེས་པ་ལྟར། བོད་ཀྱི་ཡི་གེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ། སྔོན་མིང་རྗེས་གསུམ་ཡི་གེའི་གཟུགས་ཀྱི་རྣམ་པས་སྔོན་མིང་རྗེས་གསུམ་སོགས་ཀྱི་སྒྲ་གདངས་ཀྱི་སྦྱོར་ཀློག་མཚོན་པ་དང་། སྔོན་མིང་རྗེས་གསུམ་སོགས་ཀྱི་སྒྲ་གདངས་ཀྱི་སྦྱོར་ཀློག་གི་རྣམ་པས་བརྗོད་བྱའི་དོན་མཚོན་པ་ཡིན་ནོ། །
བོད་ཀྱི་མིང་དང་ཚིག་གི་སྦྱོར་བ་ཐམས་ཅད་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ནི་སྦྱོར་ཀློག་ཅན་གྱི་ཡི་གེའི་སྒྲ་ལས་བྱུང་བའི་ཕྱིར་ན། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །[22]ཞེས་གོང་དུ་གསུངས་པས། མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་རྩ་བ་ནི་ཡི་གེའི་སྦྱོར་བ་ལ་ཐུག་པར་བསྟན་པ་དང་། ཡི་གེ་རྣམས་ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །[23]ཅེས་གསུངས་པ་བཞིན། བོད་ཀྱི་ཡི་གེའི་རྩ་བ་ནི་སྒྲའི་སྦྱོར་ཀློག་ལ་བརྟེན་ནས་བྱུང་བའི་ཕྱིར་ན། ཡི་གེའི་དག་ཆ་འབྱུང་བ་ལ་ཐོག་མར་ཡི་གེའི་སྒྲ་ལ་ཐུག་པའི་རྒྱུ་མཚན་དུ་བཞེད་པ་ལ། དགེ་བའི་བཤེས་གཉེན་དཔའ་རིས་སངས་རྒྱས་ཀྱིས། ཡི་གེ་སྒྲ་ལ་བརྟེན་ནས་བྱུང་བ་ཡིན་པས། ཡི་གེ་དག་དགོས་ན། ཐོག་མར་སྒྲ་དག་དགོས།[24]ཞེས་གསུངས་པ་ལྟར་ཡིན་ཞིང་། གལ་སྲིད་ཡི་གེའི་སྦྱོར་ཀློག་གི་སྒྲ་མ་དག་ན། ཡི་གེ་འབྲི་བའི་ཚེ་ན་ནོར་བ་འབྱུང་ཉེན་ཆེ་སྟེ། ཐ་སྙད་འགའ་རེའི་སྒྲ་ཉེ་བའི་དབང་གིས་ཉ་ཉུང་མཉམ་བསྲེས་སུ་གྱུར་ནས། སོ་སོའི་དོན་བདེ་བླག་ཏུ་གོ་བར་མི་འགྱུར། དཔེར་ན། ཞྭ་མོ། ཤ་མོ། བྱ་མོ་གསུམ་གྱི་སྒྲའི་ཟུར་མ་ཐོན་ན། ཉན་མཁན་ལ་གོ་ལོག་འབྱུང་སྲིད་དོ། །[25]ཞེས་གསུངས་པ་སོགས་ཀྱིས་ཀྱང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པ་ལས། འདྲའོ་སྙམ་ནས་ནོར་བར་བྲིས། །[26]ཞེས་གསུངས་པའི་དགོངས་དོན་ཤིན་ཏུ་གལ་ཆེ་བའི་ཚུལ་ནི་ཤེས་པར་བྱའོ། །
བོད་ཀྱི་ཡི་གེ་ལ་མཚོན་ན། སྔོན་མིང་རྗེས་གསུམ་དང་མགོ་འདོགས་སོགས་ལ་དབྱངས་བཞི་སྦྱར་ཚུལ་དང་བཅས་པའི་ཡི་གེའི་སྦྱོར་ཀློག་གི་སྒྲ་ཡང་དག་པར་བརྗོད་ཐུབ་ན་ཡི་གེའི་སྦྱོར་བའི་དག་ཆའང་ཡང་དག་པ་འབྱུང་བར་འགྱུར་བའི་འབྲེལ་བ་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞིག་གོ། །
གཉིས། སྒྲ་དག་པར་སྦྱོར་བ་གལ་ཆེ་ཚུལ། ཡི་གེའི་སྒྲ་དག་པར་སྦྱོར་བ་ནི་ཤིན་ཏུ་གལ་ཆེ་སྟེ། དགེ་བའི་བཤེས་གཉེན་དཔའ་རིས་སངས་རྒྱས་ཀྱིས། སྒྲ་དག་པར་སྦྱོར་བ་ནི། ཡི་གེའི་སྦྱོར་བ་དག་པར་བྱེད་པའི་ཐབས་དམ་པ་ཞིག་ཡིན།[27]ཞེས་གསུངས་པ་བཞིན། ཡི་གེའི་སྦྱོར་བ་དག་པར་བྱེད་པ་ལ་སྒྲ་དག་པར་སྦྱོར་བ་གལ་ཆེ་བའི་ཕྱིར་ན། བོད་ཀྱི་ཡི་གེའི་སྦྱོར་བ་ལ་མགོ་འདོགས་འཕུལ་རྟེན་སོགས་ལ་འཇུག་པ་བཞི་རེའི་སྒོ་ནས་སོ་སོར་བསྟན་པ་ནི། གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །[28]ཅེས་རྟགས་ཀྱི་འཇུག་པ་ལས་གསལ་བར་གསུངས་པས། ཡི་གེའི་སྒྲ་དག་པར་སྦྱོར་བ་ལ། ཡི་གེ་བསྐྱེད་པའི་རྒྱུ་སྟེ་གནས་དང་། བྱེད་པ། རླུང་། རྣམ་རྟོག་བཞི་ལས་ཡི་གེའི་སྒྲ་གདངས་འབྱུང་བ་ལ། ཐོག་མར་ཡི་གེའི་བསྐྱེད་པའི་རྒྱུ་ནི། ཡི་གེའི་རྒྱུ་ནི་ཇི་ལྟར་བྱེད་ཅེ་ན། །རྣམ་པར་རྟོག་པས་སྒྲ་ཡི་རྣམ་པ་ཤར། །རླུང་ནི་གཡོ་ཞིང་བྱེད་པ་གནས་དང་ཕྲད། །ཡི་གེ་སོ་སོའི་གདངས་རྣམས་སྐྱེ་བ་འོ། །[29]ཞེས་གསུངས་པ་དང་།
དེ་ནས་ཚུལ་ཇི་ལྟར་བསྐྱེད་ཅེ་ན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེ་གདངས་རྣམས་སྐྱེ། །[30]ཞེས་གསུངས་པ་ལྟར་ངེས་དགོས་ཤིང་། དེ་ནས་ཡི་གེའི་དག་པར་སྦྱོར་བ་དངོས་ཀྱི་སྐབས་སུ་མིང་གཞིའི་ཡི་གེ་རྣམས་དང་། དབྱངས་བཞི། མགོ་འདོགས་འཕུལ་རྟེན་སོགས་ཀྱི་ཡི་གེ་རྣམས་ཚུལ་བཞིན་སྦྱོར་བ་དང་། ཁྱད་པར་དུ་ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བས་སྒྲ་དྲག་ཞན་བར་མའི་འཇུག་པ་ཚུལ་བཞིན་སྦྱར་བ་ལས་སྒྲ་དག་པར་འབྱིན་པ་ཡིན་པས་ན་སྒྲ་དག་པར་སྦྱོར་བ་གལ་ཆེ་བའི་ཕྱིར་ན། རྗེ་བཙུན་ས་སྐྱ་བསོད་ནམས་རྩེ་མོས་ཀྱང་། གང་གིས་འབྱུང་གནས་མི་ཤེས་པས། །ལོག་པར་སྨྲ་བ་དུ་མ་མཐོང་། །དེ་ཕྱིར་དག་པར་བརྗོད་ཤེས་ཕྱིར། །ཡི་གེའི་འབྱུང་གནས་བརྗོད་ཐབས་བྱ། །[31]ཞེས་གསུངས་པ་དང་།
