བཅར་འདྲི་བྱེད་མཁན། ཉི་མ་འཚོ།
༡ ཐོག་མ་དེ་སོ་སོ་ངོ་སྤྲོད་ཅིག་གནང་རོགས་ཞུ་རྒྱུ་ཡིན།
ལན། ངེད་རང་དུས་རབས་སྔོན་མའི་ནང་རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་ནང་སྐྱེས་ཤིང་འཚར་ལོངས་བྱས་ པའི་གྲོང་གསེབ་པའི་མི་བུ་ཕལ་བ་ཞིག་ཡིན། སྐབས་དེ་དུས་ཀྱི་སློབ་གསོ་ལམ་ལུགས་དང་མཐུན་པའི་ཚད་ལྡན་གྱི་སློབ་གྲྭ་དེ་འདྲ་ གང་ཡང་འགྲིམས་མ་མྱོང་ནའང་རང་ཉིད་ཀྱི་དགའ་ཕྱོགས་ཞིག་གིས་ཆུང་དུས་ནས་བོད་ཡིག་ འདི་ལ་དགའ་སྣང་ཞིག་དང་མཉམ་དུ་སློབ་སྦྱོང་གི་འགོ་འཛུགས་བྱས་པ་ཡིན། ལོ་རབ་༩༠པའི་ལོ་མཇུག་དེར་ངེད་རང་ཨ་རིར་སླེབས་ཡིན། སྐབས་དེར་སྤྱི་བཏང་བྱས་ན་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་གི་ཁོར་ ཡུག་བཅས་ནས་ཁ་བྲལ་བའི་ཚོར་སྣང་གྲང་ཤུར་ཤུར་ཞིག་བྱུང་སོང་ཡང་། ངས་དགའ་སྡུག་གི་ཚོར་བ་ཡོངས་རྫོགས་བོད་ཡིག་འདིའི་སྟེང་དུ་བཅོལ་ནས་ཡོང་ཡིན། ད་ནི་བོད་ཡིག་འདི་སོ་སོའི་མི་ཚེའི་ཆ་ཤས་ཤིག་གམ་ཡང་ན་རང་ཉིད་ཀྱི་གཟུགས་ པོའི་ཡན་ལག་ལྟ་བུ་ཞིག་ཏུ་གྱུར་ནས་བོད་ཡིག་དང་ཁ་བྲལ་མི་ཐུབ་པའི་ལྷོད་མེད་ཀྱི་བརྩེ་དུང་ཞིག་སླེབས་སོང་།
༢ དྲི་བ། ཁྱེད་རང་དྲ་བའི་སྐོར་ལ་དོ་སྣང་སླེབས་སྟངས་དང་ད་བར་དུ་དྲ་རྒྱ་ག་ཚོད་ཅིག་བཟོས་ཡོད་མེད་ཐོག་ནས་སྐད་ཆ་ཞིག་བཤད་ན་
འགྲིག་གམ།
ལན། འགྲིག་གི་རེད། དུས་རབས་༢༡པའི་ལོ་རབས་བཅུ་ཚན་དང་པོ་དེ་ནི་འཛམ་གླིང་ཐོག་དྲ་བའི་རིག་གནས་འདི་ཚད་མཐོན་པོར་
སླེབས་པའི་ལོ་རབས་ཤིག་རེད། ང་ཚོ་བོད་མི་རིགས་འདི་ལ་མཚོན་ནའང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བརྡ་འཕྲིན་གྱི་ལམ་དུ་བསྐྱོད་བཞིན་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ཀྱང་རེད། ངེད་རང་ཕྱི་ལོ༢༠༠༤ལོ་ནས་བཟུང་སྐབས་གཉིས་ཀྱི་རིང་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་ མཐུན་ཚོགས་པའི་རྒྱུན་ལས་ནས་རིག་གཞུང་འགན་འཛིན་གྱི་ལས་ཁུར་ཞུས་པ་ཡིན། སྐབས་དེར་དྲ་རྒྱ་བཟོ་བཀོད་ཀྱི་ལས་རིགས་ལ་སློབ་སྦྱོང་ཡོད་མཁན་བོད་མི་ཁ་ཤས་ལ་བོད་ ཡིག་གི་དྲ་ཚིགས་ཤིག་བཟོ་དགོས་པའི་རེ་སྐུལ་ཡང་ཡང་ཞུས་ཡོད་ནའང་། དོན་འབྲས་གང་ཡང་བྱུང་མ་སོང་། དེ་ནས་ངའི་བསམ་བློའི་ནང་དྲ་རྒྱ་བཟོ་བཀོད་ཀྱི་ལས་ཀ་འདི་སོ་སོ་རང་ཉིད་ནས་སློབ་ སྦྱོང་བྱས་ན་མ་འོངས་པར་བོད་ཡིག་འདི་ཉིད་རྒྱལ་སྤྱིའི་ཆ་འཕྲིན་གྱི་གར་སྟེགས་སྟེང་འདྲ་མཉམ་གྱིས་བསྐྱོད་ཐུབ་པའི་ཚོར་སྣང་ཞིག་སྐྱེས་སོང་། དེ་ནས་ལས་ཞོར་གྱི་དུས་ཚོད་ཡོད་ཚད་དམ་འཛིན་བྱས་ནས་རང་སྦྱོང་བྱས་པ་ཡིན། ངས་དྲ་བའི་རིག་གནས་འདིར་སློབ་སྦྱོང་བྱས་ན་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཐུབ་པར་ང་རང་ལ་ཡིད་ཆེས་དང་གདེངས་སྤོབས་ཤིག་ཡོད། སྙིང་སྟོབས་དེ་ནི་ངས་བོད་ཡིག་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ནས་རྙེད་པའི་སྙིང་སྟོབས་ཤིག་རེད། རྒྱུ་མཚན་ནི་ངེད་རང་གཞི་རིམ་དང་མཐོ་འབྲིང་། སློབ་ཆེན་དེ་འདྲ་གང་ཡང་འགྲིམས་མ་མྱོང་པའི་མི་ཞིག་ཡིན་ནའང་བོད་ཡིག་གི་ཤེས་ ཚད་དེ་བཙན་བྱོལ་ནང་གི་སློབ་ཆེན་སློབ་མ་ཚོའི་བོད་ཡིག་གི་ཤེས་ཚད་དང་མཉམ་པ་ཞིག་ཡོད་བསམ་པའི་སྤོབས་པ་ཞིག་ཡོད། སྤོབས་པ་དེ་གཞི་རྩར་བཟུང་ནས་ངས་དྲ་བའི་རིག་གནས་སློབ་སྦྱོང་བྱས་པ་དང་གྲུབ་འབྲས་ཀྱང་ད་ལྟ་མིག་གི་མདུན་དུ་ཡོད་བཞིན་པ་འདི་དག་རེད། ངས་བཟོས་པའི་དྲ་རྒྱ་དེ་དག་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་blogspot ཟེར་ བ་དེར་དྲ་རྒྱ་བཟོ་བཀོད་ཀྱི་གཉེན་ཆས་གཞན་ཞིག་གིས་རམ་འདེགས་བྱས་ནས་བཟོ་བཀོད་བྱས་ཡོད། བཟོ་བཀོད་བྱེད་སྟངས་འདི་ད་ཕན་མི་གཞན་པ་སུས་ཀྱང་ལག་ལེན་དུ་བསྟར་མ་མྱོང་བ་ ཞིག་ཡིན་ནམ་གང་ལྟར་གཞན་གྱིས་བཟོས་ཟིན་པ་དེ་འདྲ་ཞིག་ད་བར་མཐོང་མ་སོང་། ད་བར་དྲ་ཚིག་བཅུ་གྲངས་ཤིག་བཟོས་ཟིན་པ་ཡིན། དྲ་འབྲེལ་ཕལ་ཆེ་བ་ཞིག་ཨ་ལགས་ཀླུ་སྨྱོན་ཚང་གི་དྲ་རྒྱ་དེར་བཞག་ཡོད།
༣ དྲི་བ། དྲ་རྒྱ་བཟོ་བཀོད་སྟེང་མ་འོངས་པར་འཆར་གཞི་ག་རེ་ཡོད་མེད་སྐོར་ཞིག་གསུང་རོགས།
ལན། མ་འོངས་པར་ངས་ལོ་རེར་དྲ་ཚིག་གྲངས་༢༠་རེ་བཟོས་ནས་འབྱུང་འགྱུར་ལོ་ལྔའི་རྗེས་ ནས་བོད་ཡིག་གི་དྲ་ཚིགས་༡༠༠ཐམ་པ་ཏག་ཏག་བཟོ་ཐུབ་རྒྱུའི་འཆར་གཞི་ཞིག་ཡོད། དམིགས་བསལ་གྱི་དཀའ་ངལ་དེ་འདྲ་མ་འཕྲད་ན་ལས་འཆར་དེ་དག་འགྲུབ་ཐུབ་པའི་ཡིད་ཆེས་ཡོད། དཀའ་ངལ་ཆེ་ཤོས་དེ་དུས་ཚོད་ཀྱི་དཀའ་ངལ་རེད། རིན་མེད་ཡིན་དུས་ལས་ཞོར་མ་གཏོགས་དུས་ཚོད་ཡོད་པ་མ་རེད། དྲ་རྒྱ་གཅིག་ཞིབ་ཚགས་པོས་བཟོ་བཀོད་བྱེད་པར་ཆུ་ཚད་༣༠ནས་༤༠བར་འགོར་འགྲོ་གི་འདུག
༤ དྲི་བ། ཁྱེད་ཀྱིས་བསམ་ན་བོད་ཀྱི་དྲ་བའི་རིག་གནས་འདི་ཚད་ག་འདྲ་ཞིག་ཏུ་སླེབས་ཡོད་པ་དང་ དེས་སྤྱི་ཚོགས་ལ་ཕན་ནུས་གང་འདྲ་ཞིག་ཐོན་གྱི་ཡོད་མེད་སྐོར་ནས་ཅུང་ཙམ་གསུང་རོགས།