གཞན་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་བོད་ཡིག་གི་གནས་དང་བྱེད་རྩོལ་ངོས་འཛིན་ཚུལ་གསར་བའི་གཏམ་གྱི་མྱུ་གུ་ཞེས་པ་བཞུགས་སོ། །ཞེས་པ་ལས། མཁས་མཆོག་ཐོན་མི་སམ་བྷོ་ཊས། །རིག་པ་གང་ལ་བརྩོན་འགྲུས་ཀྱིས། །སློབ་པར་བྱེད་པའི་གང་ཟག་གིས། །ཐོག་མར་ཡི་གེ་རྐྱང་བ་རྣམས། །རང་རང་སྐྱེ་གནས་དང་མཐུན་པར། །རེ་རེ་བྱས་ནས་འདོན་པ་ཡི། །སྒྲ་གདངས་རྣམ་པར་དག་པ་དང་། །དེ་ནས་སྔོན་རྗེས་མིང་གསུམ་པོ། །ཚེག་བར་གཅིག་ཏུ་སྦྱོར་ཚུལ་བཅས། །ཀློག་ཚུལ་ལེགས་པར་ཤེས་པའི་ཕྱིར། །སྦྱོར་ཀློག་རིམ་པར་བསླབ་པར་གསུངས། །དེ་ཡང་རང་རང་ཡུལ་སྐད་དང་། །སྔོན་གྱི་ཟེར་རྒྱུན་ཙམ་ཡིན་པར། །ཡི་གེའི་མདོ་ནས་བཤད་པ་བཞིན། །འཕྱུག་མེད་འདོན་པ་གལ་ཆེ་ཞེས། །མཁས་པས་ནན་གྱིས་གདམས་པའི་དོན། །མདོ་ཙམ་འདི་ན་བཤད་པར་བྱ། །[32]ཞེས་སོགས་གསུངས་པ་དང་། ཁྱད་པར་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མདོ་བསྡུས་པ་ལས། ཀློག་མཁན་རྣམས་ཀྱིས་ནོར་བར་ཀློག །རྟོག་དཔྱོད་མཁན་པོས་ལོག་པར་གོ། །དེ་ནས་དོན་རྣམས་འཆུགས་པ་སྲིད། །[33]ཅེས་གསུངས་པས་ཀྱང་། ཡི་གེའི་སྒྲ་དག་པར་ཀློག་ཅིང་སྦྱོར་བ་སོགས་གལ་ཆེ་བའི་ཚུལ་ཤེས་དགོས་ཤིང་། དེའི་ཚུལ་རྒྱས་པ་ནི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་མཛད་པའི་བརྡ་དག་གི་བསྟན་བཅོས་དག་གི་གཞུང་དངོས་ལ་གཟིགས་ནས་དཔྱད་ཞིབ་བྱས་ཏེ་ཤེས་པར་བྱའོ། །
བཞི་པ། ཡི་གེའི་ནོར་བ་སེལ་བའི་གཉེན་པོ་བཤད་པ།
ཡི་གེའི་ནོར་བ་སེལ་བའི་གཉེན་པོ་ལ་བཤད་པ་མང་ནའང་མདོར་བསྡུས་ནས་བཤད་ན་མིང་ཚིག་ཡི་གེ་གསུམ་གྱི་སྦྱོར་ཚུལ་གྱི་དག་ཆའི་ཕྱོགས་ནས་འཆད་པར་བྱས་ན་སྟབས་བདེ་བར་མ་ཟད་དོན་ལའང་འབྱོར་བར་སེམས་ཏེ། ཐོག་མར་ཡི་གེའི་སྦྱོར་ཚུལ་གྱི་དག་ཆ་བཤད་ན། ཡི་གེའི་དག་ཆ་ནི་སྒྲ་གདངས་ལ་ཐུག ཅེས་གསུངས་ཤིང་གྲགས་པ་ལྟར། ཡི་གེའི་དག་ཆ་ཐོན་པ་ལ་ཐོག་མར་ཡི་གེའི་སྦྱོར་ཚུལ་ཡང་དག་པ་ལ་སྦྱང་དགོས་པའི་ཕྱིར་ན། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །[34]ཞེས་བོད་ཀྱི་བརྡ་སྤྲོད་པའི་རྩ་བ་སུམ་ཅུ་པ་ལས་གསུངས་པ་བཞིན། དེ་ཡང་མིང་གཞིའི་ཡི་གེ་རེ་རེ་དང་། དེ་དག་ལ་དབྱངས་བཞིའི་ང་རོ་འདྲེན་པའི་སྦྱར་ཚུལ་དང་བཅས་པ་ནས་བཟུང་སྟེ། མགོ་འདོགས་འཕུལ་རྟེན་གྱི་ཡི་གེ་རེ་རེའི་སྒྲ་དེ་གནས་གང་ལས་འབྱུང་བ་དང་། བྱེད་པ་གང་གིས་བསྐྱེད་པ། རྩོལ་བ་དྲག་ཞན་སོགས་གང་ལ་བརྟེན་ནས་སྒྲ་འབྱིན་པའི་ཚུལ་ཇི་བཞིན་ཀློག་པ་ནི་ཡི་གེའི་སྒྲ་གདངས་ཀྱི་སྦྱོར་བའི་ནོར་བ་སེལ་བའི་གཉེན་པོ་ཆེས་གཙོ་ཤོས་ཡིན་ནོ། །
མིང་གི་སྦྱོར་ཚུལ་གྱི་དག་ཆ་བཤད་ན། བོད་རང་གི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་རྣམ་དབྱེ་དང་བོ་སྟེ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་གི་རྣམ་དབྱེའི་གོ་དོན་བཤད་པ་ནས་བཟུང་སྟེ། མིང་གི་ཁྱད་ཆོས་དང་། མིང་གི་གོ་རིམ། མིང་གི་དབྱེ་བ། མིང་གི་འདོགས་ལུགས། མིང་གི་གྲུབ་ཚུལ། མིང་གི་བརྗོད་སྟངས་སོགས་དང་། དེ་ནས་མིང་གི་ངོ་བོ་དང་སྒྲ་གདངས་འགྱུར་ཚུལ་ནས་བོད་སྐད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ལ་བརྟེན་པའི་མིང་གི་རིག་གནས་ཀྱི་ཁྱད་པར་ཀྱི་བཤད་པ་དང་དབྱེ་བ་སོགས་ནི། བོད་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཐུན་པའི་དག་ཡིག་གི་རྩ་བ་དང་འགྲེལ་པ་དག་གི་དགོངས་པ་ཚུལ་བཞིན་དུ་ཡང་དག་པར་སྦྱོར་བ་ནི་མིང་གི་ནོར་བ་སེལ་བའི་གཉེན་པོ་ཞིག་ཡིན་ནོ། །