ལན། དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་པའི་སྐབས་དེར་བོད་ཡིག་འདི་དྲ་བའི་རིགས་གནས་དང་རྒྱང་རིང་ཞིག་ཏུ་ལུས་ཡོད། དེ་ནས་ལོ་ངོ་༣༠རྗེས་སམ་ད་ལྟའི་དུས་སུ་བོད་ཡིག་འདི་དྲ་བའི་རིག་གནས་ནང་བོད་ཡིག་གི་གནས་བབ་དེ་ཧ་ཅང་ཚད་མཐོན་པོར་སླེབས་ཡོད། འཛམ་གླིང་འདིའི་སྟེང་ཡིག་རིགས་སྟོང་ཕྲག་མང་པོ་ཡོད་པའི་ནང་ནས་བོད་ཡིག་འདི་ བརྡ་འཕྲིན་བརྒྱུད་ལམ་ནས་མཉམ་བསྐྱོད་བྱེད་ཐུབ་པའི་ཡིག་རིགས་ཨང་༥༠པའི་གྲལ་དུ་སླེབས་ཟིན། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་དེ་འདྲ་བའི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ ཚད་མཐོན་པོར་སླེབས་པ་འདི་བསམ་ཡུལ་ལས་འདས་པ་ཞིག་རེད་འདོད། མ་ འོངས་པར་གང་འདྲ་ཞིག་ཡོང་ཐུབ་མིན་དེ་ང་ཚོའི་ཐུན་མོང་གི་འབད་བརྩོན་ལ་རག་ལས་ཡོད་སྟབས་། ངས་བསམ་ན་ད་ལྟ་དྲ་བའི་རིག་གནས་འདི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཟིན་འདུག མི་ཁག་གཅིག་དྲ་རྒྱའི་རྒྱུད་ལམ་འདི་མེད་ན་ཧ་ལམ་འཚོ་མི་ཐུབ་པ་ལྟ་བུའི་ཚད་དུ་སླེབས་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན་དྲ་བའི་རིག་གནས་འདི་མི་རིགས་ཤིག་གི་སྲོག་རྩ་དང་འབྲེལ་ནས་ཡོད། དཔེར་ན་ས་བྱི་ཞི་རྒོལ་ཆེན་མོའི་ལོ་དེར་འཛམ་གླིང་ཡོངས་ལ་ཁ་འཐོར་དུ་གནས་བཞིན་ པའི་བོད་རིགས་ཡོངས་རྫོགས་དུས་གཅིག་ཏུ་མཉམ་སྒྲིལ་གྱིས་སྐྱིད་སྡུག་མཉམ་མྱོང་ དང་གཅིག་སྒྲིལ་གྱི་ནུས་པ་སྔར་བྱུང་མ་མྱོང་བ་ཞིག་བྱུང་ཡོད་པ་འདི་དྲ་བའི་རིག་གནས་ཀྱི་ཕན་ནུས་རེད། སྔར་ལོར་ཡུལ་ཤུལ་ས་ཡོམ་སྐབས་སུའང་འཛམ་གླིང་ཡོངས་ལ་གནས་པའི་བོད་མི་ཡོངས་ ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་བརྩེ་སེམས་དེ་དུས་གཅིག་ལ་ཡུལ་ཤུལ་མི་མང་ཚོར་ ཕུལ་ནས་གཞི་བྱེས་གཉིས་ཀ་ཁང་ཁྱིམ་གཅིག་ཏུ་སྡོད་ཡོད་པའི་ཚོར་སྣང་ཞིག་སྤྲད་ཡོད་པ་འདིའང་དྲ་བའི་རིག་གནས་ཀྱི་ཕན་ནུས་རེད།
༥ དྲི་བ། སྐུ་ཉིད་ཡིན་ན། དུས་རྒྱུན་བོད་ཡིག་དྲ་རྒྱ་ཁག་ལ་ལྟ་ཀློག་བྱེད་མཁན་དང་། དེ་བཞིན་རྩོམ་པ་པོ་དང་རྩོམ་ཡིག་ལའང་དོ་སྣང་བྱེད་མཁན་ཞིག་ཡིན་དུས། བོད་ཀྱིས་རྩོམ་པ་པོ་ཚོས་དྲ་ཐོག་ལ་སྤེལ་བའི་རྩོམ་ཡིག་ཐོག་དམིགས་བསལ་ལྟ་ཚུལ་འདྲ་ཡོད་དམ། ཡང་ན་དེའི་སྐོར་ལ་བསམ་འཆར་འདྲ་ཡོིད་དམ།
ལན། འདིའི་སྐོར་ངས་མང་པོ་ཞིག་བཤད་ཤེས་ཀྱི་མི་འདུག་མོད། བོད་ ཕྱི་ནང་གཉིས་ནས་དྲ་ཐོག་གི་རྩོམ་པ་པོ་མི་ཉུང་བ་ཞིག་ནས་རྩོམ་པ་པོ་སོ་སོའི་ སྒེར་གྱི་སེམས་ཚོར་དེ་དག་ཕྱིར་མངོན་ཐབས་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་འདུག གཅིག་བྱས་ན་ངའི་ལྟ་སྟངས་དེ་ནོར་ཡོད་སྲིད། མི་རིགས་སྤྱི་ཡོངས་ལ་འགན་འཁུར་ཡོད་པའི་དྲ་རྩོམ་སྤེལ་མཁན་དེ་འདྲ་ཅུང་ཉུང་ཉུང་རེད། ང་ཚོས་དྲ་བའི་རྒྱུད་ལམ་འདི་ལ་བརྟེན་ནས་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ལེགས་པོ་ཞིག་བཞེངས་བསྐྲུན་བྱེད་དགོས། དེ་ནས་མི་སོ་སོའི་རང་ཉིད་ཀྱི་ཆེད་ལས་ལས་རིག་དེ་དང་འབྲེལ་བ་ཡོད་པའི་དེང་རབས་ གསར་བྱུང་གི་རིག་གནས་དེ་དག་ལ་བསམ་ཚུལ་བརྗེ་ལེན་བྱེད་ཐུབ་ན་ཤིན་ཏུ་ལེགས། དཔེར་ན། དེང་རབས་དཔལ་འབྱོར་འཕེར་འགྲིབ་ཀྱི་སྐོར་དང་། དངུལ་རྩིས་ཀྱི་སྐོར། བརྡ་འཕྲིན་དང་དྲ་རྒྱ་བཟོ་བཀོད་བྱེད་སྟངས་ཀྱི་སྐོར་སོགས་ཉིན་རེ་བཞིན་མིའི་ སྤྱི་ཚོགས་ནང་བཀོལ་སྤྱོད་བྱེད་བཞིན་པའི་ལས་རིགས་དེ་དག་དྲ་ཐོག་གི་བརྩམས་ཆོས་ སུ་བཞག་ནས་བགྲོ་གླེང་བྱེད་ཐུབ་ན་ད་བཟོད་གཞི་ནས་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་དེ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཐུབ་རྒྱུ་རེད་དྲན།
༦ ཁྱེད་ཀྱི་དྲ་ཚིག་གཅིག་བཟོ་བཀོད་བྱེད་པར་དཀའ་ངལ་ཆེ་ཤོས་དེ་གང་རེད།
ལན། དཀའ་ལས་ཁག་ཤོས་དེ་དྲ་ཚིག་དེིའི་མིང་དེ་དང་འབྲེལ་བ་ཡོད་པའི་དྲ་ངོས་མགོ་ཤོག་གི་པར་རིས་སྒྲིག་སྦྱོར་བྱེད་རྒྱུ་དེ་རེད། འདི་ལ་བསམ་བློ་མང་པོ་གཏོང་དགོས་ཀྱི་འདུག གློག་ཀླད་ནང་དྲ་རྒྱ་ཞིག་ཁ་ཕྱེ་ཡོང་དུས་ཐོག་མ་མིག་མདུན་དུ་མངོན་ཡོང་བ་ཞིག་ནི་དྲ་རྒྱ་ དེའི་མིང་དང་དྲ་ངོས་ཀྱི་མགོ་ཤོག་དེ་རེད། ད་ཕན་ངས་བཟོས་ཟིན་པའི་དྲ་ཚིག་དེ་དག་གི་ནང་ནས་དྲ་ཚིག་དེའི་མིང་དང་འབྲེལ་བ་ ཡོད་པའི་དྲ་ངོས་ཀྱི་མགོ་ཤོག་ཇུས་འགོད་ཡག་ཤོས་དེ་༼རྩོམ་རིག་གི་བླ་སྲོག་༽ དང་༼གངྒའི་ཆུ་རྒྱུན་༽གཉིས་བྱུང་སོང་སྙམ། དེ་ནས་མ་ཡུམ་དྲ་བའི་བཟོ་བཀོད་ཀྱང་སྤྱི་ཡོངས་ནས་ང་རང་གི་འདོད་པ་ཁེངས་པ་ཞིག་བྱུང་སོང་དྲན།
༧ ད་ཕན་ཁྱེད་རང་གི་བཟོས་ཟིན་པའི་དྲ་ཚིག་དེ་དག་གི་བཟོ་བཀོད་དེ་ཚོ་ཁྱེད་རང་སྒེར་གྱི་འདོད་པ་དང་མཐུན་པ་ཞིག་བཟོས་པ་ཡིན་ནམ། ཡང་ན་དྲ་བདག་ཁོ་རང་ཚོའི་འདོད་བློ་དང་བསྟུན་ནས་བཟོ་བཀོད་བྱས་པ་ཡིན།