དེ་ནས་ཚིག་གི་སྦྱོར་ཚུལ་གྱི་དག་ཆ་བཤད་ན། ཚིག་གི་དག་ཆ་ནི་རྣམ་དབྱེ་དང་ཚིག་ཕྲད་ལ་ཐུག ཅེས་གྲགས་པ་ལྟར། ཚིག་གི་སྦྱོར་བ་ལ་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱར་ལུགས་དང་སྦྱོར་ཚུལ་སོགས་ནི། བོད་རང་གི་བརྡ་སྤྲོད་རིག་པའི་རྩ་བར་གྱུར་པ་སྟེ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཞེས་པ་གཉིས་གཙོས་པའི་བོད་རང་གི་སྐད་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་རིག་པའི་རྩ་བ་དང་འགྲེལ་པ་དག་གི་དགོངས་དོན་ལྟར་དུ་རྣམ་དབྱེ་དང་ཚིག་ཕྲད་སོགས་ཚུལ་བཞིན་དུ་སྦྱོར་བ་ནི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་ནོར་བ་སེལ་བའི་གཉེན་པོ་ཉག་གཅིག་ཡིན་པར་སེམས་པས་ན། དབྱངས་ཅན་དགའ་བའི་བློ་གྲོས་སམ་ཨ་ཀྱཱ་ཡོངས་འཛིན་གྱིས་བརྩམས་པའི་ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །[35]ཞེས་པ་སོགས་ཀྱིས་མཚོན་པའི་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་བརྩམས་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱོར་ཚུལ་སྟོན་པའི་བསྟན་བཅོས་ཀྱི་རྩ་ཚིག་རྣམས་བློ་ལ་བཟུང་ནས་ཡི་གེ་འབྲི་བ་སོགས་ཀྱི་སྐབས་སུ་ལག་ལེན་ལ་བྱང་བར་བྱ་བ་ནི་དེ་བས་ཀྱང་གལ་ཆེ་བར་སྣང་ངོ་། །
ལྔ་པ། ཡི་གེའི་དག་ཆ་ཕུན་སུམ་ཚོགས་པའི་རྒྱུ་བཤད་པ།
གཅིག ཀློག་དག་པ། སྤྱིར་ཡི་གེའི་དག་ཆ་ཐོན་པ་ལ་ཐོག་མར་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་བརྡ་དག་གི་བསྟན་བཅོས་མང་པོ་ཀློག་ནས་མིང་དང་ཚིག་རེ་རེའི་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་སྒྲའི་སྦྱོར་ཚུལ་གྱི་ཡི་གེའི་དག་ཆ་ལ་སྦྱོང་བ་མཐར་ཕྱིན་དགོས་ཏེ། སི་ཏུ་པཎ་ཆེན་གྱིས། དེས་ན་ཡི་གེ་དེ་རྣམས་སོ་སོར་ཀློག་པའི་ཚེ་སོ་སོའི་གནས་དང་བྱེད་པ་དང་རྩོལ་བ་རྣམས་དང་མཐུན་པ་ཞིག་གལ་ཆེ་ཞིང་གསལ་བྱེད་ལ་དབྱངས་ཡིག་སྦྱོར་བའི་ཚེའང་། ཀ་ལྟ་བུ་མགྲིན་པའི་སྐྱེ་གནས་ཅན་ལ་ཨི་ཨེ་མཚོན་བྱེད་གི་གུ་དང་འགྲེང་བུ་སྦྱར་བས་རྐན་གྱི་སྐྱེ་གནས་དང་ཡང་ལྡན་པར་འགྱུར་བ་སོགས་ཤེས་པར་བྱས་ནས་དེ་དང་མཐུན་པའི་ཀློག་ཚུལ་ཐོན་པ་དགོས་སོ། །[36]ཞེས་དང་། ཡང་ཁོང་གི་ཞལ་ནས་། སྦྱོར་ཀློག་གི་སྐབས་སུའང་འཕུལ་རྟེན་དང་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའི་སྒྲ་ཐོན་དགོས་པ་ནི་[37]ཞེས་པ་གང་ལ་ཐུག་སྙམ་ན། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །[38]ཞེས་གསུངས་པ་ནི་ཡི་གེ་ལ་དག་ཆ་འབྱུང་བའི་རྩ་བ་ལྟ་བུ་ཡིན་པར་གྲུབ།
དེས་ན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཤེས་བྱ་ཀུན་ཁྱབ་ཏུ། ཀློག་ལེགས་པར་བྱང་ནས་སྔོན་རྗེས་ཀྱི་འཇུག་པ་རྣམས་ཡུལ་གང་ལ་འཇུག འཇུག་པོ་གང་གིས་འཇུག ཚུལ་ཇི་ལྟར་འཇུག དགོས་པ་ཅིའི་ཕྱིར་འཇུག་པ་ལ་སོགས་པའི་རྣམ་གཞག་ཞིབ་མོ་ཐུ་མི་སཾ་བྷོ་ཊའི་གཞུང་བཟང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་བསླབ་པར་བྱ་……།[39]ཞེས་གསུངས་པ་ལྟར་མཛད་དགོས་པ་ནི་རྩ་བ་ཡིན་པ་དང་། གཞན་ཡང་ཡི་གེའི་དག་ཆ་ལ་བྱང་དགོས་ན་དག་ཡིག་གི་དཔེ་ཆ་དག་ཐོས་པ་བསླབ་གཉེར་ཁོ་ནས་མི་ཆོག་པར་གཞན་ཆོས་དང་རིག་གནས་སོགས་ཀྱི་དཔེ་ཆ་སྣ་ཚོགས་ལ་ཡང་ནས་ཡང་དུ་དཔེ་ཀློག་མང་པོ་བྱེད་པའང་དག་ཡིག་ལ་བྱང་བ་དང་། ཡང་ན་མཁས་པར་འགྱུར་བའི་ཐབས་ལམ་དམ་པ་ཞིག་ཡིན་པར་གསུངས་པ་ནི་དཔལ་ལྡན་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་རྒྱུན་དྲི་མ་མེད་པ་ལས་གསུངས་པའི་ཚུལ་ནི་ལན་གཅིག་མ་ཡིན་པར་ཐོས་སོ། །
གཉིས། བློ་འཛིན་དགོས་པ། བོད་ཀྱི་སུམ་རྟགས་དག་གསུམ་གཙོ་བོར་གྱུར་པའི་བརྡ་སྤྲོད་རིག་པའི་གཞུང་གི་རྩ་བ་དག་དང་འགྲེལ་པ། འགྲེལ་བཤད། ཁྱད་པར་དུ་དུས་རབས་རིམ་བྱུང་གི་བོད་ཀྱི་ལོ་པཎ་དང་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་སྤྱི་དང་། བྱེ་བྲག་ཏུ་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་རིག་པའི་རྩ་བའི་གཞུང་ལུགས་སུ་གྱུར་པའི་སུམ་རྟགས་དག་གསུམ་གྱི་རྩ་བ་དང་། སྔོན་མིང་རྗེས་གསུམ་སོགས་ཀྱི་སྦྱར་ཚུལ་དང་། ཚིག་ཕྲད་ཀྱི་ཐོབ་ཐང་། མིང་ཚིག་ཡི་གེ་གསུམ་གྱི་སྦྱོར་ཚུལ་རྣམས་བློ་ལ་སྒྲ་དོན་ཇི་བཞིན་ཡང་དག་པར་འཛིན་པ་ནི་ཡི་གེའི་དག་ཆ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་གཙོ་བོ་ཞིག་ཡིན་པའི་ཚུལ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་ཁྲིད་སོགས་ཀྱི་སྐབས་སུ་ལན་གཅིག་མ་ཡིན་པར་གསུངས་པའི་ཚུལ་ནི་ཐོས་སོ། །
གསུམ། འབྲི་སྲོལ་དག་པ། བོད་ཀྱི་ཡི་གེ་འབྲི་བ་ལའང་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་པའི་གཞུང་གི་རྩ་བ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ། དག་ཡིག་ཅེས་པ་སོགས་ཀྱིས་མཚོན་པའི་སུམ་རྟགས་དག་གསུམ་གྱི་གཞུང་གི་ཡིག་སྲོལ་ལྟར་འབྲི་བ་དང་། དེ་ནས་སྔོན་བྱོན་བརྡ་དག་སྨྲ་བ་རྣམས་གཙོ་བོར་གྱུར་པའི་ལོ་པཎ་དང་མཁས་གྲུབ་དག་གིས་བརྩམས་པའི་བསྟན་བཅོས་སྤྱི་དང་བྱེ་བྲག་གི་མིང་ཚིག་ཡི་གེ་གསུམ་གྱིས་མཚོན་པའི་སྦྱོར་ཚུལ་གྱི་བརྡ་དག་གི་འགྲོས་རྣམས་ཐེངས་དུ་མར་ཡི་གེར་བྲིས་ན་ཡི་གེའི་དག་ཆ་ཕུན་སུམ་ཚོགས་པར་འགྱུར་རོ། །
མདོར་ན་ཡི་གེའི་དག་སྡེབ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ལ། བོད་ཀྱི་སྐད་ཡིག་གི་ཀློག་དག་པ་བཤད་པ་དང་། བློ་འཛིན་དགོས་པ་བཤད་པ། འབྲི་སྲོལ་དག་པ་བཤད་པ་སྟེ་གསུམ་གྱི་སྒོ་ནས་ཡི་གེའི་དག་སྡེབ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་མདོར་བསྡུས་ཙམ་བཤད་ཅིང་། ཡི་གེའི་དག་སྡེབ་ཕུན་སུམ་ཚོགས་པར་འགྱུར་བའི་རྩ་བ་ནི་འབྲི་ཀློག་འཛིན་གསུམ་ལ་ཐུག་པའི་ཕྱིར་ན། དཔྱི་ས་བློ་གྲོས་རྒྱ་མཚོས་བརྩམས་པའི་སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལས། སྒྲ་འགྲོས་ཕྱོགས་ཙམ་མཐུན་པའི་རྒྱུས། །འབྲི་ཀློག་དོན་གསུམ་བལ་བ་ཛའི། །ཟླ་བོར་འཛིངས་བྱས་རྩྭ་མཆོག་རྩེ། །ཇི་བཞིན་འབྱེད་ལ་ཡིད་རབ་དང་། །[40]ཞེས་གསུངས་པ་ནི། སྐད་དང་ཡི་གེའི་སྒྲ་གདངས་ཀྱི་འགྲོས་ཕྱོགས་ཙམ་མཐུན་པའི་རྒྱུ་མཚན་གྱིས་ཡི་གེའི་གཟུགས་འབྲི་བ་དང་། ངག་ནས་ཀློག་འདོན་བྱེད་པ། དོན་ཡིད་ལ་སེམས་ཤིང་འཛིན་པ་སྟེ། འབྲི་ཀློག་དོན་གསུམ་དངོས་སུ་བྱ་བའི་དུས་ནམ་ཡང་རྩྭ་མཆོག་ཀུ་ཤིའི་རྩེ་ལྟར་མ་འདྲེས་པར་འབྱེད་པ་ནི་ཡི་གེའི་དག་སྡེབ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུའམ། ཡང་ན་ཐབས་ལམ་དམ་པ་ཞིག་ཡིན་པར་སྣང་ངོ་། །
དྲུག་པ། ཡི་གེའི་དག་ཆས་བརྗོད་དོན་གསལ་བར་སྟོན་པ་བཤད་པ།
ཡི་གེའི་སྡེབ་དག་པ་དགོས་པའི་རྒྱུ་མཚན་ནི་བརྗོད་དོན་གསལ་བར་སྟོན་པས་ཡིན་ཏེ། ཨ་ལག་ཤ་བསྟན་དར་ལྷ་རམས་པས། ཡི་གེ་ལ་བརྟེན་ནས་མིང་བརྡའ་སྦྱོར་དགོས་ཤིང་། མིང་བརྡའ་སྦྱར་བའི་དགོས་པ་ཡང་བརྗོད་དོན་འཁྲུལ་མེད་དུ་གོ་བའི་ཆེད་ཡིན་པས།[41]ཞེས་རྒྱུ་མཚན་དཔེར་བརྗོད་དང་འབྲེལ་ནས་གསལ་བར་གསུངས་ཏེ། མིང་ཚིག་གསལ་བ་ནས་དོན་རྣམས་བརྗོད་པར་བྱེད་པ་ལ་ཡི་གེའི་སྔོན་མིང་རྗེས་གསུམ་གྱི་རྟགས་ཀྱི་དབྱེ་བའི་སྒྲ་དང་དོན་གྱི་འཇུག་ཚུལ་གྱིས་དངོས་པོ་བདག་གཞན་དང་། དུས་གསུམ་གྱི་འགྱུར་བ། བྱ་བྱེད་ལས་གསུམ་སོགས་ཀྱི་དོན་རྣམས་སྟོན་པར་བྱེད་པའི་ཕྱིར་ན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི་དུས་གསུམ་གྱི་རྣམ་གཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ་ཞེས་པའི་མཛད་བྱང་ལས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས། །རྩོམ་སྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག །[42]ཅེས་གསུངས་པས་ཤེས་དགོས་ཤིང་།
སུམ་རྟགས་དག་གསུམ་བར་གྱི་འབྲེལ་བར་དགོངས་ནས་རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ཀྱང་། ……སུམ་རྟགས་ཀྱི་གཞུང་འདི་བོད་ཀྱི་སྒྲ་རིག་པ་ཇི་སྙེད་པའི་རྩ་བ་ཡིན་པ་དང་། དག་ཡིག་རྣམས་ནི་དེ་གཉིས་ཀྱི་ཟུར་བཀོལ་ཡིན་པའི་ངེས་པའང་འདྲོང་བར་འགྱུར་རོ། །[43]ཞེས་གསུངས་པ་སོགས་ལས་ཤེས་པར་བྱ་ཞིང་། གལ་སྲིད་ཡི་གེའི་སྦྱོར་བ་འཁྲུལ་ན་དོན་ལ་འཁྲུལ་བ་འབྱུང་བའང་བཤད་མ་དགོས་ཏེ། ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །དོན་རྣམས་འཁྲུལ་བ་སྨོས་མི་དགོས། །[44]ཞེས་དག་ཡིག་ངག་སྒྲོན་དུ་གསུངས་པས་ཀྱང་། རྗོད་བྱེད་ཀྱི་ཡི་གེའི་སྦྱོར་བ་སོགས་འཁྲུལ་ཚེ། དེའི་བརྗོད་བྱའི་དོན་འཁྲུལ་བ་བཤད་མ་དགོས་ཤིང་། དེས་ན་བརྗོད་བྱའི་དོན་ལ་འཁྲུལ་བ་འབྱུང་མིན་གྱི་རྩ་བ་ནི་རྗོད་བྱེད་ཀྱི་ཡི་གེའི་སྦྱོར་བ་འཁྲུལ་མིན་ལ་རག་ལས་པར་བསྟན་པའི་ཕྱིར་ན། བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མི་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ལ་ཕན་པ་མངོན་སུམ་མོ། །ཞེས་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་གསུངས་པས་ཤེས་དགོས།