ལན། འདི་ལ་ངས་རིགས་གཉིས་སུ་དབྱེ་ཡོད། དྲ་རྒྱ་དེ་ཚོགས་པ་ཞིག་གི་མིང་ཐོག་ནས་ཡིན་ན་དྲ་རྒྱ་དེའི་ནང་ང་རང་སྒེར་གྱི་ ལྟ་གྲུབ་བམ་དབང་ཤུགས་དེ་འདྲ་མ་སླེབས་པའི་འབད་བརྩོན་བྱེད་ཀྱི་ཡོད། བཟོ་བཀོད་དེ་དག་ཡང་ཚོགས་པ་སོ་སོའི་འདོད་བློ་དང་བསྟུན་གྱི་ཡོད། མི་སྒེར་བ་ཡིན་ན་ཚད་བཀག་ངེས་ཅན་ཞིག་བཞག་ཡོད། ལྷག་དོན་སྤྱི་སྒེར་སུ་ཡིན་རུང་བོད་གཞུང་དང་ཆོལ་ཁ་ཆོས་ལུགས་བཅས་ཀྱི་མཐུན་ལམ་ ལ་གནོད་གཞི་གྱུར་བའི་བརྩམས་ཆོས་དེ་འདྲ་འགོད་སྤེལ་བྱས་ན་དུས་ཐོག་བཀག་སྡོམ་བྱེད་ཀྱི་ཡོད།
༨ གཞན་ཁྱེད་ལ་བཤད་འདོད་པའི་སྐད་ཆ་འདྲ་ཡོད་ན།
ལན། ངས་གོ་སྐབས་འདི་བརྒྱུད་ནས་དྲ་ཐོག་གི་བཀུར་འོས་རྩོམ་པ་པོ་ཡོངས་ལ་རེ་སྐུལ་ཞིག་ཞུ་འདོད་བྱུང་། བོད་ཡིག་ཡར་རྒྱས་གཏོང་དགོས་ཟེར་བ་དེ་བོད་གཞུང་ངམ་ཡང་ན་ཤེས་རིག་དང་འབྲེལ་བ་ ཡོད་པའི་ལས་ཁུངས་བྱེ་བྲག་པ་ཞིག་གི་སྟེང་དུ་ཕར་གཡུགས་ནས་ང་ཚོས་ཟུར་ཞིག་ནས་ སྐད་ཅོར་འདྲ་མིན་བརྒྱབ་བསྡད་ན་ཕན་ཐོགས་གང་ཡང་མེད། ང་ཚོ་མི་བུ་རང་ཉིད་ནས་འགོ་འཛུགས་ཀྱིས་བོད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ ཡུག་ལེགས་པོ་ཞིག་བཟོ་ཐུབ་ན་ད་གཟོད་གཞི་ནས་བོད་ཡིག་འདི་ཡར་རྒྱས་ཀྱི་ལམ་དུ་ཕྱོགས་ཐུབ། ང་རང་ལ་དྲ་རྒྱ་བཟོ་བཀོད་ཀྱི་ཆེད་ལས་ལས་རིགས་འདི་ལ་སློབ་སྦྱོང་གི་གོ་སྐབས་ཉིན་གཅིག་ལའང་རག་མ་མྱོང་ནའང་ད་ བར་ལྐུགས་པ་ཨུ་ཚུགས་ཀྱི་ལམ་ནས་འདི་ལྟར་ཡོང་ཡོད་ལ་མ་འོངས་པའང་ང་འདི་ལྟར་ལམ་དུ་ཆས་ན་འདོད། འདི་ནི་མི་བུ་རང་ཉིད་ནས་འགོ་རྩོམ་དགོས་ཟེར་པའི་གཟུགས་བརྙན་དེ་ཡིན་ནོ། ཐུགས་རྗེ་ཆེ།
སྤྱི་ཚོགས་མེ་ལོང་སྤྱིའི་འདོན་ཐེངས་བརྒྱ་དང་བཅུ་དྲུག་སྟེང་བཀོད།
མི་བུ་འདི་འདྲ་དག་ལ་སྙིང་ནས་དགའ། བཀྲ་ཤིས་བདེ་ལེགས་ཞུ།
ཡག་པོ་འདུག
ཐུགས་ཆེ་རྗེ་ཆེ་གནང་།
བཅར་འདྲི་འདི་ཁ་སྔོན་སྤྱི་ཚོགས་མེ་ལོང་ཐོག་ནས་ཀླགས་པ་ཡིན། ངོ་མ་ཡག་པོ་འདུག
སྤྱི་ཚོགས་མེ་ལོང་འདོན་ཐེངས བཅུ་དྲུག་ཐོག་ན་ད་དུང་བཅར་འདྲི་གཉིས་གསུམ་ཞིག་འདུག དེ་ཚོ་ཡང་དངོས་གནས་ཡག་པོ་འདུག
དྲ་ངོས་སུ་བཀོད་ན་མི་མང་པོར་ཕན་ཐོག་དང་བགྲོ་གླེང་ཡང་བྱས་ན་ཡག་པོ་འདུག་སྙམ། ཉི་མ་འཚོ་ལ་བཀའ་དྲིན་ཆེ་ཞུ།
དྲ་རྒྱ་བཟོ་མཁན་ཁོང་ལའང་བཀའ་དྲིན་ཆེ་ཞུ།
བོད་དྲ་རྒྱ་བཟོ་འདོན་བྱེད་བཞིན་པར་བཀའ་དྲིན་ཆེ་ཞུ་དགོས་པ་འདྲ་ཞིག་རེད། ཡིན་ནའང་། དྲ་རྒྱའི་སྤུས་ཚད་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་བ་ཆགས་ཡོད། གྲངས་ཀ་དེ་གལ་ཆེན་པོ་མ་རེད། ད་ལྟ་བཟོས་ཟིན་པ་ཚོའི་ནང་ན། གསར་བཏོད་ཀྱི་རྣམ་པ་དང་ལྡན་པ་ཞིག་མི་འདུག གྲངས་ཀ་ལས་སྤུས་ཀ་ལ་དང་དོད་ཅིག་གནང་ཐུབ་ན་ཡག་ས་རེད། དེ་མིན་དྲ་རྒྱའི་རྣམ་པའམ་སྒྲོམ་གཞིའི་ནང་ལ་ཡི་གེ་ཁྲ་ཁྲ་ཟིང་ཟིང་ཞིག་བརྒྱངས་ཙམ་གྱིས་བོད་ཡིག་གི་ཞབས་འདེབས་རེད་བསམ་ནས་འདོད་པ་ཁེངས་མི་རུང་། བོད་ཡིག་གི་སྙན་ངག་དེབ་འདོན་པ་འདྲ་བོ་ཆགས་ན་ད་ལྟ་ཀློག་མཁན་ཉུང་བའི་སྒང་ལ། ཀློག་མཁན་གྱི་དཀའ་ངལ་ཆགས་ཡོང།
ཁྱོད་ཀྱི་དྲ་རྒྱ་མང་པོ་མ་བཟོ་རོགས། དྲ་རྒྱ་ཆ་ཚང་པར་སློག་རྒྱབ་པ་འདྲ་བོ་གཅིག་པ་གཅིག་ཀྱང་མ་བཟོ་རོགས།གལ་ཏེ་བཟོས་ན་ཁྱོད་རང་གི་འདྲ་པར་གཞན་གྱི་དྲ་རྒྱའི་ངོས་སུ་མ་འཇོག་རོགས། ཁྱོད་རང་གི་ངེས་པར་བཟོ་དགོས་ཚེ་གསར་གཏོད་ཀྱི་རྣམས་པ་ཅན་གྱི་དྲ་རྒྱ་གཅིག་བཟོ་ནས་བདག་གཉེར་གནང་རོགས། དེའི་ངོས་སུ་ཁྱོད་རང་གི་འདྲ་པར་བཞག་ཀྱང་རུང་།
བཀུར་འོས་ཕུལ་བྱུང་དྲྭ་རྒྱ་བཟོ་རྩལ་བ་ལགས།
ཁྱེད་ཀྱི་དངོས་མིང་ངས་ཧ་མ་གོ་ཡང་ཁྱེད་ནས་བཟོས་པའི་དྲྭ་རྒྱ་ཁ་ཤས་ཤིག་ཨ་ཁུ་ཀླུ་སྨྱོན་ཚང་གི་དྲྭ་ངོས་བརྒྱུད་ནས་མཐོང་བྱུང་བས་ཁྱེད་ཀྱི་དྲྭ་རྒྱའི་བཟོ་རྩལ་དང་བཀོད་དབྱིབས་མཛེས་ཆོས་སོགས་ཀྱིས་ང་ཡིད་འགུལ་ངོ་མ་ཐེབས་བྱུང་ལགས།
ངོས་ནས་བོད་དབྱིན་ཤན་སྦྱར་ཡོད་པའི་དྲྭ་རྒྱ་ཞིག་རེ་བ་བྱས་ནས་ལོ་ཤས་འགོར་ཀྱང་དྲྭ་རྒྱ་བཟོ་མཁན་ཡག་པོ་ཞིག་དང་མ་ཐུག་ནས་ད་བར་ལུས་སོང་། སྐུ་མཁྱེན་དགོངས་འགལ་མེད་པའི་ཐོག་ནས་ཁྱེད་ཀྱི་ཞལ་པར་ཨང་གྲངས་དང་། མྱུར་འཕྲིན་ཁ་བྱང་བཅས་ང་ལ་གནང་མཛད་རོག
ང་གཏན་དུ་བསྡད་ས་ཨ་རི་ཀི་ཧྥོ་ཡིན།
ཀརྨ་ཡེ་ཤེས་ནས་ཕུལ།།
མི་འདིའི་མིང་ལ་ཅི་ཟེར།ས་ཆ་ག་བ་ལ་སྐྱེས་པ་རེད།ད་ལྟ་ཨ་རིའི་ག་བ་ཡོད་རེད།འདྲི་བ་འདྲི་དགོས་ན་ཚང་དགོས་པ་མང་ནི་རེད་པ།
སྤྱི་ཚོགས་མེ་ལོང་གི་མིང་འདི་མ་གོ་བར་རྒྱུན་རིང་པོ་འགོར་སོང་། སྤྱི་ཚོགས་མེ་ལོང་འདི་ད་དུང་་ཤི་མེད་པ་འདྲ་འདུག ཚེ་རིང་རྒྱུ་བོ་དེ་ཀློག་ན་འདོད།
ངས་ཁོང་མཐོང་མྱོང་ཡོད་པའི་བཟོ་འདུག ཕལ་ཆེར་སྒ་སྐྱེ་དགུ་མདོ་ནས་རེད། ཡག་པོ་རེད་ཡ། གང་ལྟར་མི་སུ་ཡིན་མིན་གནད་འགག་དེ་ཙམ་མ་རེད། གཙོ་བོ་ནི་ཁོང་གིས་གང་བྱས་པ་དེ་ལ་བལྟ་དགོས། ཡག་པོ་བྱུང་འདུག མུ་མཐུད་ཡར་རྒྱས་གཏང་རོགས།