གལ་སྲིད་ཡི་གེའི་དག་ཆ་ཚུལ་བཞིན་སྦྱོར་བའི་ཚུལ་ལ་ལེགས་པར་མཁས་ན་དོན་གྱི་འཁྲུལ་བ་འབྱུང་བའི་གནས་མེད་པའི་ཚུལ་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་དག་ཡིག་ཚིག་གསལ་སྒྲོན་མེ་ཞེས་པའི་མཛད་བྱང་ལས། གཞུང་ལུགས་སྨྲ་བ་རྣམས་ཀྱི་མིག་གཅིག་པོ། །མིང་ཚིག་ཀུན་གྱི་གཞིར་གྱུར་ཡི་གེ་སྟེ། །སྦྱོར་ཚུལ་ལེགས་ཤེས་དོན་ལ་མི་རྨོངས་ཤིང་། །གཞན་དུ་ཚིག་འཁྲུལ་དོན་ཀྱང་ག་ལ་ཞིག །[45]ཅེས་གསུངས་པའི་ཕྱིར་རོ། །
མཇུག་གཏམ།
དུས་རྒྱུན་དུ་སློབ་ཁྲིད་བྱ་བ་དང་རྩོམ་འབྲི་བ། དཔེ་ཀློག་བྱ་བ་སོགས་དང་། ཁྱད་པར་དུ་སློབ་མའི་ལས་བྱ་བཅོས་པ་སོགས་ཀྱི་སྐབས་སུ་ཡི་གེ་ལ་དག་ཆ་ཡོད་མེད་ཀྱི་གནད་དོན་མང་པོ་ལ་ཐུག་གིན་འདུག ཡི་གེའི་དག་ཆ་ནོར་བ་ལ་ལ་ཞིག་ནི་རྩོམ་པ་པོ་དང་ཡང་ན་སློབ་མ་ལ་ལ་ནི་དག་ཡིག་ལ་སྦྱང་བ་ཉུང་བ་དང་། ལ་ལས་དག་ཡིག་ལ་ཅུང་ཙམ་སྦྱངས་ནའང་ཡི་གེ་འབྲི་བའི་ཚེ་ན་དག་ཡིག་ལ་བྱང་ཆ་མེད་པ་སོགས་ཀྱིས་ལན་པ་རེད་སྙམ། ཡང་ཡི་གེའི་དག་ཆ་ནོར་བ་ལ་ལ་ཞིག་ནི་རྩོམ་པ་པོ་དང་ཡང་ན་སློབ་མ་རྣམས་ཀྱིས་ཡི་གེའི་དག་ཆ་ཡོད་མེད་ལ་བསམ་བློ་མི་གཏོང་བར་ཡི་གེའི་དག་ཆ་སྣང་མེད་དུ་བྱས་པས་ལན་པ་རེད་སྙམ། ཡང་ཡི་གེའི་དག་ཆ་ནོར་བ་ལ་ལ་ཞིག་ནི་རྩོམ་པ་པོ་དང་སློབ་མས་ཡི་གེ་འབྲི་བའི་ཚེ་རང་རང་གི་ངག་ནས་སྒྲ་གདངས་ཀྱི་ཀློག་ཡང་དག་པ་མ་ཐོན་པའི་རྒྱུ་མཚན་གྱིས་ཡི་གེའི་དག་ཆ་ནོར་བ་སོགས་ཅི་རིགས་ཡོད་པར་སེམས། དེས་ན་འདི་ནས་བོད་ཡིག་གི་དག་ཆ་གལ་ཆེ་ཚུལ་ལས་འཕྲོས་ཏེ་ཡི་གེའི་དག་ཆ་ཤེས་པའི་དགེ་མཚན་དང་། ཡི་གེའི་དག་ཆ་མ་ཤེས་པའི་སྐྱོན། དེ་ནས་ཡི་གེའི་དག་ཆ་འབྱུང་བའི་ཐབས། ཡི་གེའི་ནོར་བ་སེལ་བའི་གཉེན་པོ། ཡི་གེིའི་དག་ཆ་ཕུན་སུམ་ཚོགས་པའི་རྒྱུ། ཡི་གེའི་དག་ཆས་བརྗོད་དོན་གསལ་བར་སྟོན་པ་སོགས་དོན་ཚན་དྲུག་གི་སྒོ་ནས་ཅུང་ཟད་དཔྱད་ཁུལ་བྱས་མོད། འདིའི་ནང་དུ་དཔྱད་པ་དོན་ལ་མ་སོང་བ་དང་། དོན་ལ་དཔྱད་པས་མ་ཟིན་པ་དང་། དཔྱད་དོན་ལུང་རིགས་དང་མི་མཐུན་པ་དང་ཡང་ན་རིང་དུ་གྱུར་པ། དཔྱད་འབྲས་ཁྱད་པར་དུ་མ་ཐོན་པ་སོགས་ཀྱི་དབང་གིས་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་གནས་སུ་གྱུར་དང་འགྱུར་བ་ཅི་རིགས་ཡོད་སྲིད་ཀྱང་རང་གི་མྱོང་ཚོར་རྣམས་ཡི་གེར་བཀོད་ཐུབ་ན་རྩོམ་པ་པོ་དང་སློབ་མ་རེ་ཟུང་ལ་ཕན་པར་འགྱུར་སྙམ་ནས་ཀུན་སློང་རྣམ་དག་གིས་དྲངས་ཏེ་བོད་ཡིག་གི་དག་ཆ་གལ་ཆེ་བར་འཛིན་པར་བྱ་བའི་རེ་སྐུལ་དང་བཅས་ཡང་ནས་ཡང་དུ་ཞུའོ། །
སྨྲས་པ།
བརྗོད་བྱའི་དོན་གང་ཡང་དག་སྟོན་མིན་ནི། །
རྗོད་བྱེད་ཚིག་སྦྱོར་དག་མིན་ལ་ལྟོས་པས། །
བརྡ་དག་མ་ནོར་ཚུལ་བཞིན་བྱེད་པ་ཡི། །
ཡི་གེའི་དག་ཆ་གཅེས་པར་འཛིན་པ་གལ། །
དེས་ན་སྐད་ཀྱི་སྦྱོར་ཀློག་དང་མཐུན་པའི། །
ཡི་གེའི་དག་སྡེབ་སྟོན་པའི་བསྟན་བཅོས་ལ། །
ལྟ་ཀློག་འཛིན་སྐྱོར་བྱ་བའི་ཐབས་མཁས་ཀྱིས། །
བརྡ་དག་རིག་པའི་གཞུང་ལ་བརྩོན་པར་འོས། །
འདིའི་ནང་དོན་མཐུན་ཡིན་མིན་ཇི་ལྟར་ཀྱང་། །
བློ་གསལ་རྣམས་ལ་ཕན་པར་རེ་བ་ཡི། །
ཀུན་སློང་དག་པས་བྲིས་པ་ཡིན་ཕྱིར་ན། །
ལེགས་ཉེས་འབྱེད་ཅིང་བླང་དོར་ཡོད་པར་ཞུ། །
ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་ཙམ་འཛིན་པ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བར་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་དགུའམ། སྤྱི་ལོ་༢༠༡༥ལོའི་ཟླ་༡༠པའི་ཚེས་༡ཉིན་དུ་ཀྲུང་གོའི་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམས་ཀྱི་ཁྱིམ་རའི་ཀུན་དགའ་ར་བའི་ཟུར་གཅིག་ཏུ་ཆགས་པའི་རང་ཤག་རིག་པའི་ཁུ་བྱུག་རྩེན་པའི་རྟེན་འབྱུང་ཉི་མའི་འོད་ཁང་ནས་རང་ཅག་ཁ་བ་ཅན་གྱི་བློ་གསལ་གྱི་སློབ་མ་རྣམས་ལ་ཅུང་ཟད་ཕན་པར་རེ་བའི་ཀུན་སློང་རྣམ་དག་གིས་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག་གོ། ། བཀྲ་ཤིས་བདེ་ལེགས་ཞུའོ། །