དེང་རིག་སྒྱུ་རྩལ་རིག་པ་ལ་བྱང་ཆུབ་པའི་དྲ་བཟོ་བ་བསོད་ནམས་འོད་ཟེར་ལ་ཡི་རང་དང་བསྔགས་བརྗོད་ཡོད། གང་ཡིན་ཟེར་ན་ད་སྔོན་ཡན་དུ་སྒེར་མའི་ཤེས་ཡོན་ཅན་ཚོས་གཉའ་བ་ནས་ཐོབ་དང་གོ་སའི་དཔུང་ཤུགས་ངན་པའི་གཞུང་དང་ཆོས་ལུགས་ཆོལ་ཁ་ཕྱོགས་ཞེན་ངན་པས་མངོན་གསལ་མེད་པར་བྱས་ཡོད།
༡
སྒེར་གྱི་དྲ་ཚིགས། དཔེར་ན་བོད་ནང་འཁོར་ལ་མཚོན་ན་དམ་པའི་ཆོས་ཕྱོགས་ནས་ཚངས་དབྱངས་དྲ་བ་དང་འཇིག་རྟེན་ཕྱོགས་ནས་སེང་རྡོར་དྲ་ཚིགས་ལྟ་བུ་དམངས་གཙོ་ཡང་དག་གི་དྲ་ཚིགས་སུ་མཐོང་།
༢
རྣམ་དཔྱོད་ཅན་གྱི་བསོད་ནམས་འོད་ཟེར་ནི་ཆོས་ལུགས་དང་ཆོལ་ཁ་ལ་ཕྱོགས་ཞེན་མེད་པར་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་གསུང་ནང་བཞིན་ཆིག་སྒྲིལ་བོད་མིའི་ཆོས་དཔལ་རིག་གསུམ་ལ་འཛིན་སྐྱོང་སྤེལ་བའི་གང་ཟག་ཁྱད་འཕགས་ཅན་ཞིག་རེད། ཉི་མ་འཚོ་ཡང་བོད་ཕྱི་ནང་གཉིས་ན་ཤེས་རིག་གསལ་བའི་སྣང་བྱེད་ཀྱི་ཉི་མ་ལྟ་བུ་བོད་རིགས་བུད་མེད་ཡོངས་ཀྱི་གསལ་བྱེད་ཀྱི་རྒྱན་ཆ་ཡར་དཔེ་ལྟ་ཆོག་སའི་ཕུལ་བྱུང་གི་སྙན་ངག་མཁན་ཞིག་རེད། ང་རང་ངོས་ལ་མཚོན་ན་ང་ཚོ་གངས་ཅན་པའི་བསོད་ནམས་ཀྱི་འོད་ཟེར་དང་ཞི་བདེའི་ཉི་མ་འཚོ་བའི་རྟེན་འབྲེལ་ཞིག་ཏུ་ངོས་འཛིན་བྱས་ཡོད། །
༣
གལ་ཏེ་དྲ་བ་མ་བཟོ་ཞེས་འབོད་སྐུལ་བྱེད་འདོད་པ་ཡིན་ན། ཕྱོགས་ཞེན་ཅན་གྱི་དྲ་ཚིགས་བོན་པོའི་དྲ་བ་ཞེས་པ་དང་། རྙིང་མའི་དྲ་ཚིགས་ཞེས་པ་དང་། དེ་བཞིན་ས་དགེ་བཀའ་ལུགས་ཀྱི་གྲུབ་མཐའ་ཕྱོགས་རེ་བས་ཨུ་ཚུགས་རྐྱང་བའི་དྲ་ནག་དེ་ཚོགས་ནི་བསླུ་བྱེད་ཀྱི་མུན་ནག་དང་ཕྱོགས་ཞེན་གྱི་དམ་སྲི་དེ་ཚོ་མ་བཟོ་ན་ལེགས། གལ་ཏེ་བཟོ་ན་རིས་མེད་གྲུབ་མཐའི་དྲ་བ། གཞི་བྱེས་འཛོམས་པའི་འདུ་ར། ། ཕུ་ནུའི་འདུ་ར་སྟག་ཐང་ཁྲ་མོ་ཞེས་བོད་གཞི་བྱེས་ཚང་མ་མཉམ་འཛོམ་མཉམ་འདུས་ཀྱི་དྲ་ཚིགས། ཚོགས་མི་ཡང་། མིང་དང་ས་གནས། ཆོས་དང་ཆོལ་ཁ་ཕྱོགས་འཐེན་མེད་པར་མངོན་གསལ་ཐོག་ནས་གཟུར་གནས་བློ་གྲོས་ལྡན་པས་བགྲོ་གླེང་རེ་གནང་ས་ཡོད་ན་གངས་ལྗོངས་བསྟན་སྲིད་སྤྱི་ལ་ཕན་པར་ངེས་སོ། །
༤
སྙིང་ནས་འབོད་སྐུལ་ཞིག་ལ་སྒྱུ་རྩལ་དྲ་བཟོ་བ་དག་གིས་རྒྱུ་ནོར་དཔུང་གི་ངོ་སོ་ལ་མི་ལྟ་བར་ཉམ་ཆུང་ཤེས་ཅན་ཅན་ཚོ་ལ་རང་དབང་རང་བཙན་དག་མའི་དབང་ཆ་རེ་འཛམ་གླིང་སྤྱི་རྒྱའི་དྲ་སྟེང་ན་གནང་བར་མཁྱེན་ནོ། །
༥
ཁྱད་པར་དྲ་བཟོ་བ་བསོད་ནམས་འོད་ཟེར་གྱི་གཙོས་དེང་རིག་སྒྱུ་རྩལ་འདྲེན་པའི་ཤིང་རྟ་ཆེན་པོ་ཚོས་གངས་རིའི་ལྗོངས་བསྟན་སྲིད་སྤྱི་ལ་ཕན་བདེའི་འོད་སྟོང་འབྱིན་པའི་རོགས་དན་དུ་སྙིང་ནས་སྨོན་བཅས་ཤྲྰི་སྨྱོན་པས་གུས་ཕུལ། །