༼བོད་ལྗོངས་ཞིབ་འཇུག སྤྱི་ལོ་༢༠༡༦ལོའི་ཟླ་༢ དེབ་དང་པོ། ཤོག་ངོས་༥༦ནས་༦༧བར་བཞུགས་སོ། །༽
[①] 2014年中央民族大学“专业综合改革试点”(藏语言文学)项目
[②] ཁུ་བྱུག་ནི་སྤྱི་ལོ་༡༩༦༦ལོར་མདོ་སྨད་རྔ་བའི་ཡུལ་དུ་སྐྱེས། ད་ལྟར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དང་ཞིབ་འཇུག་སློབ་མའི་སློབ་སྟོན་དགེ་རྒན། རྩོམ་རིག་སློབ་དོན་ཁང་གི་འགན་འཛིན་སོགས་ཀྱི་ལས་དོན་མཛད་ཀྱིན་ཡོད། དེང་རབས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། གནའ་རྩོམ་ལེགས་བཏུས། བོད་ཀྱི་སྒྲུབ་བརྒྱུད་འཛིན་པ་རྣམས་ཀྱི་ལྟ་གྲུབ་སོགས་ཀྱི་སྐོར་ལ་སློབ་ཁྲིད་དང་ཞིབ་འཇུག་བྱ་བཞིན་ཡོད་དོ། །
[③] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཅིག་པ་སུམ་རྟགས་སྐོར། ཤོག་ངོས་༧༡ སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༡༢པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་པོ་དཔར།
[④] བསྟན་འགྱུར། སྣ་ཚོགས། ཅོ་པ་ལ། ཤོག་ངོས་༡༦༠ སྡེ་དགེའི་ཤིང་པར།
[⑤] སློབ་དཔོན་ཨ་ནུ་སོགས། སུམ་རྟགས་སྙན་གསུམ་གྱི་རྩ་བ། ཤོག་ངོས་༡༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་དང་པོ་ཐེངས་བཞི་པར་དཔར།
[⑥] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་ཉེར་གཉིས་པ་དག་ཡིག་སྐོར། ཤོག་ངོས་༡ སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༡༢པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་པོ་དཔར།
[⑦] ངག་དབང་བསྟན་དར་གྱིས་བརྩམས། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ། ཤོག་ངོས་༣༣ མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ལོའི་ཟླ་༩པར་པར་གཞི་དང་པོ་བསྒྲིགས། ༡༩༩༩ལོའི་ཟླ་༣པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་གི་ཚིགས་བཅད་འདི་གཞུང་གང་དུ་གསུངས་པའི་ཚུལ་ནི་ངོས་འཛིན་མ་ཐུབ་པོ། །
[⑧] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་བརྒྱད་པ། ཤོག་ངོས་༥༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པར་པར་གཞི་དང་པོ་བསྒྲིགས། ༢༠༠༧ལོའི་ཟླ་༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[⑨] དཔའ་རིས་སངས་རྒྱས་ཀྱིས་བརྩམས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། ཤོག་ངོས་༧༠༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑩] རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། ། ཤོག་ངོས་༤༥༠ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[11] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཅིག་པ་སུམ་རྟགས་སྐོར། ཤོག་ངོས་༧༡ སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༡༢པར་པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་པོ་དཔར།
[12] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་གཉིས་པ་སུམ་རྟགས་སྐོར། ཤོག་ངོས་༡༠༠ སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༡༢པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་པོ་དཔར།
[13] དཔལ་ཁང་ལོ་ཙཱ་བས་རྩ་བ་མཛད། བསྟན་འཛིན་རྒྱལ་མཚན་གྱིས་འགྲེལ་པ་མཛད། ཀུན་བཟང་རྣམ་རྒྱལ་གྱིས་ཡང་འགྲེལ་བརྩམས། ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། ཤོག་ངོས་༣༩ མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི་ཟླ་༡༠པར་པར་གཞི་དང་པོ་བསྒྲིགས། ༢༠༠༤ལོའི་ཟླ་༨པར་པེ་ཅིན་དུ་པར་ཐེངས་༥བརྒྱབ།
[14] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། མེས་པོའི་ཤུལ་བཞག ༡༨ ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ་བཞུགས། ཤོག་ངོས་༡༣༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༧ལོའི་ཟླ་༤པར་པར་གཞི་བསྒྲིགས། སྤྱི་ལོ་༢༠༠༧ལོའི་ཟླ་༤པར་པར་ཐེངས་དང་པོ་བརྒྱབ།
[15] མུན་འཇོམས་ནོར་བུའི་ཕྲེང་བ། ཤོག་ངོས་༢༠༩ མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོའི་ཟླ་༡༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[16] དོར་ཞིའི་གསུང་རྩོམ་ཐོར་བུ། ཤོག་ངོས་༣༠༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[17] དོར་ཞིའི་གསུང་རྩོམ་ཐོར་བུ། ཤོག་ངོས་༣༠༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[18] དོར་ཞིའི་གསུང་རྩོམ་ཐོར་བུ། ཤོག་ངོས་༣༠༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[19] དོར་ཞིའི་གསུང་རྩོམ་ཐོར་བུ། ཤོག་ངོས་༣༠༢ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༡པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[20] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གིས་བསྒྲིགས། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༣༠ བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་གཞུང་གཅེས་བཏུས། ཤོག་ངོས་༡༧༨ སྤྱི་ལོ་༢༠༡༢ལོའི་ལྡི་ལི་གློག་པར།
[21] སི་ཁྲོན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། ། ཤོག་ངོས་༦ སི་ཁྲོན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་སྤྱི་ལོ་༡༩༨༡ལོའི་ཟླ་༦པར་འབར་ཁམས་སུ་དཔར།
[22] ཚངས་པོས་བསྒྲིགས། གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས། སྒྲ་རིག་སྐོར། ཤོག་ངོས་༣ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[23] ཚངས་པོས་བསྒྲིགས། གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས། སྒྲ་རིག་སྐོར། ཤོག་ངོས་༢༡ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[24] དཔའ་རིས་སངས་རྒྱས་ཀྱིས་བརྩམས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། ཤོག་ངོས་༩༧ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[25] དཔའ་རིས་སངས་རྒྱས་ཀྱིས་བརྩམས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། ཤོག་ངོས་༩༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[26] ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། བརྩེ་ཆེན་འོད་སྣང་། ༡༨ བརྡ་སྤྲོད་སྐོར་གྱི་དཔེ་རྙིང་གཅེས་བསྡུས་དེབ་དང་པོ་བཞུགས་སོ། ། ཤོག་ངོས་༢༣ བཀྲ་ཤིས་ཆོས་འཕེལ་རིག་གནས་ལས་བྱ་ཁང་ནས་པར་དུ་སྐྲུན།
[27] དཔའ་རིས་སངས་རྒྱས་ཀྱིས་བརྩམས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། ཤོག་ངོས་༩༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[28] ཚངས་པོས་བསྒྲིགས། གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས། སྒྲ་རིག་སྐོར། ཤོག་ངོས་༡༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[29] དཔའ་རིས་སངས་རྒྱས་ཀྱིས་བརྩམས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། ཤོག་ངོས་༡༠༠ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༡༢པར་པར་གཞི་དང་བོ་བསྒྲིགས། ༡༩༩༩ལོའི་ཟླ་༡༢པར་དཔར་ཐེངས་དང་བོ་དཔར།
[30] དཔང་ལོ་བློ་གྲོས་བརྟན་པ་སོགས་ཀྱིས་བརྩམས། དག་ཡིག་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཚོམ་བུ། ཤོག་ངོས་༥ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༨པར་པར་གཞི་དང་པོ་བསྒྲིགས། ༡༩༩༨ལོའི་ཟླ་༨པར་པར་ཐེངས་དང་པོ་དཔར།
[31] མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་གཉིས་པ། སུམ་རྟགས་དང་དག་ཡིག ཤོག་ངོས་༡༥༦ མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ་༡༢པར་ཐེངས་གཉིས་པ་དཔར།
[32] ཁོ་ཚེའི་ཚུལ་ཁྲིམས་ཀྱིས་བསྒྲིགས། གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་བཞུགས་སོ། ། ཤོག་ངོས་༦༦༢ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༤པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[33] ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། བརྩེ་ཆེན་འོད་སྣང་། ༡༨ བརྡ་སྤྲོད་སྐོར་གྱི་དཔེ་རྙིང་གཅེས་བསྡུས་དེབ་དང་པོ་བཞུགས་སོ། ། ཤོག་ངོས་༢༣ བཀྲ་ཤིས་ཆོས་འཕེལ་རིག་གནས་ལས་བྱ་ཁང་ནས་པར་དུ་སྐྲུན།