http://amahonet.blogspot.com/2011/05/blog-post_14.html
བོད་ཡིག་དོ་སྣང་འདི་ཙམ་བྱས་པ་སྙིང་ནས་ཐུགས་རྗེ་ཆེ།
http://amahonet.blogspot.com/2011/05/blog-post_14.html
གོང་གི་དྲ་གནས་དེར་གཟིགས་དང།་་་་ཟུར་གྱི་ཁ་བྱང་དུ་་་་་་བོད་ཡིག་གི་དྲ་རྒྱ་་་་་ཞེས་པར་
གོང་ས་མཆོག་ཅེས་པར་་་་་་གོང་ས་མཅོག་ཅེས་བྲིས་འདུག
དེ་ཚོར་གཟབ་དགོས།
ལ་སྟོད་བུ་ཞེས་པ་བདག་གི་ཕྱོགས་སུ་ལུས་དང་གྲིབ་མ་བཞིན་དུ་ཁ་བརྡ་དྲ་བར་སྡོང་གྲོགས་མཛད་པ་ལ་ཡི་རང་ཡོད། ཡིན་ན་ཡང་ལ་སྟོད་བུ་ཡིན་ནམ་བུ་མོ་རུ་བཅོས་དགོས་པར་ཐེ་ཚོམ་ཡོད། ། ངོ་གདོང་མི་སྟོན་པ་ཚོ་ལ་ཡོངས་གྲགས་སུ་བོད་རང་གིས་བཤད་སྲོལ་ལ་་་་་་་་་
ཡིད་མཐུན་གྱི་དྲྭ་གྲོགས་རྣམ་པ་ལགས།
དྲྭ་རྒྱ་བཟོ་རྩལ་བ་བསོད་ནམས་འོད་ཟེར་ལགས་ཀྱི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་ཡོད་ན་སྐུ་མཁྱེན་འདིར་དྲྭ་ངོས་སུ་འགོད་གནང་མཛད་རོག ངས་ཀྱང་དྲྭ་རྒྱའི་སྐོར་ཁོང་ལ་འབྲེལ་བ་བྱེད་དགོས་ཡོད། ཐུགས་རྗེ་ཆེ།
དཔལ་དགྱེས་ལགས་ང་བུ་དང་བུ་མོ་གང་ཡིན་རུང་ཁྱད་པར་མེད།
དེང་སང་བུ་ལས་བུ་མོ་འཇོན་སྟངས་ཆེ་བ་ཅན་མང་པོ་ཡོད།
མ་གཞི་ནས་ཁྱེད་རང་ལ་དཔལ་ལྡན་ལྷ་མོ་དགྱེས་པའི་རྡོར་རྗེ་ཞིག་ཡོད་པའི་ཡིད་ཆེས་མི་འདུག
ཁྱེད་རང་གི་རྡོ་རྗེ་དགྱེས་ཕྱིར་ཐམས་ཅད་བུ་མོར་བསྒོམ་ན་དཀའ་སེ་ཡིན་རྒྱུ་རེད་དྲན།
སྐུ་རྩེད་ཞུས་ཡིན་དཱ།
མི་བུ་སྒལ་ཚིགས་ཅན་ཞིག་རེད། ངོ་མ་བཟང་གི། ཐུགས་རྗེ་ཆེ།
སྐུ་ཉིད་ཀྱིས་པོད་ཁུག་ཟེར་་ལས་དྲ་ཚིགས་རིན་མེད་མ་ལབ་ན་འོས་ཤིང་འཚམས་པར་མཐོང་ངོ།
ཡང་སྐྱར་འབོད་བསྐུལ་ཞིག་ལ། འདིར་བཞུགས་དྲ་གྲོགས་རྣམ་པ་ལགས། ཁྱེད་རྣམ་པར་གོང་གི་དྲ་ཚིགས་བཟོ་མཁན་སྐུ་ཞབས་བསོད་ནམས་འོད་ཟེར་ལགས་ཀྱི་ཁ་པར་ཨང་གྲངས་སམ་ཨེ་མེལ་མྱུར་འཕྲིན་ཁ་བྱང་བཅས་ཡོད་ན་དྲ་ངོས་འདིར་འགོད་གནང་རོག གང་ཡིན་ཟེར་ན་ངས་དྲ་རྒྱ་ཞིག་བཟོ་དགོས་ཡོད་ཁོང་གི་དྲ་རྒྱའི་མཛེས་ཆོས་དེ་ལ་ང་ཧ་ཅང་ནས་ཀྱང་དགའ་བོ་ཡོད། ཐུགས་རྗེ་ཆེ།
དྲ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར་ལགས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ཀྱིས་བོད་ཡིག་གི་ཚེ་སྲོག་ལ་འདི་ལྟར་འོད་སྣང་སྦྱིན་པ་ནི་བཀུར་འོས་དང་བསྔགས་འོས་སུ་གྱུར་འདུག