[34] ཚངས་པོས་བསྒྲིགས། གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས། སྒྲ་རིག་སྐོར། ཤོག་ངོས་༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོ་དཔར།
[35] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། ། སྨད་ཆ། ཤོག་ངོས་༡༣༣ནས་༡༣༤བར་བཞུགས་སོ། ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༣པར་པར་གཞི་དང་པོ་བསྒྲིགས། ༢༠༡༡ལོའི་ཟླ་༣པར་དཔར་ཐེངས་དང་པོ་དཔར།
[36] ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཤོག་ངོས་༡༡༨ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ཟླ་༦པར་པར་གཞི་དང་པོ་ཐེངས་གསུམ་པར་དཔར།
[37] སི་ཏུའི་སུམ་རྟགས། ཤོག་ངོས་༡༡༨ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ཟླ་༦པར་པར་གཞི་དང་པོ་ཐེངས་གསུམ་པར་དཔར།
[38] སློབ་དཔོན་ཨ་ནུ་སོགས། སུམ་རྟགས་སྙན་གསུམ་གྱི་རྩ་བ། ཤོག་ངོས་༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༤པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[39] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། ཤེས་བྱ་ཀུན་ཁྱབ། ཤོག་ངོས་༤༠༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[40] རྗེ་དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་རྩོམ་བཞུགས་སོ། ། ཤོག་ངོས་༧༠༦ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ་༧པར་པར་ཐེངས་དང་པོ་དཔར།
[41] ངག་དབང་བསྟན་དར། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ། ཤོག་ངོས་༣༣ མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༣པར་ཐེངས་གསུམ་པར་དཔར།
[42] རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། ། ཤོག་ངོས་༤༥༦ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[43] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་བཞི་པ། ཤོག་ངོས་༡༧༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[44] དཔལ་ཁང་ལོ་ཙཱ་བས་རྩ་བ་མཛད། བསྟན་འཛིན་རྒྱལ་མཚན་གྱིས་འགྲེལ་པ་མཛད། ཀུན་བཟང་རྣམ་རྒྱལ་གྱིས་ཡང་འགྲེལ་བརྩམས། ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། ཤོག་ངོས་༣༩ མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི་ཟླ་༡༠པར་པར་གཞི་དང་པོ་བསྒྲིགས། ༢༠༠༤ལོའི་ཟླ་༨པར་པེ་ཅིན་དུ་པར་ཐེངས་ལྔ་པ་བརྒྱབ།
[45] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་ཉེར་གཅིག་པ་དག་ཡིག་སྐོར། ཤོག་ངོས་༡༤༠ སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༡༢པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་པོ་དཔར།
་་་་་་་་་ དེང་རབས་བོད་ཀྱི་ཡིག་སྐད་དུ་ཡི་གེའི་དག་ཆ་ཉམས་པ་དང་། ཚིག་གི་སྦྱོར་ཚུལ་ནོར་བ། ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བ་སོགས་སྐྱོན་མང་པོ་སྣང་བ་ནི། དེང་སང་གི་རྩོམ་རིགས་ནང་དུ་ཡི་གེ་ལ་དག་ཆ་མེད་པ་དང་། ཚིག་གི་སྦྱོར་སྟངས་བོད་སྐད་དང་མི་མཐུན་པ་དང་ཡུལ་སྐད་ཉག་ཉོག་བསྲེས་པ་མང་དུ་ཡོད་པས་ནང་དོན་ཅུང་ཟད་ལེགས་པའི་རིགས་ཀྱི་རིན་ཐང་ཡང་ཆེ་ཆེར་བཅག་འདུག་གོ། ་་་་་་་་་
ཀརྡོ་རབས་འབྱམས་པའི་གསུང་པ་ལ་མངོན་པར་བསྟོད་དོ་།
དེ་ཡང་ཇི་སྐད་དུ་།
རང་ཡུལ་རྒྱར་ནས་རང་སྐད་རླགས་།
མི་ཡུལ་འགྲིམས་ནས་གཞན་སྐད་ཤེས་།
ཉིན་རེའི་འཚོ་བའི་བྱ་བཞག་ནང་།
ཡུལ་ལུང་དེ་ཡིའི་སྐད་ཡིག་བརྒྱུད་།
ཁྱིམ་ཚང་འཚོ་བའི་མདུན་ལམ་བསྟན་།
རང་གི་སྐད་ཡིག་སྦྱངས་འདོད་ཀྱང་།
བཀོལ་སྤྱོ་བྱེད་སའི་འཁོར་ཡུག་དཀོན་།
གཞན་གྱི་་སྐད་ཡིག་མི་དགོས་ཀྱང་།
འཚོ་བའི་དོན་དུ་ལས་ཀྱིས་སྦྱིན་།
འབེལ་གཏམ།
གཞན་སྐད་ཤེས་ན་མཁས་པ་རེད། །
རང་སྐད་མ་ཤེས་ངོ་ཚ་རེད། །
ཆ་ཚང་བཀླགས་ཚར། བཀའ་དྲིན་ཆེ། དེབ་མང་པོ་དེ་འདྲ་ཞིག་བཀླགས་པ་ངོ་མཚར་བ་དང་ཡ་མཚན་པ་རེད།